མིང་ནི་བཙལ་ཀྱང་མི་རྙེད་པའི་སྙན་ངག

                                               ཐོར་བུ། (དཀར་མཛེས།)

སྤྱོད་ཁང་རྫོབ་པོ་ལྟ་བུའི་མུན་ནག་གི་གསེབ་ནས
འདྲེ་ཞིག་གི་ལག་པ་ལོས་ཡིན་སྙམ་པའི་གླུ་གཞས་དེའི
ལག་པ་ག་ལེར་འགུལ་དུས
ཕུ་ཆུའི་ངོགས་སུ་རྒྱུ་བའི་ཡུ་མོ་འདྲ་བའི་སེམས་སུ
ཟ་འཕྲུག་སློང་བ་ལྟ་བུའི་སྡོད་མི་བདེ་བ་ཞིག་བྱུང་འོང

མི་ཚོགས་ནི་ལོ་མ་བཞིན་སོ་སོར་འཐོར་དུས
ང་ཡང་དེ་དག་ལས་ལོ་མ་སེར་བོ་ཞིག་ལྟར
ག་ལེར་ཚོན་མ་བགོས་པ་ལྟ་བུའི་ས་གཞིའི་སྟེང་དུ་ལྷུངས

ཡོད་ཀྱང་ཆོད་ལ་མེད་མེད་ཀྱང་མི་འགྲིག་པ་མེད་པའི་བྱ་བ་དག
ཆུ་ཁོལ་ཕོར་གང་བཏུང་བ་བཞིན་ཚར་དུས
ཉལ་ཐ་དང་འདྲ་བའི་སྙན་ངག་ཚན་པ་འགའ་བཀླགས
དེའི་རྗེས་སུ
ད་ནི་ཅི་བྱ་སྙམ་པའི་སེམས་ཁམས་དེས
སུ་ཞིག་གིས་བསྐྱུར་སོང་བ་འདྲ་བའི་གླུ་དེ་ལ་ཡང་ཡང་ཉན་དགོས་བྱུང་།

༢༠༢༡/༡༠/༣༡

མིང་མི་རྙེད་པའི་སྙན་ངག

དུས་ཚོད་བཞུར་གྱིན་འདུག
ཚེ་སྲོག་འཛད་ཀྱིན་འདུག
ལང་ཚོ་འང་རྙིད་ཀྱིན་འདུག

གཏིང་འདྲི་བྱེད་མི་ཕོད་པའི་དྲི་བ་དེས
ང་རང་སྨེང་དུས ཕྱི་རོལ་ཏུ་ཁངས་འབབ་ཀྱིན་འདུག
ཐ་སྙད་ཀྱི་འཁྲུགས་རྩོད་དེས
སྒྲུང་འབྲིང་ཞིག་གྲུབ་འདུག
སྒྲུང་འབྲིང་དེའི་ནང་དུ་རྡོ་རྗེ་ཟེར་བའི
ལས་བྱེད་མི་སྣ་ཞིག་ཁངས་ནང་དུ་ཤི་འདུག
དེ་དག་རེ་རེ་ནས་སེམས་ངོས་སུ་བཞུར་དུས
ང་རང་གཉིད་ཐབས་མ་བྱུང་སྟེ
ཕྱི་རོལ་གྱི་ཁངས་ནང་དུ
མི་ཞིག་འཁྱགས་ཤི་བརྒྱབ་ཡོད་དམ་བསམ་འོང

དུས་ཚོད་བཞུར་གྱིན་འདུག
ཚེ་སྲོག་འཛད་ཀྱིན་འདུག
ལང་ཚོ་འང་རྙིད་ཀྱིན་འདུག
ཁྱོད་རང་རྒས་བཞིན་པར་བསམ་ན
ང་རང་སྡོད་ཐབས་མ་བྱུང་སྟེ
དུར་བྱ་དེའི ཁྱོད་རང་ཟ་བྱེད་ཀྱི
མཆི་དེ་དམར་ཧྲེང་ངེར་བྲག་སྟེང་དུ་ཡོད་སྙམ་དུས
ང་རང་འདར་དགོས་བྱུང་སོང་།

༢༠༢༡/༡༠/༣༠

མིང་མེད་སྙན་ངག

ཟུར་དུ་ལུས་པའི་ཐ་སྙད་དེས
ཁྱོད་རང་མཚོན་ཐབས་མི་འདུག

མུན་ནག་གི་བྲང་ཁ་ནས་སྐར་མ་ནད་པ་འགས
ཧ་ཅང་འཁྱག་པའི་མིག་ཟུང་གིས་ང་ལ་ལྟ་རུང
ངས དེ་དག་ལ་ཁ་བརྡ་བྱེད་མ་ནུས

སྒྲུང་ཐུང་དེའི་ནང་གི་རྨི་ལམ་དང་འདྲ་བའི
རྣམ་བཞག་དེས
ངའི་གཏིང་གི་མི་རོ་དེ་ཕྱིེ་རུ་འདྲུད་ཐབས་བྱས་རུང
ཁྱོད་རང་མེད་པས དེ་གཏན་ནད་མི་སྲིད་པ་འདྲ

“ད་ནི་རྨི་ལམ་ལས་ཐུག” ཅེས་བརྗོད་རྗེས
ངའི་སེམས་ཀྱང་རྟབ་རྟབ་པོར་བདེ་བར་གྱུར་སོང་།

༢༠༢༡/༡༠/༣༠

སྒོ་ཁ་རུ།

སྒོ་ཁ་རུ
མི་རྟ་གཉིས་འདུག
མི་དེ་ཐང་ཆད་འདུག
རྟ་དེས་ངལ་དུབ་ཁུར་འདུག
ཡང་ཡང་བལྟས་རྗེས
མི་དེ་མགར་སྟོང་བཙན་དང་འདྲ་བོ་འདུག
རྟ་དེ་དམག་རྟ་ཞིག་དང་འདྲ་བོ་འདུག
མི རྟ
ཁྱོད་གཉིས་བོད་ནས་ཡིན་ནས

མི་རྟ་གཉིས་བོར་ཏེ
ལོ་མང་པོའི་རྗེས་སུ
སྒོ་ཁ་རུ
མི་རྟ་གཉིས་ཐོན་པ་བདེན་ནམ་སྙམ་དུས
ངས དཔེ་ཆ་ཞིག་ཀློག་གྱིན་འདུག
དེའི་ནང་དུ་མགར་སྟོང་བཙན་ཡོད་འདུག

2021/9/19

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*