བོད་ཀྱི་ལོ་གསར།

བོད་ཀྱི་ལོ་གསར།

ཁམས་དཀར་མཛེས་ཁུལ་དུ་ལོ་གསར་གཏོང་སྟངས་མཐོང་ཐོས་དྲན་སྐྱེན་གྱི་བདེན་གཏམ།

མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།

སྤྱིར་བཏང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་སྐད་རིགས་དང་རིག་གནས།  ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས།  འཚོ་བའི་གནས་བབས་བཅས་འཕེལ་འགྱུར་བྱུང་བ་དང་དུས་མཉམ་དུ་རང་རེད་བོད་ཀྱི་ལོ་གསར་གཏོང་སྲོལ་དེ་ཡང་ཡུལ་ལུང་མི་འདྲ་བ་དབང་གི་ལོ་གསར་དུས་ཆེན་སྲུང་བརྩི་མི་འདྲ་མང་པོ་ཞིག་སྣང་རྒྱུ་ཡོད་པ་དང་།   དེ་ཡང་ཐོག་མར་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཞིག་གིས་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་འགྲོས་ལ་བརྟེན་ནས་ལོ་འཁོར་རེའི་མཚམས་སུ་དུས་ཚོད་ཀྱི་བརྡ་རྟགས་འདྲ་བ་ཞིག་དེ་ལྷོ་ཁ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་བྱུང་བ་ནས་བཟུང་སྟེ།  ལོ་རྒྱུས་དང་དེབ་ཐེར་ཁག་ལ་གཞིེགས་ན་བོད་ཀྱི་ལོ་གསར་གཏོང་སྲོལ་ཐོག་མ་དེ་ཡིན་པར་མངོན་ཞིག   སྐབས་དེའི་དུས་སུ་བོན་ཆོས་དར་ཁྱབ་ཆེ་བས་རིམ་བཞིན་ཡུལ་ལྷ་གཞི་བདག་གསོལ་བ་དང་།  ཕོ་ལྷ་དང་མོ་ལྷ། སྐྱེས་ལྷ་དང་ཁྱིམ་ལྷ། དགྲ་ལྷ་སོགས་གསོལ་བའི་ལུགས་སྲོལ་བྱུང་བ་དང་།  དར་ལྕོག་སྒྲེང་འཛུགས་བྱེད་པ་དང་ལྷ་མཆོད་ཀླུ་མཆོད་བྱེད་པ། ར་ལུག་དང་འབྲི་གཡག་གི་ཤ་ཁོག་སྟོད་སྨད་སྒྲིག་གཤོམ་བྱེད་སྲོལ་ཡོད་པ་དང་། ཁྱིམ་ཚང་སོ་སོས་ལོ་གསར་གཏོང་སྐབས་ལུག་མགོ་སྒྲིག་གཤོམ་བྱེད་པ་སོགས་བོན་གྱི་ལམ་སྲོལ་རྒྱ་ཆེར་ད་ལྟའི་བར་དུ་བོད་མི་མགོ་ནག་ཡོངས་ཀྱི་གལ་འགངས་གཅེས་སྤྲས་བྱེད་ནས་སྲུང་བརྩི་གནང་བཞིན་པ་རང་རེད་མཐོང་ཐོས་སུ་ཡོད་པ་རེད།  གོང་དུ་བཤད་པ་བཞིན་ལོ་གསར་དེ་ཡང་ཡུལ་དུས་དང་འཚོ་བའི་གནས་སྟངས་དང་ཡུལ་གྲུ་སོ་སོའི་གནམ་གཤིས་དང་གོམས་སྲོལ་མི་འདྲ་བའི་དབང་གིས་ལོ་གསར་གཏོང་སྲོལ་ཐད་ལ་ལོ་གསར་གཏོང་སྟངས་དུས་ཚོད་མི་འདྲ་བ་བྱུང་བ་ཞིག་རེད།  གཙོས་རང་རེད་མེས་པོའི་གོང་མའི་གདོད་མའི་ཆོས་ལུགས་ནི་བོན་གྱི་ཆོས་ལུགས་ཀྱི་བྱེད་སྒོ་ལམ་ལུགས་ཀྱི་་གཞི་ཚུགས་ནས་ལོ་གསར་གཏོང་སྟངས་དེ་ཉིད་དར་བ་ཞིག་ཡིན།  དེ་ཡང་།  ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་བཟའ་ཀོང་ཇོའི་རྒྱ་རྩིས་རྙིང་མའི་ལུགས་ལ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ལོ་འགོ་འཛིན་པ་ནས་ལོ་གསར་རྩིས་པ་དང་།   རབས་བརྒྱད་པའི་ནང་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་གི་ཉིན་ལོ་གསར་འགོ་འཛིན་བཟུང་ནས་ལོ་གསར་རྩིས་པ་དང་། མེ་ཕག་ལོ་སྟེ་སྤྱི་ལོ་༡༢༢༧ ལོར་ཧོར་ཇིང་གེར་རྒྱལ་པོས་མི་ཉག་རྒྱལ་པོ་ལག་ནས་རྒྱལ་ས་ཐོབ་ནས་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་རྗེས་རྒྱ་ནག་གི་ཧོང་ལི་དང་བོད་ཟླ་དང་པོ་མཐུན་པར་བྱེད་ནས་ཧོར་ལུགས་ལྟར་བོད་ཟླ་དང་པོར་ཧོར་ཟླ་དང་པོ་ཞེས་པའི་ཐ་སྙད་བཏགས། སྐབས་དེར་ས་སྐྱའི་ལོ་ཐོ་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་ལ་རྒྱལ་པོ་ལོ་གསར་ཞེས་པའི་སྲོལ་དར་བ་དེ་དག་བོད་ཁྲི་སྐོར་བཅུ་གསུམ་དུ་གཏོགས་པ་ཚང་མས་ལོ་གསར་གཏོང་སྲོལ་བྱུང་བ་ཡང་བཤད།  ཀོང་པོ་ས་ཁུལ་སོགས་སུ་བོད་ཟླ་བཅུ་པའི་ཚེས་གཅིག་ལ་ལོ་གསར་གཏོང་བ་དང་། སྟོད་མངའ་རིས་སྤུ་ཧྲེང་རྫོང་ཕྱོགས་སུ་བོད་ཟླ་བཅུ་གཅིག་ལ་ལོ་གསར་གཏོང་བ།  བོད་སྟོད་སྨད་ཀྱི་ཁུལ་གྱི་ས་ཆ་མང་ཆེ་བ་དང་གློ་ལ་དྭགས།  འབྲས་ལྗོངས་དང་ཡུར་མོ།  གཉེན་གཤང་དང་དོ་པོ་སོགས་སུ་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་སོ་ནམ་ལོ་གསར་གཏོང་བ། གཞན་ཡང་བོད་སྟོད་སྨད་ཕལ་མོ་ཆེར་བོད་ཟླ་དང་པོའི་ཚེས་གཅིག་ལ་རྒྱལ་པོ་ལོ་གསར་གཏོང་བཞིན་འདུག  དེ་ཡང་བོད་ཀྱི་ལོ་གསར་དུས་ཆེན་སྲུང་བརྩིས་བྱེད་སྟངས་གཅིག་ནས་ནི་སྔོན་རྒྱ་གར་ནས་ཤན་ཞུགས་པ་ཞིག་སྔོན་ཏེ། སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་གྲོང་ཁྱེར་གཉན་ཡོད་དུ་སྟོན་པ་བཅོམ་འདན་འདས་སངས་རྒྱས་ལོ་བདུན་ཅུ་སོང་བའི་དུས་དེའི་ཚེ། མུ་སྟེགས་རྗོགས་བྱེད་སོགས་ཀྱིས་འགྲན་སློང་བ་ལ་རྫུ་འཕྲུལ་གྱིས་བཅོམ་པའི་དུས་ནི་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཡིན་པ་དང་།  དེའི་ཕྱིས་སུ་ཆོས་རྒྱལ་མྱ་ངན་མེད་སོགས་སྦྱིན་བདག་མཛད་དེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པར་བཤད་པ་དང་།  འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་རིན་པོ་ཆེ་མཆོག་གིས་ས་སྐྱའི་སྲིད་དབང་བཟུང་པའི་སྐབས་སུ་བོད་ལུགས་ཀྱི་ལོ་ཐོ་རྩིས་ལུགས་དང་བོད་ཀྱི་སྐར་རྩིས་རིག་པ་དེ་ཡོངས་སུ་ཆ་ཚང་དུ་གྱུར་པའི་དུས་དེའི་ཚེ་ལོ་གསར་ཡང་སྐབས་དེའི་དུས་སུ་ལོ་མགོ་གཞི་ཚུགས་པ་ཞིག་མཐོང་། དེ་བཞིན་དུ་རྗེ་གཉའ་ཁྲི་བཙན་པོའི་སྐུ་རིང་ནས་བོད་ལ་ནམ་ཟླ་བརྟག་དཔྱད་ཀྱི་རྩིས་རིག་བྱུང་བ་དང་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་པར་བཤད་པར་གཞིགས་ན་ལོ་དུས་རྒྱས་བཅད་ལྟར་ལོ་ཟླ་རྩིས་སྲོལ་བྱུང་བར་མངོན།  དེའི་ཕྱིར་ལོ་གསར་དེ་ཉིད་ཀྱི་མིང་ཡང་མི་འདྲ་བ་འགའ་རེར་སྣང་།   

དེ་ཡང་། ༡༽ རབ་བྱུང་གི་ལོ་གསར།  བོད་ཟླ་བཅུ་པའི་ཚེས་བཅུ་དྲུག   ༡༠།༡༦  ༼གྲྭ་པའི་ལོ་གསར།༽ འདུལ་ལུགས་ལྟར་ཟླ་བ་རེའི་ཡར་ངོ་མར་ངོ་གཉིས་ལས་མར་ངོ་སྔོན་འགྲོ་ཡིན་པས་མགོ་ཟླ་བའི་མར་ངོའི་ཚེས་གཅིག་སྟེ་ཡོངས་གྲགས་བོད་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་ལོ་མགོ་དང་ལོ་གསར་པ་ཤར་བའི་རྩིས་པ་དང་།  དེ་ཡང་འཇམ་མགོན་བླ་མ་ས་སྐྱ་པནྜི་ཏས། རི་དྭགས་མགོ་ཅན་མིག་འབྱེད་དང་། ལོ་མགོ་ཞེས་བྱ་སྨལ་པོའི་མིང་། ཞེས་གསུངས།  དེ་ཡང་སྔོན་རྒྱ་གར་ནས་དར་སྲོལ་སྣང་།  འགྲེལ་ཆེན་རྒྱལ་སྲས་མ། དགྲ་བཅོམ་ས་ག་ལྷས་མཛད་པའི་འདུལ་བ་ཚིག་ལེའུ། ས་སྐྱ་པནྡི་ཏས་མཛད་པའི་ཚིག་གཏེར་ཆེན་མོ། སྐྱེད་ཚལ་བས་འདུལ་བ་ལུང་རིགས་གཏེར་མཛོད་བཅས་ལས་གསལ། རྒྱས་པ་གཟིགས་འདོད་ཚེ་ཁོ་བོས་བྲིས་པའི་རབ་བྱུང་གི་ལོ་གསར་ལ་གཟིགས་པར་མཛད།

༢༽ བེའུ་ལོ་གསར།  བོད་ཟླ་བཅུ་གཅིག་པའི་ཚེས་གཅིག།  ༡༡།༡།  སྤྱི་ལོ་༥༥༨ གནམ་རི་སྲོང་བཙན་གྱི་དུས་སུ།   བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་ལོ་གསར་གཏོང་སྲོལ་ཆགས། དེ་ཡང་དགུན་ཉི་ལྡོག་མཚམས་དང་མཐུན་ཤས་ཆེ་བ་ཡོད་པ་དང་ནམ་དུས་གྲང་ངར་ཆེ་བས་འབྲོག་པ་རྣམས་ས་དྲོ་སར་རུ་བའམ་རྩ་ར་སྤོས་ཏེ། འབྲི་དང་གཡང་དཀར་ལུག་གི་ལུག་ཕྲུག་དང་བེའུ་བཙའ་རྒྱུའི་གྲབས་གཤོམ་བྱེད་པའི་དུས་ཚོད་ཅིག་ཡིན་སྟབས། འབྲོག་པས་ཡུལ་པའི་ནང་ཞིང་འབྲོག་ཐོན་རྫས་ཤ་མར་ཚྭ་བུལ་ཏོག་དང་འབྲུ་རིགས་བརྗེ་ལེན་གྱི་ཚུར་འཁོར་ཏེ་ནང་མི་ཚང་འཛོམས་ཀྱིས་བེའུ་ལོ་གསར་ཞེས་དར་ཁྱབ་གྱུར།  ད་ལྟའི་བར་དུ་བོད་ཀྱི་འབྲོག་ཁུལ་མང་ཆེ་བ་སྲུང་བརྩིས་གནང་བཞིན་འདུག   ལོ་རྒྱུས་རྒྱས་པ་ངལ་བར་མི་བྱའོ།

༣༽ སོ་ནམ་ལོ་གསར།  བོད་ཟླ་བཅུ་གཉིས་པའི་ཚེས་གཅིག།   ༡༢།༡།    སྤྱི་ལོ་༧༥༥ དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ།  བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་གཏོང་རྒྱུའི་ལམ་སྲོལ་ཆགས། དེ་ཡང་རྒྱ་བཟའ་ཀོང་ཇོ་བོད་དུ་བག་མར་ཕེབས་སྐབས་སྐར་རྩིས་བསྣམས་པ་དེ་བོད་བསྒྱུར་གནང་ནས་བོད་ཟླ་བཅུ་གཉིས་པའི་ནང་དུ་རྒྱ་ནག་གི་རྩིས་ལུགས་དང་ལྟར་ལོ་གསར་གྱི་ཉིན་གཅིག་ཡིན་པར་བརྟེན། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་གཏོང་རྒྱུའི་ལམ་སྲོལ་ཆགས་པ་ཞིག་རེད་འདུག སྐབས་དེའི་དུས་སུ།  ཡུལ་པ་ལོ་གསར། སོ་ནམ་ལོ་གསར། ཞིང་པ་ལོ་གསར། ཤར་ཕྱོགས་ལོ་གསར་ཞེས་བཤད་སྲོལ་མི་འདྲ་མང་པོ་བྱུང་འདུག

༤༽ རྒྱལ་པོའི་ལོ་གསར།  བོད་ཟླ་དང་པོའི་ཚེས་གཅིག། ༡།༡།  སྤྱི་ལོ ༡༢༢༧ འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སུ་དར།   བོད་ཟླ་དང་པའི་ཚེས་གཅིག་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཁམས་ཡོངས་རྫོགས་སྲིད་དབང་བཟུང་པའམ་བོད་ཀྱི་ཁྲི་སྐོར་བཅུ་གསུམ་དབང་དུ་བཟུང་པའི་སྐབས་སུ་རྒྱལ་པོ་ལོ་གསར་ཞེས་པའི་སྲོལ་དར། སྐབས་དེའི་དུས་སུ་ས་སྐྱའི་ལོ་ཐོ་ཞེས་ཡོངས་སུ་ཁྱབ། ༼ཕྱིས་སུ་བོད་ཟླ་དང་པོའི་ཚེས་གཉིས་ལ་རྒྱལ་པོའི་ལོ་གསར་ཟེར་གྱི་འདུག། ༡།༢། ༽

༥༽ བླ་མའི་ལོ་གསར།  བོད་ཟླ་དང་པོའི་ཚེས་གཅིག།  ༡།༡།  འདི་ནི་གོང་ས་སྐུ་ཕྲེང་ནར་རིམ་སྐབས་སུ་དར་བར་མངོན།  བོད་ཟླ་༡ ཚེས་༡ ཉིན་བླ་མ་ལོ་གསར་ཞེས་གྲགས་པ་ནི་གཞུང་འབྲེལ་མཛད་སྒོ་ཞིག་ཡིན་ཞིག  ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་ཐོག  བཀའ་བློན་ཁྲི་པ་དང་སྐུ་བཅར་སྤྱི་ཁྱབ་མཁན་པོ།  གཞུག་ཞབས་པ་དང་གདན་ས་སེ་འབྲས་དགེ་གསུམ་གྱི་མཁན་པོ་དང༌། སློབ་དཔོན། བླ་སྤྲུལ། ལས་སྣེ། དྲུང་རིགས་སེར་སྐྱ་སོགས་སོགས་ཕོ་བྲང་པོ་ཏ་ལའི་དབུ་རྩེར་ཞབས་སོར་འཁོད་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་གལ་ཆེ་གནང་སྲོལ་ཞིག

༦༽ བསྟན་སྲུང་ལོ་གསར། བོད་ཟླ་དང་པོའི་ཚེས་གསུམ། ༡།༣།  འདི་ནི་གོང་ས་སྐུ་ཕྲེང་ནར་རིམ་སྐབས་སུ་དར་བར་མངོན།   བོད་སྟོད་སྨད་བར་གསུམ་དུ་ལོ་གསར་སྔ་དྲོར་རྟེན་མཁར་དང་རི་རྩེ་སོགས་ལ་ཡུལ་མི་སོ་སོའི་ཡུལ་དགོན།  རྒྱལ་བསྟན་སྲུང་མ་དམར་ནག་གཉིས་ཀྱི་གཙོས་སྲུང་མ་སྤྱི་དང་ཡུལ་ལྷ་གཞི་བདག་བཅས་པར་དཀར་སྤྲོ་དང༌ཇ་ཆང་འོ་ཕུད་ཕུལ་ཏེ་གཟབ་གསོལ་ཞུས་པ།  རི་རྩེ་དང་ཁང་པའི་ཐོག་སྟེང་སྒྲོལ་མའི་གཟུངས་དང་ལས་བཅོལ་འཕྲིན་སྐུལ་བཀོད་པའི་དར་ཚོན་སྣ་ལྔ་དང༌། རང་མཐུན་ཚོན་མདོག་གི་དར་ལྕོག་འཛུགས་ཤིང༌། ཚོན་སྣ་ལྔ་འམ་སོ་སོའི་འབྱུང་ཁམས་མཐུན་པའི་དར་རས་ལ་རླུང་རྟའི་གཟུངས་སྔགས་དཔར་ཏེ་དར་ལྡིང་རྒྱ་ཆེ་བཏང་ནས་ལྷ་རྒྱལ་ཀི་བསོ་དང་བཅས་བསང་གསོལ་གཟབ་རྒྱས་གྲུབ་མཚམས་སུ་རྟེན་འབྱུང་རྣམ་ཐར་དང་གླུ་ལེན་གར་འཁྲབ་བྱས་ཏེ་དགའ་སྐྱིད་དཔལ་ལ་རོལ་བར་བརྟེན་བསྟན་སྲུང་ལོ་གསར་ཞེས་དམངས་ཁྲོད་དུ་བརྗོད་སྲོལ་བྱུང་བ་གསལ།

༧༽ དཔྱིད་ཀྱི་ལོ་གསར།  བོད་ཟླ་བཅུ་གཉིས་པའི་ཚེས་གཅིག   ༡༢།༡།།  དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་བྱུང་བ་ནི་བོད་ཀྱི་ལོ་གསར་གཏོང་སྲོལ་ཐོག་མ་ཡིན་ཟེར་བ་དང་། ཁམས་དང་ཨ་མདོ་ཕྱོགས་སུ་དར་སྲོལ་ཡོད་ལུགས་བཤད་པ་ནི་དེ་ཙམ་རྒྱུས་མངའ་མེད་པའི་གཏམ་ལས་མ་འདས་སོ་སྙམས།   ཡིན་ནས་ལོ་གསར་གཏོང་མཁན་ཡུལ་ཁ་ཤས་ཡོད་སྐད་འདུག

༨༽ བོད་ཀྱི་ལོ་གསར། བོད་ཟླ་དང་པོའི་ཚེས་གཅིག།  ༡།༡།   ངེད་ཕ་ཡུལ་ཁམས་དཀར་མཛེས་ཕྱོགས་སུ་བོད་ཀྱི་ལོ་གསར་ཟེར་བ་ལས། རྒྱལ་པོ་ལོ་གསར་དང་སོ་ནམ་ལོ་གསར་སོགས་ཟེར་སྲོལ་ཡེ་ནས་མ་མཆིས་སོ།    དེའི་ཕྱིར་ངེད་ཕ་ཡུལ་ལོ་གསར་གཏོང་བའི་སྐབས་སུ་བོད་མིའི་ཡོངས་ཀྱི་བསམ་བློའི་འཆར་སྒོ་དང་ཆོས་ལུགས་དད་མོས་སྐོར་གྱི་ཡུལ་སྲོལ་དང་རྟགས་དང་རྟེན་འབྲེལ་རྩིས་སྲོལ་གཅིག་མཚུངས་ཡིན་པར་བཤད་ཅི་ལ་དགོས།    དེ་ཡང་ངེད་དགོན་པའི་གཏོར་རྒྱག་ནི་གནའ་དུས་སུ་བོད་ཟླ ༡༢ པའི་ཚེས་ ༢༨ དང་༢༩ གཏོར་རྒྱག་པའི་ལམ་ལུགས་ཡོད་རུང་། ཕྱིེས་དུས་འགྱུར་རྗེས་སུ་ཕལ་ཆེར་སྤྱི་ལོ ༡༩༩༡ དང་༩༢ གཡས་གཡོན་ལ་དཀར་མཛེས་དགོན་པའི་ལས་ཀྱི་སྣེ་མོ་བ་དང་ངེད་དགོན་པའི་ལས་ཀྱི་སྣེ་མོ་ཚོས་ཕན་ཚུན་གོ་བསྡུར་བྱེད་དེ་བོད་ཟླ་ ༡༡ པའི་ཚེས ༢༨ དང་༢༩  ལ་ངེད་དགོན་པའི་གཏོར་རྒྱག་དང་འཆམ་རྒྱག་ཡ་དང་། བོད་ཟླ་༡༢ པའི་ཚེས ༢༨ དང་༢༩ ལ་དཀར་མཛེས་དགོན་པའི་གཏོར་རྒྱག་དང་འཆམ་འཁྲབ་ཡ་བྱས། དེ་ཡང་ཡུལ་མི་ཚོས་དུས་གཅིག་ལ་དགུ་གཏོར་གྱི་འཆམ་གཟིགས་མི་ཐུབ་པས་རྒྱུ་མཚམ་གྱིས་ཡུལ་དགོན་གཉིས་ཀྱིས་ལས་ཀྱི་སྣེ་མོ་ཚོས་གོ་བསྡུར་ལམ་ནས་ཟླ་བ་སྔ་ཕྱི་གཉིས་ལ་ཡུལ་མི་ཚོས་འཆམ་གཟིགས་ཐུབ་པའི་ཆེད་དུ་དུས་ཚོད་གཏན་ཁེལ་གནང་།  ངེད་དགོན་པའི་བོད་ཟླ་ ༡༢ པའི་ཚེས ༢༨ ལ་སྒྲོལ་མ་གཡུལ་བཟློག་གི་གཏོར་བཤོས་བྱེད་པ་དང་སྐུད་པ་སྣ་ལྔ་སོགས་ཀྱིས་འདུས་གྲས་པ་བྱས། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས་བརྒྱུད་པའི་སྒྲོལ་མ་གཡུལ་བཟློག་གི་གོ་ཆ་འདི་ཡང་། ཇོ་བོ་རྗེའི་ཞལ་ནས། ཐག་རིང་པོར་འགྲོ་ན་ཆོ་ག་འདི་བྱས་པས་རྐྱེན་ངན་གང་ཡང་མི་འབྱུང་་གསུངས་པ་དང།  ཡང་ཡུལ་ཕྱོགས་སུ་འཁྲུགས་པ་ཡོད་པ་དང་ནད་རིགས་གཡོས་པ་དང་། མི་དགེ་བའི་ལྟས་བྱུང་བ་ལ་ཆོ་ག་འདིས་ཟློག་པར་བྱ་དགོས།  རང་ལ་མི་འདོད་པ་ཅི་བྱུང་ཡང་ཐེ་ཚོམ་མི་བྱེད་པར་ཆོ་ག་འདི་བགྱིས་པས་རང་ཅི་འདོད་པའི་དོན་མི་འགྲུབ་མི་སྲིད།  འདོད་པའི་དོན་སྒྲུབ་པ་དང་ཟློག་པའི་ཆོ་ག་འདི་ལས་བྱིན་རླབས་ཆེ་བ་མཐུ་ཆེ་བ་མེད་པས། འདི་ལ་ཤིན་ཏུ་བརྩོན་པར་གྱིས་ཤིག་གསུངས་བཞིན།  དེས་ན་མཐུ་དང་བྱད་ཁ་ཐན་ལྟས་རྨི་ལམ་ངན་པ། ལྷ་འདྲེ་དྲག་པོ་དང་འགྲས་པ། གདོན་ཆེན་གྱི་གནོད་པ་ཟུག་པ། དལ་ཡམས་རིམས་ནད། གོད་ཁ་ཕྱུགས་ནད། ལོ་ཟླ་ཞག་དུས་གཟའ་སྐར་ངན་པའི་གནོད་པ་སོགས་གང་ལའང་ཟློག་པ་འདི་ཟབ་ཅིང་སྟོབས་ཆེ། གཞན་ཡང་དྲག་སྔགས་བགྲང་བ་དང་། མནའ་ཟོས་པ་དང་། ཐག་རིང་འགྲོ་བའི་ཉེས་པ་སོགས་ཀྱང་སྒྲིབ་ཅིང་མདོར་ན་ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་ཟློག་ཅིང་དགེ་ལེགས་ཐམས་ཅད་སྤེལ་བ་ལ་ཁྱད་པར་དུ་འཕགས་པའོ།   དེ་ལྟ་བུའི་བྱིན་རླབས་ཕན་ཡོན་ཆེན་པོ་དང་ལྡན་པའི་ཆོ་ག་འདི་ཉིད་ཆོ་ག་གསུངས་པ་པོ་ཚོས་ངེས་པར་དུ་སྒྲོལ་མའི་དབང་དང་རྗེས་གནང་གང་རུང་ཐོབ་དགོས་པ་དང་། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་ལུང་ཐོབ་ཅིང་ཁྱད་པར་དུ་ཚུལ་འདིའི་ལུང་ཐོབ་པའི་རབ་དགེ་སློང་། འབྲིང་དགེ་ཚུལ། ཐ་ན་དགེ་བསྙེན་ཡང་རུང་སྟེ། ཁྱིམ་པ་མ་ཡིན་པ་ཉི་ཤུ་རྩ་གཅིག་གམ། བདུན་ནམ། ལྔའམ། གཅིག་གམ། གསུམ་ལ་སོགས་པ་ཡུལ་དུས་དང་མཚམས་པས་ཆོ་ག་བསྒྲུབ་པ་བྱ་ཆོག     དེ་བཞིན་དུ་ཆོ་གའི་སྦྱོར་བ། དངོས་གཞི། རྗེས་གསུམ་ཚང་པའི་ཐོག་ནས་དུས་བཟང་པོའམ་དགོས་པ་ལ་བབ་པའི་ཚེ། གནས་ཁང་བྱི་དོར་བྱས་པའི་གུང་དུ་སྟེགས་བུ་མཐོ་ཞིང་ཁེབས་ལྡན་གྱི་དབུས་སུ་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་མ་ཉི་ཤུ་བ་ལྟེ་བ་དང་བཅས་པ་བཀོད་དང་མ་འབྱོར་ན་མཎྜལ་ལ་འབྲུའི་ཚོམ་བུ་དབུས་སུ་གཅིག །མཐའ་བསྐོར་ཕྱོགས་བཞི་ལྔ་རེ་སྟེ་ཉེར་གཅིག་ཚང་བར་བཀོད་པའི་སྟེང་དུ་སྒྲོལ་མ་ཉེར་གཅིག་གམ། སྒྲོལ་ལྗང་གི་སྐུ་བྲིས་འབུར་གང་རུང་རབ་གནས་ཅན་བཀོད། དེའི་མདུན་ཏུ་ཕྱི་མཆོད་ཕྲེང་ཚར། ཁྲུས་བུམ། སྐུ་ཕྱིས་ན་བཟའ་རྣམས་དང་། སྣོད་གཙང་མར་གཏོར་ཟླུམ་ཐེབ་ཀྱུ་མང་པོས་བསྐོར་བ་རྒྱན་སྤྲོས་ཅན་བཅས་གཙང་སྒྲ་དང་ལྡན་པར་བཤམ། དེ་དག་ལས་དམའ་བའི་སྟེགས་བུར་བགེགས་གཏོར་ཅོག་རྡོག་རིལ་བུ་སྤུངས་པ་དང་། ལན་ཆགས་གཏོར་མ། ངར་ཆུང་ཆང་བུ་ཏིང་ལོ་ཐེབ་ཀྱུ་བཅས་པ་དང་། གཞི་བདག་ལ་དཀར་གཏོར་འབྲུ་བླུགས་པ་བཅས་བཤམ་མོ། །དེ་ནས་མདོས་ཟློག་ནི། སྟེགས་བུ་གྲུ་བཞི་པའི་སྟེང་དུ་ཟན་ནམ་འཇིམ་པའི་རི་རབ་བང་རིམ་བཞི་པ་བྱ། རི་རབ་ཀྱི་སྟེང་དུ་མཁར་ཐབས་གྲུ་བཞི་རྒྱ་ཕིག་ཏོག་དང་བཅས་པ་མཛེས་ཚོན་བྱས་ལ་བཞག །མཁར་གྱི་སྒོ་མདུན་གྱི་བང་རིམ་གོང་མ་ལ་ཟན་གྱི་ངར་མི་མཐོ་གང་རྟ་ལ་ཞོན་པ་གཅིག་བཞག   དེ་ལ་གསེར་གཡུ་དར་ཟབ་གོས་ཀྱིས་བརྒྱན་པ་དང་།  ཟན་ལ་གསེར་སྐྱེམས་བརྡར་བའི་མིའུ་ཐུང་གི་གཟུགས་སུམ་ཅུ་ལག་བཟོའམ། སྤར་བཏབ་པ་གང་བདེར་བྱས་ལ་བང་རིམ་དང་པོའི་མཁར་གྱི་མཐའ་བསྐོར་དུ་བཞག །ངར་མི་ཆེ་བ་རྟ་ཅན་གྱི་གཡས་གཡོན་རྒྱབ་གསུམ་དུ་ནམ་མཁའ་གསུམ་བཙུག །མདུན་ཏུ་རྒྱང་བུ་གསུམ་བཙུག །བང་རིམ་གཉིས་པར་ཞལ་ཟས་བརྒྱད་དང་བྱ་རིགས་སྣ་ཚོགས་ཀྱིས་བསྐོར་བ། བང་རིམ་གསུམ་པར་གླང་ཆེན་རྟ་མཛོ་བ་གླང་ར་ལུག་སོགས་དུད་འགྲོའི་རིགས་ཀྱི་གཟུགས་བརྙན་དང་ཤ་གནའ་སྒོ་སོགས་རི་དྭགས་ཀྱི་རིགས་ཐམས་ཅད་ཀྱི་གཟུགས་བརྙན་དང་། ཉ་ལྕོང་སྦལ་སྦྲུལ་སོགས་ཆུ་གནས་སྣ་ཚོགས་ཀྱི་གཟུགས་བརྙན་བཀོད། བང་རིམ་བཞི་པའི་ཕྱོགས་བཞི་དང་ཟུར་བཞིར་མར་མེ་རེ་རེ་སྟེ་བརྒྱད། འབྲུ་སྣ་ཚོགས་དང་ཟས་སྣ་ནོར་གཡུའི་རིགས་གང་འཛོམ། སྨན་སྣ་འབྲུ་སྣ་ངར་མི་ཆང་བུ་གོས་དུམ་སྤུ་གླུད་གཟུགས་ལྷག་མའི་རིགས་དང་། ཐ་ན་ལྟས་སོགས་བྱུང་བ་ཡིན་ན་གང་བྱུང་བའི་གཟུགས་བརྙན་དང་ཡས་སྟག་སོགས་ཀྱི་རིགས་ཅི་འཛོམ་པས་བསྐོར། མཐར་ལྕགས་རིས་བསྐོར་བའི་གཡས་ཀྱི་ཁར་ཕོ་ཏོང་དྲུག །གཡོན་དུ་མོ་ཏོང་དྲུག །མདུན་དུ་མདའ་བཀྲ་གསུམ། ཕྱོགས་བཞིར་ནམ་མཁའ་བཞི། མཚམས་བཞིར་རྒྱང་བུ་བཞི་རྣམས་བཙུག །དེའི་ཕྱི་ནས་སྣལ་མས་བཅིངས་ཏེ་མདུན་དུ་མདུད་པ་ཁ་ཚུར་རང་ལ་བསྟན་ཏེ་བཞག་པའོ།  དེ་ཡང་སྒྲོལ་མ་གཡུལ་བཟློག་གི་ཆོ་གའི་གཏོར་མ་བཟོ་སྟངས་ཡིག་རྙིང་ནས་བཤད་པ་དང་གནས་བརྟན་བགྲེས་སོང་པ་ཁ་ཅིག་གི་ཕྱག་ལེན་སུ་སྣང་བས་ཁུངས་བཙུན་པ་དང་།  ཡང་དག་དང་ཡིན་མིན་དང་སྤྱིར་གཏོ་མདོས་ཀྱི་རིགས་ལ་མཁས་བླུན་དང་འབྱོར་པའི་ཁྱད་པར་གྱིས་རྒྱས་བསྡུས་འདྲ་མིན་རང་བཟོའི་བྱ་བ་མཐའ་གཅིག་ཏུ་མ་ངེས་པས་མཁྱེན་ལྡན་ཚོས་མཁྱེན་པ་མཛད།  ཚེས ༢༩ ཉིན་སྒྲོལ་མ་གཡུལ་བཟློག་གི་ཆོ་གའི་སྒོ་ནས་གཏོར་རྒྱག་པ་དང་།  གཏོར་རྒྱག་པ་དེ་ཡང་ ཆོས་སྐྱོང་ལ་གཏོར་མ་རྒྱས་པར་འབུལ་བ་དང་རྗེས་ལོའི་བར་ཆད་མ་ལུས་ཞི་བའི་ཕྱིར་གཏོར་རྒྱག་པ་སོགས་ཡིན་ཞིག   ངེད་དགོན་པའི་ཟོར་རུ་བྱིན་རླབས་བརྒྱབ་པའི་གལ་འགངས་ཆེན་པའི་ཉིན་མོ་ཞིག་ལ་ངོས་འཛིན་སྲོལ་འདུག ཟོར་རུ་ཟེར་ན་གཏོར་ཟོར་ལ་བྱིན་རླབས་བརྒྱབ་པའི་དུས་ཤིག   བོད་ཟླ་ ༡༢ པའི་ཚེས ༢༥་ནས་བཟུང་ཡུལ་མི་ཚོས་ཁ་ཟས་སྣུམ་བཀྲག་དང་ལོ་གསར་ཉོ་ཆ་བརྒྱབ་པ་སོགས་གྲ་སྒྲིག་བྱེད་མགོ་བརྩམས། བོད་ཟླ་༡༡ དང་༡༢་པའི་ཚེས ༩ དང་༡༩། ༢༩ བཅས་ལ་དགུ་བདར་ཟེར།   དབུས་ཕྱོགས་སུ་བོད་ཚེས ༢༩ ལ་དགུ་ཐུག་ཟེར་བ་དང་། ཁམས་ཕྱོགས་སུ་དགུ་བདར་ཟེར་བའི་ལུགས་སྲོལ་འདུག   དགུ་བདར་དེ་ཡང་དུད་རྒན་རིམ་པ་དགུ་བླུག་དགོས་པ་དང་། གནམ་ལོ་རྙིང་པ་སྐྱེལ་བའི་གྲིབ་གསོ་ལྟ་བུའི་ཉིན་མཐའ་མར་བཀྲ་མི་ཤིས་པ་དང་ནད་དང་གནོད་འཚེ་བྱེད་མཁན་མི་དང་མི་མ་ཡིན་པ་ཅི་འདྲ་ཡོད་རུང་དེ་དག་ཐམས་ཅད་ས་ཕྱོགས་གཞན་དུ་སྐྱེལ་པའི་རྟགས་དང་རྟེན་འབྲེལ་བྱེད་སྲོལ་འདུག དེ་ཡང་རང་རང་སོ་སོའི་ཁྱིམ་དུ་ཁང་པའི་གདུང་མ་དང༌ཐབ་ཚང་གི་རྩིགས་ལྡེབས་སོགས་ཡོད་པའི་དུད་རྒན་གཙང་མ་བཟོ་བ་དང་། སྒོ་དང་སྒེའི་ཁང་སོགས་ཕྱིས་དག་བྱེད་པ།  མདོར་ན་རང་སོ་སོའི་སྡོད་ཁང་གི་ཕྱི་ནང་གང་སར་གད་ཕྱིས་གཙང་བཟོས་ཀྱིས་སྒོ་ར་དང་ཐབ་ཚང་ནང་ས་དཀར་གྱིས་གཡུང་དྲུང་དང་བཀྲ་ཤིས་རྟགས་བརྒྱད་སོགས་བྲིས་པ་དང་། ཁང་པའི་ཕྱི་ནང་གང་སར་གད་ཕྱིས་ལེགས་པ་བྱས་རྗེས་སུ་རྒྱ་ལམ་དུ་གོམ་པ་དགུ་རེའི་མཚམས་སུ་དུད་རྒན་ཚོམ་བུ་གཅིག་བླུག་པ་དང་། ཡང་གོམ་པ་གཅིག་རེའི་མཚམས་སུ་དུད་རྒན་གཅིག་བླུག་པ།  མདོར་ན་དུད་རྒན་ཚོམ་བུ་རམ་པ་དགུ་བླུག་པའི་ལུགས་སྲོལ་འདུག  དགུ་ཐུག་ཡང་འཐུང་སྲོལ་ལམ་ལུགས་ཡོད་སྐད་ཡང་འདུག   ཡིན་ནས་དགུ་ཐུག་དེ་ཁམས་ཕྱོགས་སུ་དེ་ཙམ་དར་ཁྱབ་ཆེན་པོ་མི་འདུག  དེ་བཞིན་དུ་བོང་གུའི་ཨ་མཆོག་སྒྲིག་གཤོམ་མི་འདུག    གནམ་གང་ཉིན་དེ་ག་རང་ལ་ལོ་གསར་གྱི་རྟེན་འབྲེལ་མཚོན་པའི་ཐང་ཁ་རིན་ཐང་སོགས་སྒྲིག་གཤོམ་དང་ཟས་རིགས་རྣམས་དངོས་སུ་སྒྲིག་གཤོམ་བྱས། རྟེན་འབྲེལ་མཚོན་བྱེད་དུ་བོད་མིའི་འཚོ་ཐབས་གཙོ་བོ་ཞིང་འབྲོག་གཉིས་ཀྱི་འབྲས་བུའི་ཉིང་བཅུད་རྣམས་མཆོད་ཡུལ་དཀོན་མཆོག་ལ་དགའ་དད་གུས་སྤྲོས་ཆེན་པོས་ཕུལ་ཏེ། ལོ་གསར་པའི་ནང་ལོ་ཕྱུགས་རྟག་ཏུ་ལེགས་དང༌། ཆར་ཆུ་དུས་སུ་བབས་པ། ནད་མུག་འཁྲུག་རྩོད་སོགས་རྐྱེན་ངན་མི་ཡོང་བའི་རྟེན་འབྲེལ་མཚོན་ཞིང༌། གནམ་གང་གི་སྔ་དྲོར་དགོན་པའི་བླ་སློབ་ཚང་མ་རྟ་ཆུ་མདའ་དུར་ཁྲོད་དུ་ཕེབས་ནས་དཀར་མཛེས་ཡུལ་ཕྱོགས་སྟོད་སྨད་བར་གསུམ་གྱི་མི་ཚོགས་རྒྱས་འཛོམས་ཐོག་ནས་གསུར་མཆོད་འབུམ་ཚོགས་བྱེད་པ་དང་་ཡུལ་མི་ཚོས་དགེ་འདུག་ཚོར་སྐུ་འགྱེད་བརྒྱབ་པའི་ལུགས་སྲོལ་འདུག    དེ་ཡང་བོད་ཀྱི་ཡུལ་སྲོལ་དུ་བར་དོ་སེམས་ཅན་རྣམས་ལ་སྦྱིན་རྒྱུ་དཀར་གསུར་དང་དམར་གསུར་བསྲེས་པའི་རྩམ་པ་མེར་བསྲེགས་པའི་དུད་སྤྲིན་གྱི་སྦྱིན་པ་ཞིག  དེ་ལ་ཡང་དཀར་གསུར་དང་དམར་གསུར། ཇ་གསུར་དང་མར་གསུར། གསུར་ངད་དང་གསུར་གཏོང་སོགས་བྱེད་སྒོ་མང་པོ་འདུག  གསུར་དེ་ཡང་ རང་ཉིད་སྐད་ཅིག་སྤྱན་རས་གཟིགས། །སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ། །ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས། །བ་སྤུའི་བུ་ག་ཐམས་ཅད་ནས། །གཏན་པ་མེད་པའི་མཆོད་སྦྱིན་སྤྲོ། །རཾ་ཡཾ་ཁཾ། །མི་གཙང་དྲི་མ་བསྲེགས་གཏོར་བཀྲུས། །བྷྲཱུཾ་ལས་རང་མཐུན་སྣོད་ཀྱི་ནང༌། །འབྲུ་གསུམ་ལས་བྱུང་གསུར་མཆོད་ནི། །འདོད་ཡོན་ནམ་མཁའི་མཐའ་མཉམ་གྱུར། །བླ་མ་ཡི་དམ་མཁའ་འགྲོ་དང༌། །སངས་རྒྱས་བྱང་སེམས་ཉན་རང་སོགས། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ། །རྡོ་རྗེ་དྲི་ཡི་མཆོད་སྤྲིན་འབུལ། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །རང་བྱུང་ཡེ་ཤེས་མངོན་གྱུར་ཤོག །མ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །གཙང་རིགས་དཔལ་མགོན་བདུན་ཅུ་ལྔ། །དགྲ་བླ་ཝེར་མ་ཟོ་དོར་གཉན། །དྲི་ཟའི་རྒྱལ་པོ་རབ་དགའ་སོགས། །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །དགྱེས་མཆོད་སྒྱུ་འཕྲུལ་དྲྭ་བར་འབུལ། །ས་དང་ལམ་གྱི་བར་ཆད་ཞི། །ཆོས་མཐུན་འབྱོར་པ་རྒྱས་པར་ཤོག །སྡེ་བརྒྱད་འབྱུང་པོ་མཐུ་བོ་ཆེ། །ཚེ་རྐུ་སྲོག་འཕྲོགས་ནད་མུག་དལ། །དུས་འཁྲུགས་གློ་བུར་ཡེ་འདྲོགས་དང༌། །བུ་ལོན་ཤ་འཁོན་བདག་པོ་སོགས། །གདོན་བགེགས་ལན་ཆགས་མགྲོན་རྣམས་ལ། །ཚེ་སྲོག་ནོར་གྱི་གླུད་དུ་བསྔོ། །བུ་ལོན་བྱང་ཞིང་ལན་ཆགས་འཁོར། །བྱང་ཆུབ་སེམས་དང་ལྡན་པར་ཤོག །སྐྱེ་བཞི་རྒྱུད་ལྔའི་འཁོར་བ་པ། །ཁྱད་པར་གཏད་མེད་ཡིད་ཀྱི་ལུས། །སྔོན་འབྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་བར་དོའི་འགྲོ་བ་སོགས། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །འདོད་ཡོན་ནམ་མཁའ་མཛོད་དུ་བསྔོ། །འཁྲུལ་སྣང་སངས་ཤིང་ཡེ་ཤེས་རྒྱས། ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །ཁམས་གསུམ་དག་པའི་ཞིང༌། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས་ཆོས་ཉིད་ནུས་པའི་མཐུས། གསུར་མཆོད་མི་ཟད་པའི་གཏེར་དུ་འབུལ་ལོ། ཞེས་པ་དང་།  ཨོཾ་མ་ཎི་པདྨེ་ཧཱུྃ། ལན་གྲངས་བསགས་པ་དང་།   རིན་ཆེན་མང་དང་གཟུགས་མཛེས་དང༌། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །ཞེས་པ་དང་།   བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག།རིགས་དྲུག་འདོད་པ་ཚིམ་གྱུར་ཅིག ལན་ཆགས་བུ་ལོན་འཁོར་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག་བཅས་བསྔོ་སྨོན་སོགས་བྱས།  དེའང་ཕྱེ་མར་ལ་སྨན་སྤོས་འབྲུ་སྣ་རིན་ཆེན་དར་ཟབ་ཇ་ཆང་འོ་ཕུད་གང་འཛོམ་གཙང་མ་བསྲེས་པའི་དཀར་གསུར་སྔ་དགོངས་ནམ་འདོད་བཏང་བས་ཚོགས་རྫོགས་ཤིང་འཕྲལ་དུ་ཅི་འདོད་ཀྱི་དངོས་གྲུབ་ཐོབ་པ་དང༌། ཤ་ཁྲག་ཚིལ་བུ་བསྲེས་པའི་དམར་གསུར་འབྱུང་པོ་ལ་ཆེད་དུ་དམིགས་ཏེ་དགོངས་མོར་བསྔོས་ན་རང་གཞན་འཆི་བ་བསླུ་བའི་མཆོག་ཏུ་འགྱུར་ཞིང༌། བར་དོ་ཁོ་ན་ལ་དམིགས་ན་དམ་རྫས་མྱང་གྲོལ་གྱི་རིགས་བསྲེས་ཏེ་བཏང་བས་ཕན་ཡོན་དཔག་མེད་འབྱུང་བར་གསུངས་སོ།  གནམ་གང་ཉིན་ལ་མི་ནོར་བཀྲ་ཤིས་གཡང་ཆགས་པའི་ཆེད་དུ་མདའ་དར་དང་གྲོ་སོ་ཕྱེ་མར། ཆང་ཕུད། ལོ་ཕུད། གཡང་ཤ་ལག་པ་གཡས་པ། ཁ་ཟས་ཀྱི་སྡེར་ཁ། ལུག་མགོ  གྲོ་མ་འབྲས་སིལ། ཇ་མར་ཚྭ་གསུམ། ཚོགས་མཆོད་ཞལ་ཟས་སོགས་ཡུལ་གྲུ་སོ་སོའི་ཐོན་དངོས་དང་རང་གི་འཁོས་ཀ་ལ་གཞིགས་པའི་མཆོད་པའི་རྣམ་གྲངས་དུ་མ་ངེས་པར་སྒྲིག་གཤོམ་བྱ་དགོས་པའི་ཐོག ཐུད་དང༌། ཤིང་འབྲས། བྱེ་མ་ཀ་ར། བྱེ་རིལ། བུ་རམ་སོགས་ཟས་སྣའི་ཕུད་ཀྱི་བྱེ་བྲག་ལེགས་གྲས་གང་འཛོམས་མཆོད་གཤོམ་མདུན་སོགས་སུ་སྒྲིག་གཤོམ་བྱེད་དགོས་པ་མ་ཟད། མཆོད་གཤོམ་དང༌། སྐུ་ཐང་ལ་སྙན་ཤལ་གསར་པ་གསོལ་པ་དང༌། ཁང་པའི་གདུང་མ་དང༌། ཐབ་ཚང་གི་རྩིགས་ལྡེབས་ངོས་སུ་གྲོ་ཕྱེའི་དཀར་ཐིག་གི་ཡལ་སེ་དང༌། བཀྲ་ཤིས་རྫས་རྟགས་སོགས་བཀྲ་ཤིས་པའི་རི་མོ་དང༌། ཐབ་ཀྱི་ཐོད་དུ་ཀླུ་མོ་མཚོན་བྱེད་སྡིག་རའི་གཟུགས། ཕྱི་སྒོའི་མདུན་དང་གཡས་གཡོན་ལ་ས་དམར་དང་ས་དཀར་གྱི་གཡུང་དྲུང་འབྲི་བ་དང་། ཡང་ན་བཀྲ་ཤིས་ཀྱི་རི་མོ་སྣ་ཚོགས་ཀྱི་དཀར་ཐིག་འཐེན་པ་དང་།   དཀར་ཐིག་གི་དཀྱིལ་དུ་བསྡུས་པར་གཡུང་དྲུང་དང༌། འདོད་ཡོན་སྣ་ལྔ་དང༌། རྒྱས་པར་བཀྲ་ཤིས་རྫས་རྟགས་སོགས་བཀྲ་ཤིས་པའི་རི་མོ་འབྲི་སྲོལ་ཡོད། གཞན་ཡང་ཆུ་ཟངས་དང༌། ཆུ་བན་སོགས་སྣོད་རྣམས་ལ་ཁ་བཏགས་དཀྲི་བ། སྒོ་དང་སྒེའུ་ཁུང་ལ་སྒོ་ཡོལ་དང་གཤམ་བུ་གསར་པ་བརྗེ། ཁ་གདན་གསར་པ་རྒྱག་པ།  མདོར་ན་ཚོགས་སམ་སྤགས་ཚོགས་བྱེད་པ་དང་ཕྱེ་མར་གསུམ་རྒྱན། བདུན་རྒྱན་སོགས་བྱེད་སྲོལ་ཡོད་པ།  དེ་བཞིན་གནམ་གང་གི་ཉིན་འདིར་བོད་ཀྱི་ལུགས་སྲོལ་ལ་བུད་མེད་རྣམས་མགོ་སྐྲ་འཁྲུད་པ་ཡིན་ཞིང༌། སྐྱེས་པ་རྣམས་ཕྱི་ཉིན་ལ་གཟིགས་པོ་ཆུ་བཀྲུས་གནང་བ་ད་།  གསར་པའི་སྐབས་སྒྲིག་གཤོམ་བྱེད་པའི་རྟེན་འབྲེལ་གྱི་དངོས་པོའི་ནང་ནས་གལ་ཆེ་ཤོས་ནི་ཕྱེ་མར་དང༌། སྡེར་ཁ། ལུག་མགོ ལོ་ཕུད་བཅས་ཡིན་ཞིང༌། ཁང་ཐོག་གི་དར་ལྕོག་གྲ་སྒྲིག་བྱེད་པ་སོགས་མདོར་ན་ལོ་གསར་གྱི་སྐབས་འདིར་བོད་མི་རྣམས་རང་རང་གི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་རྣམས་ཡ་རབས་ཚུལ་མཐུན་དང༌། རྟེན་འབྲེལ་ཕྱིན་ཅི་མ་ལོག་པ་བྱེད་པ་འདི་དག་ལས་བོད་མི་རིགས་ནི་དཀོན་མཆོག་ལ་དད་མོས་ཆེ་ཞིང༌། ཡ་རབས་སྤྱོད་བཟང་དང༌། ཞི་བདེ་བག་ཕེབས་ལ་དགའ་བའི་མི་རིགས་ཤིག་ཡིན་པ་ཤིག་ཐུན་མོང་གི་ལུགས་སྲོལ་ཞིག  བོད་ཚེས ༡ ཉིན་ཞོགས་པ་ཆུ་ཚོད ༣་པ་དང་ ༤ ་གཡས་གཡོན་མཚམས་སུ་ཡར་བཞེངས་ནས་ནང་གི་བུ་རྒན་པ་དེས་ཕྱེ་མ་མཆོད་ཁང་དང་ཁང་པ་སོགས་སུ་བཀྲ་ཤིས་པའི་སྨོན་ཚིག་དང་འབྲེལ་ནས་ཕྱེ་མ་གཏོར་བ་དང་། ནང་མི་ཕ་མ་གཉིས་གཙོས་རྒན་རིམ་ལྟར་བཀྲ་ཤིས་སྨོན་ཚིག་བརྗོད་པ་དང་ཕྱེ་མ་མགོ་ལ་གཏོར་བ་དང་དཔུང་པ་གཡོན་ཕྱོགས་སུ་གཏོར་བ།   དེ་ནས་ནང་མི་གཅིག་གིས་རང་ཁྱིམ་དང་ཉེ་འགྲམ་དགོན་པ་དང་ཇོ་ཁང་སོོགས་ བསང་གཏོང་བ་དང་། རང་རང་སོ་སོའི་ཕྱེ་མ་དཀོན་མཆོག་ལ་མཆོད་པ་སྨོན་ཚིག་དང་འབྲེལ་ཅུང་ཟད་ཟ་བ་བྱས།  དེ་ནས་གཅིག་གིས་གཙང་པོའི་ནང་དུ་ཆུ་ལེན་འགྲོ་དགོས། ཆུ་དེའི་མིང་ལ་སེང་གེ་འོ་མ་ཟེར། སེང་གེ་འོ་མ་དེས་ཡོན་ཆབ་ཕུལ་བ་དང། བསང་མཆོད་ཆབ་དང་གསུར་ཆབ་སོགས་བྱེད་ཀྱི་འདུག 

དེ་བཞིན་དུ་སེང་གེ་འོ་མ་ཁ་གང་འཐུང་བ་དང་མགོ་ལ་རྒྱག་པ།   སེང་གེ་འོ་མ་དེས་ཞོགས་ཇ་བཟོ་ནས་ནང་མི་ལྷན་རྒྱས་མཉམ་འཛོམས་ཐོག་ནས་སེང་གེ་འོ་མའི་ཇ་དང་ཕྱེ་མ་བཅས་ཞོགས་ཟས་ལ་རོལ་བའི་ལུགས་སྲོལ་འདུག   དེ་བཞིན་དུ་ཚེས་གཅིག་གི་ཞོགས་པར་ནང་གི་ཨ་མ་དང་ཡང་ན་མནའ་མས་ཐབ་ཚང་ནང་གི་ཀ་མགོ་ལ་ཁ་དར་བཏགས་པ་དང་རྩིག་ངོས་སུ་དཀར་རྟགས་བརྒྱབ་སོགས་བྱེད་སྲོལ་འདུག ཕྱེ་མ་དེ་ཡང་གཙོ་རྩམ་པ་དང་དེའི་ནང་དུ་མར་དང་བུ་རམ། ཕྱིར་ར་སོགས་ལས་གྲུབ་པའི་དཀར་ཟས་ཞིག   ཞོགས་ཇ་རྗེས་སུ་ཉེ་འཁྲིས་སུ་དགོན་པ་དང་བླ་མ་ཁག་ལ་མཇལ་བཅར་བྱེད་པ་ལས། ཚེས་གཅིག་ལ་ཉེ་འབྲེལ་ཕན་ཚུན་མགྲོན་པོ་འགྲོ་བ་དང་ཕྱི་ལོགས་སུ་སྤྲོ་སྣང་བག་ཕེབས་ལྟབུའི་འགྲོ་སྲོལ་མི་འདུག  ཚེས་གཅིག་རང་ཁྱིམ་དུ་ནང་མི་རྒྱས་འཛོམས་ཐོག་ནས་ལུས་སེམས་ལྷོད་ལྷོད་དང་བློ་ལྷོད་ཤིག་ཤིག་ངང་ནས་བསྡད་པ་དང་ནང་མི་ཕ་མ་གཉིས་ནས་བུ་ཕྲུག་ཚོར་ལོ་གསར་ལ་ཆེད་དུ་ལག་རྟགས་དངུལ་གནང་བའི་སྲོལ་འདུག ཚེས་༢ ནས་ཚེས ༡༥ གཡས་གཡོན་བར་དུ་ཉེ་འབྲེལ་དང་གྲོང་པ་ཁྱིམ་མཚེས་དང་། དགའ་ཉེ་བློ་དཀར་ཕན་ཚུན་མགྲོན་འབོད་ཀྱིས་ཟ་དགའ་འཐུང་སྐྱིད་དང་དགའ་སྟོན་གླུ་གར་འཁྲབ། རྒན་རབས་ཚོས་སྒྲུང་བཤད་རེས་དང་གླེང་མོལ་སྣ་ཚོགས་བྱེད་པ་དང་། ལོ་གཞོན་ཚོས་གཞས་དང་ཞབས་བྲོ་འཁྲབ་པ།  བུ་ཆུང་ཆུང་ཚོས་ཁམ་བུ་རྡོ་ལེན་རྩེད་པ་དང་བུ་མོ་ཆུང་ཆུང་ཚོས་འགྱིག་ཐག་རྩེད་མོ་རྩེད་བ་སོགས་བྱེད་པ། ཚེས ༣ ཉིན་ཡུལ་ལྷ་གཞི་བདག་སོགས་ལྷ་སྲུང་གསོལ་ཆེད་རི་འགོར་བསང་གསོལ་དར་བཙུགས་དང་རླུང་རྟ་བཏགས་པ།  དགའ་སྟོན་གླུ་གར་འཁྲབ་སོགས་བྱེད་ཀྱི་འདུག ཕྱེ་མས་རྒྱག་རེས་བྱེད་པ་དང་རྟ་རྒྱུག་བྱེད་པ།  རྟ་རྒྱུག་དེ་ནི་མིའི་རིགས་ཀྱི་ལྟད་མོའི་དུས་ཆེན་ཞིག་དང་ལྷག་པར་བོད་མི་ཚོས་ལོ་ངོ་སྟོང་ཕྲག་སྔོན་ནས་ཧ་ཅང་དགའ་པོ་བྱེད་སའི་དུས་ཆེན་ཞིག་ཡིན།  དེ་བཞིན་དུ་ཨ་ཅེ་ལྷོ་མོ།  དཀར་མཛེས་གཞས་བྲོ་དང་དཀར་མཛེས་སྐོར་བྲོ། དཀར་མཛེས་ཐིག་ཐར་ཞབས་བྲོ་སོགས་ཉིན་བདུན་ཙམ་ལ་སྟོན་མོ་སྣ་ཚོགས་ཡོད་པ་དང་།  བོད་ཚེས ༥ ནས་བཟུང་ཉིན་ལམ་གཅིག་གི་མཚམས་སུ་ཡོད་པའི་ཉེ་འབྲེལ་ཚོ་ཕན་ཚུན་ཟས་ཕུད་ཁ་ཟས་དང་མར། ཤ་དང་ཕ་ཤ་སོགས་བསྐྱལ་རེས་བྱེད་ནས་ཉིན་བདུན་ཙམ་བསྐོར་རེས་བྱེད་ཀྱི་འདུག དེ་ཡང་ཉེ་འབྲེལ་ཇི་ཙམ་མང་ན་དེ་ཙམ་ཉིན་མ་དུས་ཚོད་འགོར་བ་རེད།  བོད་ཚེས ༡༥ རྗེས་སུ་ནས་ཞིང་ལས་འགོ་ཚུགས་པ་རེད།   སྡེར་ཁའམ་མཚོན་ཏོག་རྣམས་བོད་ཚེས་བཅོ་ལྔའི་བར་དུ་གཞག་གི་འདུག   བོད་ཚེས་བཅོ་ལྔ་རྗེ་སུ་སྡེར་ཁའམ་མཚོན་ཏོག་རྣམས་མར་བཤིག་སྲོལ་འདུག   མདོར་ན་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྐབས་ཀྱི་རིག་གནས་དར་ཁྱབ་དང་།    ཆོས་ལུགས་ཤན་ཞུགས་དང་ཡུལ་སྲོལ་གཏན་འཇགས་ཀྱི་གཤིས་ལུགས་བཅས་དང་།  མཐོ་སྒང་བོད་ཀྱི་ནམ་ཟླ་དང་བསྟུན་ནས་ནོར་ལུག་འཚོ་སྐྱོང་དང་རུ་སྤོར་བ། ཞིང་འདེབས་པ་དང་སྟོན་བསྡུ་བ་སོགས་ཀྱི་རྐྱེན་ལོ་གསར་གཏོང་སྟངས་མི་འདྲ་བ་བྱུང་ཞོག་མངོན།  དེ་རིང་ཁམས་དཀར་མཛེས་ཕྱོགས་ཀྱི་ལོ་གསར་གཏོང་སྟངས་ཐད་རང་ཉིད་ཀྱིས་མཐོང་ཐོས་དྲན་སྐྱེན་དང་ཨ་རྒན་ཡེ་ཤེས་ལྷ་མཚོ་དང་ཤ་ཉེ་དགེ་སློང་ཀུན་བཟང་རྡོ་རྗེ་གཉིས་ལ་འདྲི་རྩད་རྒྱུས་མངའ་བརྒྱུད་ནས་བོད་ཚེས་གསུམ་དང་བཞི་བཅས་ཉིན་གཉིས་རིང་བྲིས་པ་ཡིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*