དབྱངས་ཀྱི་ཟིལ་བ།

                                      གངས་ཆབ་སྔོན་མོ། (རྨ་ལྷོ)

དུས་དང་གཞིས་ཀའི་བར་ལ། །
དབྱངས་ཀྱི་ཟམ་ཞིག་འཕངས་ཡོད། །
རྒྱལ་བ་ཚངས་དབྱངས་རྒྱ་མཚོ། །
ཟམ་སྣེ་བརྒྱུད་ནས་ཕེབས་ན། །

སྒེའུ་ཁུང་ལྷོ་རུ་བསྐོར་ཡོད། །
མིག་མཐའ་ཟིལ་བས་བརླན་ཡོད། །
ཇ་ཕོར་ནང་གི་རླངས་པར། །
ཡིག་འབྲུའི་གཤོག་པ་ཐོགས་ཤོག །

བྱ་བརྒྱས་གཤོག་རུ་བརྐྱངས་དུས། །
ཐང་དཀར་བྲག་ནས་ལུས་སོང་། །
བྲིས་པའི་ཡིག་ཆུང་ནག་རིལ། །
རི་གསུམ་རྩེ་རུ་བོབས་ཤོག །

རྨ་ཆུ་འབྲི་ཆུའི་འབྱུང་ཁུངས། །
ཕ་ཡུལ་གངས་ཅན་ལྗོངས་རེད། །
རླབས་ཀྱི་ཟེགས་མ་རེ་རེ། །
བོད་མིའི་སེམས་སུ་འཐིམས་ཡོད། །

བསིལ་ལྡན་ཁ་བའི་ལྗོངས་འདི། །
འཛད་མེད་གཏེར་གྱི་བང་མཛོད། །
དབྱངས་གསལ་སུམ་ཅུ་སོ་བཞི། །
གླིང་བཞི་བསྐོར་བའི་གཤོག་ཟུང་། །

སྟོད་ན་གངས་རི་བརྗིད་ཅིང་། །
སྨད་དུ་མཚོ་མོ་སྐྱོམས་ཡོད། །
སྟོད་སྨད་གཉིས་ཀྱི་བར་ནས། །
ཕ་ཡུལ་གངས་ལྗོངས་སྐྱིད་ཨང་། །

རི་དྭགས་སྒོ་ཕྱུགས་མང་པོས། །
རི་ཆུའི་བར་ཐག་ཁེབས་ཡོད། །
ཡིག་དྲུག་དབྱངས་རྟ་སྙན་མོས། །
སྐྱེ་འགྲོའི་སྡུག་བསྔལ་སངས་ཡོད། །

འབྲི་རིགས་སྣ་ལྔའི་མགོ་ལྕོག །
རྣང་ཞིང་གྲུ་བཞིར་ལྡེམ་ཡོད། །
སྐྱིད་པའི་དགོད་སྒྲ་སྙན་མོས། །
ཁྱིམ་གཞིས་ཕྱི་ནང་བསྒུལ་ཡོད། །

གངས་སྟོད་མཐོན་པོའི་རྒོད་པོས། །
གཤོག་ཟུང་གླིང་བཞིར་བརྐྱངས་ཡོད། །
མེས་པོས་བསྐྱུར་བའི་དབྱངས་གསལ། །
ང་ཚོའི་གཤོག་ཟུང་ཡིན་ཤོག །

རི་ལ་ཁ་བ་བབས་ནས། །
རྫི་རྩེར་བ་མོ་བཞག་ཡོད། །
ཁྲུང་ཁྲུང་དཀར་མོའི་གཤོག་རྡང་། །
ཡ་ཆུང་སྙིང་ལ་ཟུག་འོང་། །

མུན་པ་སེམས་སུ་འཐིབས་ཏེ། །
གཙང་ཆུའི་ཁ་དོག་བསྒྱུར་ཡོད། །
གླེགས་བམ་གསེབ་ཀྱི་ཡིག་ཆུང་། །
འཁོར་བའི་ལྡེ་མིག་ཡིན་ནམ། །

ཁྲེལ་དང་ཕྱི་ཐག་ཀློང་ནས། །
མེས་པོའི་ཞལ་རས་བོར་སོང་། །
རི་གསུམ་སྤོ་ཡི་དར་ལྕོག །
སྙིང་གི་རྨ་ཁར་གྱུར་ཡོད། །

བདེན་པའི་མེ་ལྕེ་སྦར་མཁན། །
ཁྱོད་དང་ང་ལས་མི་འདུག །
སྟོན་མཇུག་ལོ་མ་སེར་པོ། །
ཡིད་མཚོའི་གཏིང་ལ་ཟགས་བྱུང་། །

མ་བསྒོས་སྣང་བའི་ཁ་དོག །
སེར་པོ་གསེར་ལས་བྲིན་པ། །
མཇལ་འདོད་སེམས་ཀྱི་དང་བ། །
དམར་པོ་མེ་ལས་ཚ་བ། །

གསེར་སྐུར་བྱིན་རླབས་ཡོད་མེད། །
སོ་སོའི་སེམས་ལ་དྲིས་དང་། །
རི་སྐེད་ཤ་བ་སྨུག་ཆུང་། །
ཕྱི་མའི་ལས་མཁན་མིན་འགྲོ། །

རི་དང་གཙང་བོའི་གཞུང་ལ། །
ལུས་དང་རྣམ་ཤེས་འཐིམས་ཡོད། །
སྐྱིད་ཆུ་ལུང་བའི་མཐིལ་ནས། །
ཚེ་གང་སྡོད་རྒྱུ་བྱུང་ན། །

ལོ་དང་ཟླ་བའི་བར་ཐག །
མུན་པའི་སྒམ་དུ་སྦས་ཡོད། །
ཤ་དང་རུས་པའི་མདུད་པ། །
ཙོང་ཁའི་ཡུལ་ན་ལུས་ཡོད། །

ཆང་ཕོར་ནང་གི་ཉི་མ། །
བླུ་བསམས་ཐུགས་ཀྱིས་མ་ལོན། །
སྲིན་པོ་རི་ཡི་སྤྲིན་པ། །
སྔོན་མོ་མཚོན་ལས་རྣོ་ཨང་། །

འབྲི་ཤོག་སྟེང་གི་ཉི་འོད། །
དཀར་པོ་བལ་ལས་འཇམ་ཡང་། །
ཨ་མའི་དབུ་སྐྲའི་ཁ་དོག །
པོ་ཏ་ལ་རུ་འཐིམས་ཚར། །

སྐྱས་ལམ་རྡུལ་གྱིས་གཡོགས་པའི། །
གནའ་བོའི་མི་རྟ་དེ་ཚོ། །
ལན་ཅིག་དྲན་པ་ཙམ་གྱིས། །
གོམ་གསུམ་རྨང་ནས་འཆོལ་འགྲོ། །

སྨྲེང་སྐྱོ་དར་གྱི་མདུད་པ། །
སྲིད་པའི་ཡས་མཐར་བརྒྱབ་ཡོད། །
ཁྲི་ཤོར་རྒྱལ་མོའི་དབུས་ནས། །
ཉི་ཟླ་སྐར་གསུམ་འཆར་ན། །

སག་ལྷམ་ཞབས་ཀྱི་རི་མོར། །
མེས་པོའི་དྲོད་ཁོལ་འཁྱིལ་ཡོད། །
དབྱངས་གསལ་སྐྱོར་བའི་ཁྱེའུ། །
གླིང་བཞི་བསྐོར་ནས་སླེབས་ཤོག །

རི་ཆུས་བཅད་པའི་ལོ་ཟླ། །
གཙང་ཆུའི་གཞུང་ལ་བསྙལ་ཡོད། །
ངང་ཆུང་གསེར་མགོའི་ཁྱུ་ཚོགས། །
བར་དོའི་འགྲོ་རོགས་མིན་འགྲོ། །

ཁ་གཉིས་དོན་གྱི་གཡུ་ཕྲ། །
མ་ཉོས་རང་གར་འོང་གིས། །
ཉོས་པའི་གཡུ་ཆུང་དྲུག་དཀར། །
ལྷ་སའི་ཁྲོམ་ནས་ལུས་སོང་། །

མ་བྲིས་ཡིད་ཀྱི་རི་མོ། །
རི་མོ་བཀྲ་ཤིས་རྟགས་བརྒྱད། །
རྟགས་མགོ་གཞིས་ལ་གཏད་ཡོད། །
རྟགས་རྔ་བྱེས་སུ་ཕུལ་ཡོད། །

ཡར་སྟོད་ཉག་ཁའི་རྨུ་ཐག །
མེས་པོའི་ཞལ་ཆེམས་འདྲ་ལེ། །
སྨུག་སྤྲིན་ནང་གི་སེམས་ངལ། །
འཛུམ་གྱིས་མ་ལོན་བསྐྱུར་ཡོད། །

འཁོར་བའི་བདེན་ལུགས་ཟེར་བ། །
སྨིག་རྒྱུའི་རི་མོ་ཞིག་སྟེ། །
རི་མོའི་ཕར་ནང་ཚུར་ནང་། །
ཁྲག་དང་རྣག་གིས་ཁེངས་འདུག །

ཚེ་རབས་ལས་ཀྱི་ཐོ་ཡོར། །
སྲིད་པའི་མཐོ་སར་བསླངས་ཀྱང་། །
སེམས་བྱུང་འཛིང་བའི་མཐའ་རུ། །
མུན་པའི་བླ་རེ་ལྷབ་ལྷུབ། །

སེམས་ཀྱི་ཤོག་བུའི་སྟེང་ལ། །
མཐོན་པོ་རི་ཞིག་བྲིས་ཡོད། །
ཞལ་རས་གསེར་གྱི་ཟླ་བ། །
རི་བོའི་ཟོམ་ནས་འཛུམ་ཤོག །

སྐྲ་ལོ་རླུང་གིས་བསྒུལ་ཡང་། །
དུང་སོ་སུམ་ཅུ་འཐོར་མེད། །
ཡུལ་གྱི་རྩྭ་རྐང་ཕན་ཆོད། །
རུས་པའི་རྐང་ལ་སིམ་ཡོད། །

གངས་དང་མཚོ་མོའི་བར་ལ། །
འདོད་རྒུའི་དངོས་གྲུབ་འཁྱིལ་ཡོད། །
གོང་མོའི་དྲུག་འགྱུར་སྙན་མོས། །
རུ་སྡེའི་ཁ་ཞེང་བསྟབས་ཡོད། །

ཕར་ཕར་ཡལ་བའི་སྤྲིན་པ། །
མིག་ཆུ་ལས་ཀྱང་གཤེར་བ། །
ཡ་ཆུང་ཁོག་གི་མུན་པ། །
ལོ་བརྒྱར་བཀྲུས་ཀྱང་ཡལ་དཀའ། །

ཕོ་བྲང་ནང་གི་དྲོད་ཁོལ། །
ལྷ་སའི་ཇོ་བོས་བསྲུངས་ཡོད། །
བར་སྐོར་གླིང་གི་མཛེས་སྡུག །
སྤྲང་ཚོགས་མང་པོས་བཟུང་འདུག །

འཛུམ་ནང་རལ་གྲི་བསྐུང་ནས། །
ཚིག་འབྲུ་དུམ་བུར་བགོས་སོང་། །
སོ་སོའི་ལམ་གྱི་སྣེ་མོ། །
རི་ཟོམ་སྨུག་པར་འདྲེས་ཡོད། །

གཡས་རུ་གསེར་གྱི་རི་ལ། །
སེམས་ཀྱི་རི་མོ་བབས་ཡོད། །
སྒྲོལ་མའི་སྒོ་དར་ཁྲ་བོས། །
གཡང་གི་རུ་མ་བསྲུང་ཡོད། །

དཔྱིད་རླུང་གདོང་ལ་འཇམ་མིན། །
རྒྱ་ལྕང་ལོ་མར་གཟིགས་དང་། །
ཉི་མའི་གྲོང་གི་ཕོ་བྲང་།
དབྱངས་གསལ་གཉིས་ཀྱིས་བཀྱགས་ཡོད། །

མི་དགེའི་དུད་དྲེག་ནག་པོ། །
ཡིག་འབྲུའི་གསེབ་ལ་ཆགས་ཡོད། །
སྡེ་ཆེན་མི་ཁའི་ཁག་དཀྲིས། །
ཆུ་ཁའི་རྡོ་ལས་འཁྱགས་པ། །

གངས་ཟོམ་རྒོད་པོའི་གཤོག་འགྱུར། །
རུས་པའི་རྐང་ལ་འཐིམས་ཡོང་། །
ཨ་གསར་ཨོ་ལོའི་བློ་རྒྱ། །
ཁྲོན་པ་ལས་ཀྱང་དོག་པ། །

བསགས་པའི་དགེ་རྩ་ཇི་སྙེད། །
སེམས་ཅན་སླད་དུ་བསྔོས་ཡོད། །
མ་སྡུམ་ཞེ་གཅོང་དགུ་སྒྲིལ། །
མ་ཕམ་གཡུ་མཚོར་གཏད་ཡོད། །

ཡ་ཆུང་སྙིང་གི་སེར་ཐིག །
སྔོན་མོ་སྤང་ལ་ལྷུང་ཡོད། །
ཨ་ཇོ་གངས་ཆབ་སྔོན་མོ། །
སྲིད་པའི་མཐའ་རུ་འགྲེངས་ཡོད། །

རི་རྒྱུད་མཐོ་ལ་ལྟོས་དང་། །
ཕ་མ་ཚེ་རིང་ལོ་བརྒྱ། །
ཆུ་རྒྱུན་རིང་ལ་ལྟོས་དང་། །
ཕུ་ནུ་ཁ་དྲོ་བཀྲ་ཤིས། །

༢༠༡༩ལོའི་ཟླ༡༡ཚེས༡༡ཉིན་ཙོང་ལ་རིང་མོའི་ཉེ་འདབས་ནས་བྲིས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*