རྟོགས་བརྗོད་ལེགས་ལམ།

               རྟོགས་བརྗོད་ལེགས་ལམ།

                   གཅིག

འཕགས་པའི་དགེ་རྩ་ཡོངས་སུ་འཛིན་པའི་སྡེ་སྣོད་དང་མདོ་སྡེ་པད་དཀར་སོགས་ལས་ཡང་ཡང་ལུང་བསྟན་པ།

                    གཉིས།

རྒྱ་གར་འཕགས་ཡུལ་དུ་སྐྱེ་བ་བཅུ་བཞི་བར་དུ་རིག་པའི་གནས་ལྔ་ལ་མཁས་པའི་པཎ་གྲུབ་ཀྱི་སྐྱེ་བར་བཞེས་སོ།

                    གསུམ།

བྱིས་པའི་དུས་ནས་ངས་ཤ་རྗེན་པ་དང་ཆང་རག་བཏུང་བར་ད་ལྟ་མི་དྲན་གསུངས་ལ། ཆེ་བར་གྱུར་ནས་ཤ་དང་ཁྲག་ལ་སོགས་པ་གཟིགས་པ་ཙམ་གྱིས་ཞག་མང་པོར་གསོལ་བ་འགགས་ཤིང་། རབ་ཏུ་བྱུང་བའི་འཚོ་བ་མིན་པ་དང་། སངས་རྒྱས་ཀྱིས་ཤ་ཟ་བ་མ་གནང་བར་དགོངས་ནས། དགུང་ལོ་བཅུ་གསུམ་པ་ནས་ཤ་གཏན་བཅད་མཛད།

                    བཞི།

དཔལ་ས་སྐྱ་པའི་བསྟན་པ་ལ་བྱ་བ་བྱས་ཚུལ། དགེ་བའི་བཤེས་གཉེན་མགོན་པོ་དཔལ་དང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་བཀས་བསྐུལ་བ་བཞིན། ས་སྐྱ་པའི་ཆོས་ལེགས་པར་ཤེས་ནས་ས་སྐྱའི་བསྟན་པ་ཡུན་གནས་དར་རྒྱས་ཡོང་བའི་སླད། རྗེ་བཙུན་གོང་མའི་གསུང་རབ་ཀྱི་ཡིག་ཆ་འཚོལ་བསྡུ་བརྩད་གཅོད་དང་། གཟིགས་རྟོགས་མཐར་ཕྱིན་པར་མཛད་པས་གོང་མའི་དགོངས་པ་ཐུགས་སུ་ཆུད། དཔེ་ཁང་གང་ཡོད། གསུང་རབ་ཀྱི་རྣམ་གྲངས་སོགས་ཕྱག་ལེན་ཕྲ་མོ་ཚུན་ཆད་ལ་ཞིབ་རྟོག་མཛད་པའོ།

                      ལྔ།

ལོ་ཧྲིལ་པོ་གསུམ་ལ་དཔེ་མཚམས་བཞུགས་ཏེ། བླ་བྲང་ཤར་ན་བཞུགས་པའི་ཕྱག་དཔེ་མདོ་སྡེ་ལ་ཆོས་རྗེ་ས་པཎ་གྱིས་མཆན་བཏབ་པ་སོགས་པོ་སྟི་680 ལྷག་ཙམ་དང་།
སྒོ་རུམ་དཔེ་མཛོད་དམ་ཆོས་རྗེ་ས་པཎ་གྱི་ཕྱག་དཔེ་ཁང་དུ། པོད་3680 ལྷག་ཙམ་ལ་གཟིགས་རྟོག་མཛད་པས་སྤྱི་བྱེ་བྲག་གི་གསུང་རབ་ཀྱི་དོན་ཐམས་ཅད་ཐུགས་སུ་ཆུད།

                      དྲུག

དང་པོར་རབ་བྱུང་བསྙེན་རྫོགས་འབོག་རྒྱུ་ཐུགས་དམ་པར་མཛད་མོད། མནལ་ལམ་དུ་གྲུབ་ཆེན་བུ་དྷ་ཤྲཱི་དང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་བྱོན་ནས། ལུང་བསྟན་པ་བཞིན་གནང་བས། དགེ་སློང་གི་སྡོམ་པ་ཁྲི་གཅིག་ལྷག་དང་། དགེ་བསྙེན་དགེ་ཚུལ་མཐའ་ཡས་པའི་མཁན་པོ་མཛད།
མདོར་ན་བོད་ཀྱི་དགེ་བའི་བཤེས་གཉེན་གཅིག་ལ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་འབོག་པའི་གྲངས་ཀ་མང་བ་རྗེ་འདི་ཉིད་ལས་མ་བྱུང་ཞེས་གྲགས་སོ།

                     བདུན།

བསྟན་པ་སྤྱི་ལ་བྱ་བྱས་ཚུལ། ད་ལྟ་བོད་ན་སྡེ་སྣོད་ཀྱི་བཤད་ཉན་དར་བ་ཡོད་པས་ཕར་ཕྱིན་བསྟན་པ་ལེགས་པོ་ཡོད། གསང་སྔགས་བླ་མེད་ཀྱང་ས་སྐྱ་ལ་སོགས་པའི་དགོན་པ་སོ་སོ་ན་ཡོད། རྣལ་འབྱོར་རྒྱུད་ལ་བུ་སྟོན་གྱིས་ཐུགས་རྩོལ་མཛད་པས་རྒྱུན་ད་དུང་མ་ཉམས་པ་ཡོད། བྱ་སྤྱོད་གཉིས་པོ་དེང་སང་བཀའ་མ་ཆད་ཙམ་ལས་མི་འདུག་པས། འདི་གཉིས་པོ་སོས་པ་བྱུང་ན་བོད་དུ་བསྟན་པ་ཡོངས་རྫོགས་ལེགས་པོ་གཅིག་འོང་བ་འདུག་དགོངས་ནས། རྗེ་ཙོང་ཁ་པའི་དྲུང་དུ་ཕེབས་པ་སོགས་སྐུ་ངལ་སྐྱོངས། གང་ལྟར་བྱ་སྤྱོད་གཉིས་ཁོ་ན་ལ་ལོ་ངོ་བདུན་གྱི་བར་དུ། རྒྱུད་དང་རྒྱ་བོད་ཀྱི་གཞུང་ལ་ཞིབ་འཇུག་དང་། ཞིབ་གཟིགས་མཛད་ཀྱང་ད་དུང་ཐུགས་བདེ་བར་ཞིག་མ་བྱུང་གསུངས།

                      བརྒྱད།

གདན་ས་གཉིས་པ་ངོར་ཨེ་ཝཾ་ཆོས་སྡེ་སོགས་དགོན་པ་མང་པོ་གསར་བཏབ་དང་ཉམས་གསོ་མཛད་ནས་བཤད་སྒྲུབ་ཀྱིས་བསྐྱངས་ཏེ་རྒྱལ་བསྟན་སྤྱིར་དང་བྱེ་བྲག་གསང་སྔགས་ཀྱི་བསྟན་པ་གསལ་བར་བྱས་སོ།

                     དགུ།

རྗེ་འདིས་རྟོགས་པའི་བསྟན་པ་གཙོ་བོར་སྡོམ་པ་གསུམ་ལ་ཕྱག་ལེན་དོགས་མཐའ་ནས་ཤིན་ཏུ་ཕྲ་ཞིང་ཕྲ་བ་མཛད་ལ།
སྡོམ་གསུམ་གྱི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་བ་བཞིན་མཛད་པ་ནི་དེང་གི་བར་རྒྱུན་མ་ཉམས་པར་འདིའོ།
དཔེར་འཇོག་ན་འདུལ་བའི་ཕྱག་ལེན། ཨེ་ཝཾ་ཆོས་སྡེའི་ལྕགས་རི་ཚུན་ཆད་ལ་ཤ་ཆང་དང་། བུད་མེད་གཏན་ནས་འགྲིམ་མི་ཆོག་པའི་བཅས་ཁྲིམས་མཛད་པས་མཚོན་ནོ།

                      བཅུ།

འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ། བཤད་སྒྲུབ་ལས་གསུམ་ཀྱིས་བསྟན་འགྲོའི་དོན་མཛད་ཚུལ་དང་། སློབ་ཚོགས་མཁས་གྲུབ་གཉིས་ལྡན་གྲངས་མེད་པ་བསྐྲུན་ཚུལ་སོགས་རྣམ་ཐར་ཁག་ན་གསལ་བ་ལྟར་ལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཡོངས་སུ་རྫོགས་པ་ཚར་བརྒྱད་བཅུ་ལྷག་གནང་བར་སོགས་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་རོ།

ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཉིན་དེར་རྗེས་དྲན་གྱི་དོད་དུ་ཐུན་མོང་གི་མཛད་རྣམ་ཚན་པ་བཅུ་ལོགས་སུ་ཕྱེ་ནས་ཟིན་བྲིས་སུ་བཏབ་བོ།

བོད་ལོ་༡༢༤༧/༤/༢༥ གུས་པ་ཡེ་ཤེས་མིང་གིས་སོ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*