༸སྐྱབས་རྗེ་འཁོན་གདུང་ཨ་སང་གྷ་རིན་པོ་ཆེ་མཆོག་དང་ས་སྐྱའི་རྒྱལ་ཡུམ་ཆེན་མོ་རྒྱ་གར་བྱང་ཕྱོགས་རྡ་སར་ནོར་གླིང་ལ་ཆིབས་བསྒྱུར་གནང་འདུག

༸འཁོན་གདུང་ཨ་སང་གྷ་རིན་པོ་ཆེ་མཆོག་དང་རྒྱལ་ཡུམ་ཆེན་མོ་རྒྱ་གར་བྱང་ཕྱོགས་རྡ་སར་ནོར་གླིང་ལ་ཆིབས་བསྒྱུར་གནང་འདུག 

༸དཔལ་ས་སྐྱའི་འཁོན་གདུང་སྐྱབས་རྗེ་་ཨ་སང་གྷ་རིན་པོ་ཆེ་མཆོག་དང་འཁོན་གདུང་ཨ་ནེ་རིན་པོ་ཆེ་མཆོག  དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་མཆོག་དང་བདག་མོ་འཆི་མེད།  དེ་བཞིན་དུ་དཔལ་ས་སྐྱའི་ཆོས་སྒར་མཁན་པོ་ཆེ་མཆོག་གཙོས་དགེ་འདུན་ཉི་ཤུ་ལྷག་རྒྱ་གར་བྱང་ཕྱོགས་རྡ་སར་ནོར་གླིང་འཆི་མེད་དགའ་ཚལ་གླིང་དུ་༸ སྐྱབས་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་ཆེད་དུ་བཅར་གནང་འདུག  དེ་བཞིན་དུ་རྙིང་མ་དང་དགེ་ལུགས།  བཀའ་བརྒྱུད་བཅས་ཀྱི་བླ་ཆེན་རྣམ་པ་ཕེབས་ནས་ཕྱོགས་བཞི་ནས་སྐུ་གདུང་ཞུགས་འབུལ་ཟབ་རྒྱས་གནང་སོང་།  ཁ་རྩང་ཞོགས་པ་ཆུ་ཚོད ༨: ༡༥ ཡས་མས་སུ་ཆོས་བརྒྱུད་སོ་སོས་ཆོ་ག་སྒོ་ནས་བདག་བསྐྱེད་གནང་སོང་།  དེ་བཞིན་དུ་དཔལ་ས་སྐྱ་པའི་རྗེ་བཙུན་ས་སྐྱ་པའི་བཀའ་སྲུང་རྣམས་ལ་མཆོད་གཏོར་དང་བསྐང་བ་བསྟོད་རྒྱས་པར་བྱ་བའི་རིམ་པ་བདག་བསྐྱེད་ཕུར་ཆུང་སྒོ་ནས་ཞོགས་པར་བདག་བསྐྱེད་གནང་བ་དང་།  བཅོམ་ལྡན་འདས་རྡོར་སེམས་ཧེ་རུ་ཀའི་སྦྱིན་སྲེག་བསྐལ་བའི་མེ་དཔུང་ཞེས་བྱ་བའི་ཆོ་ག་བཅས་ནས་སྐུ་གདུང་ཞུགས་འབུལ་གནང་སོང་། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*