རིག་བྱེད་ངག་གི་གླུ་ཆུང་།

                                     ཐོར་བུ།(དཀར་མཛེས།)

རྗེས་ཆགས་ཟུར་མིག་གཡོ་བའི་དབྱངས་ཅན་མ།།
བདག་མགྲིན་དྲི་ཟའི་གླིང་བུ་ཁྱོད་ལ་འབུལ།།
སྙན་ངག་སྒྱ་འཕྲུལ་འདོད་འབྱུང་ཡིད་བཞིན་ནོར།།
འགྲོ་བའི་གདུང་བ་སེལ་ཕྱིར་གྱེར་གྱུར་ཅིག།

ངག་རིགས་རྒྱ་མཚོའི་ཀློང་དུ་དབྱངས་ཅན་མས།།
བརྩེ་བའི་ཟུར་མིག་གཡོ་བར་མ་བཟོད་ནས།།
མཁས་དང་གྲུབ་པའི་རྣལ་འབྱོར་གང་མང་གིས།།
བསྟོད་ཚོགས་ངག་གི་དོ་ཧ་འཐོར་ལ་ལྟོས།།

ཤར་རིའི་ཕྲག་པའི་སྟེང་དུ་ཉི་མ་ཡིས།།
འོད་ཟེར་ཐག་པ་དྲུད་ནས་ནུབ་ཏུ་བཞུད།།
བདག་སེམས་རྟོད་ཐག་བཅད་པའི་རྣམ་ཤེས་ནི།།
དབྱངས་རིག་རྒྱ་མཚོའི་ཀློང་དུ་ཉ་ལྟར་འཁྱུག།

སྙན་ངག་ན་སྤང་ང་ཡི་ཕ་ཡུལ་སྟེ།།
དབྱངས་རིག་ལྟེ་ཁྲག་འཐོར་སའི་སྦྲ་ནག་ཡིན།།
ངག་གི་བྱིན་རླབས་རྟག་ཏུ་འབར་བ་ཡི།།
དབྱངས་ཅན་མ་ནི་བདག་གི་ཡུམ་ཆེན་ལགས།།

ས་ཐོབ་དབྱངས་ལྡན་ཚངས་སྲས་དབྱངས་ཅན་མ།།
ས་སྟེང་མི་ཡི་ཡུལ་དུ་བྱོན་མྱོང་མིན།།
ས་འདིའི་རྐང་གཉིས་བདག་གིས་མ་ངེས་ཀྱང་།།
ས་སྟེང་འདི་ནས་དད་པ་ཁྱོད་ལ་ཕྱོགས།།

ལེགས་ཚོགས་ཡོན་ཏན་རིན་ཆེན་ཕུང་པོའི་ནོར།།
ལེགས་བཤད་ཆོས་ཀྱི་རྒྱ་མཚོའི་རྦ་རླབས་ཀུན།།
ལེགས་མཛད་མ་སྟེ་ཁྱོད་ལ་དད་གྱུར་ན།།
ལེགས་པར་འཐོབ་ཞེས་མཁས་དང་གྲུབ་པའི་གསུངས།།

མ་ཁྱོད་ཀུན་ལ་བརྩེ་བའི་ཀུན་བརྩེ་མ།།
མ་ཁྱོད་སྙིང་རྗེས་སྤྲིན་ཕུང་གདུང་སེལ་མ།།
མ་ཁྱོད་རིག་བརྒྱའི་ཁྱབ་བདག་གྲུབ་ཐོབ་མ།།
མ་ཁྱོད་དད་པའི་མེ་ཏོག་སྒུལ་མཁན་མ།།

འཛམ་གླིང་ས་སྒང་གོ་ལ་འདིའི་སྟེང་དུ།།
སྙན་པའི་གྲགས་པ་འབར་པའི་སྙན་ངག་པ།།
བརྒྱ་སྟོང་མང་ཙམ་ཡོད་པར་བདག་འཚལ་རུང་།།
ཁྱོད་ཀྱི་བྱིན་རླབས་ཞུགས་པའི་མགུར་གླུ་སྙན།།

ཨེ་མ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་།།
ཞང་ཞུང་ཆོས་དབང་གྲགས་དག་ཀློང་ཆེན་པ།།
ཙོང་ཁ་བ་དང་མི་ཕམ་རྣམ་རྒྱལ་སོགས།།
སྙན་ངག་སྨྲ་བའི་ཚོགས་ནི་བོད་དུ་མང་།།

ངག་གི་རྩ་མདུད་གྲོལ་བའི་གྲུབ་ཐོབ་སྟེ།།
མི་ལ་རས་པ་ཚོགས་དྲུག་རང་གྲོལ་དང་།།
རྡོ་གྲུབ་བསྟན་པའི་ཉི་མ་ལ་སོགས་པ།།
ཁྱོད་ཀྱི་རྗེས་སུ་མ་བཟུང་མེད་དོ་སྙམ།།

ཀ་དག་ཆོས་ཀྱི་ནམ་མཁའ་དབྱངས་ཅན་མ།།
ཁ་བའི་མདངས་བཞིན་དཀར་བའི་སྐུའི་བཀོད་པ།།
ག་ལེར་ཡིད་ཀྱི་གཏིང་དུ་བཞུགས་གསོལ་ན།།
ང་ལ་ཟུར་མིག་གཡོ་བཞིན་བྱོན་གྱུར་ཅིག།

ཅ་ཅོའི་སྨྲ་བ་སྤངས་ཏེ་དབེན་པ་རུ།།
ཆ་ལགས་ཡོངས་སུ་རྫོགས་པའི་སྙན་ངག་ལ།།
ཇ་ཡུན་ཙམ་རེར་རོལ་རྒྱུ་བྱུང་བ་ན།།
ཉ་རེ་ཉོར་རེའི་སྤྱོད་པ་ཅིས་མི་འདོར།།

ཏ་ཐའི་བསྟན་སྒོར་ཞུགས་པའི་ལག་རྗེས་ཤིག།
ཐ་མ་བདག་གིས་གང་ཡང་འཇོན་རུང་།།
ད་ལྟ་དད་པ་མེ་ཏོག་འདབ་བརྒྱའི་སྟེང་།།
ན་ཚོད་བཅུ་དྲུག་དབྱངས་ཅན་བཞུགས་འདི་དགེ།

པ་ཏྲ་ལྟར་འཁྱིལ་འཇའ་ཡི་གུར་ཁང་དུ།།
ཕ་ཡི་འཛུམ་བཞིན་མཛེས་པའི་དབྱངས་ཅན་མ།།
བ་དན་རླུང་གི་གཡོ་བ་ཇི་བཞིན་དུ།།
མ་ལྟར་བདག་གི་མགོན་དུ་མ་བྲལ་ཅིག།

ཙ་གི་ཙིག་གེ་རེ་ལས་མ་འཁྱོང་རུང་།།
ཚ་བ་དྲག་དུས་བསིལ་བར་བརྟེན་པ་བཞིན།།
ཛ་དྲག་མི་ཁའི་འོག་ཏུ་བོད་ཡིག་གིས།།
ཝ་ཡི་མདོག་ལྟར་དམར་བའི་སྙན་ངག་འབྲི།།

ཞ་ལྟར་མགོ་ཡིས་བཀུར་བའི་ངག་གི་ལྷ།།
ཟ་རིགས་བཞིན་དུ་མང་བའི་སྙན་ངག་ཉིད།།
འ་འུར་མེད་པར་སྡོད་པའི་བདག་སྙིང་གི།
ཡ་ཁོག་པདྨའི་གདན་ལ་ཆར་དུ་ཕོབས།།

ར་རི་དྲི་མའི་མ་གོས་སྟོང་བའི་སྐུ།།
ལ་གླུ་སྙན་མོ་མགུར་གྱི་མཛོད་ཆེན་ཉིད།།
ཤ་ཚའི་འགྲོ་ལ་བརྩེ་བའི་ཡང་དག་ཐུགས།།
ས་གནས་མཁའ་འགྲོ་ཁྱོད་ལ་ཡོངས་སུ་རྫོགས།།

ཧ་ཅང་དད་དྲགས་གསོལ་འདེབས་ངག་ནས་རྡོལ།།
ཨ་དོན་སྐྱེ་བ་མེད་པའི་དོན་རྟོགས་ཏེ།།
ཧ་ཅང་འགྲོ་ལ་བརྩེ་བའི་རྒྱལ་ཀུན་ལྟར།།
ཨ་མ་འགྲོ་བའི་ཚོགས་ནི་སྐྱོབས་པར་ཤོག།

2021/8/6

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*