ཤྲཱི་ལངྒའི་གནས་སྐོར་ཉིན་དང་པོའི་ཟིན་ཐོ།

ཤྲི་ལངྐའི་གནས་སྐོར་ཉིན་དང་པོའི་ཟིན་ཐོ།

མཁན་པོ་ཀུན་དགའ་འཕྲིན་ལས། ( མི་གསོན་པོ།)
ལོ་ཆུང་བྱིས་པའི་དུས་སུ་ལེའུ་བདུན་མའི་གསོལ་འདེབས་ཀྱི་ཁྲོད་ནས་རྙེད་པའི་གནས་མཆོག་རི་བོ་གནམ་ལྕགས་མ་ལ་ཡ་གང་དུ་གནས་པའི་དག་ཞིང་ཁྱད་པ་ཅན་ཡུལ་སིངྒ་ལ་ནི་ངའི་རྨི་ལམ་ནང་གི་འཇིག་རྟེན་དེ་ཡིན་པས་བདག་གིས་འཆར་སྣང་གི་ཡུལ་སྐོར་ཟིན་ཐོ་ནང་དུ་ལན་མང་བཀོད་མྱོང་། དེས་ན་དད་འདུན་གྱི་སྣང་བ་མ་འགག་ཅིང་དག་སྣང་གི་དམ་ཚིག་མ་ཉམས་ན་ནམ་ཞིག་མཇལ་སྐལ་གྱི་དུས་བཟང་སྨིན་པ་ཆོས་ཉིད་ལྟར། ད་ལན་ཕྱི་ནང་གི་རྒྱུ་རྐྱེན་ལྷུན་གྱིས་གྲུབ་པའི་སྐལ་བཟང་གི་ལོངས་སྤྱོད་མིག་མདུན་དུ་ལྷགས་ཏེ་གནས་མཆོག་འདི་རུ་ཚོགས་ཟུང་གི་བགྱི་བ་དང་དུ་ལེན་པའི་གོམ་སྟབས་དངོས་སུ་སྤོས་པ་ཡིན། ཉིན་བཅུའི་རིང་དུ་གནས་སྐོར་གྱི་འགྲོ་གྲོན་ཡོངས་སུ་རྫོགས་པ་དད་སྦྱིན་མ་ཨེ་ཝ་ཆན་གྱིས་བཏང་བའི་དགེ་བསགས་ལའང་ཡི་རངས་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་དམིགས་ཡུལ་གཙོར་བཟུང་གིས་མཐའ་ཡས་པའི་ཕ་མ་སེམས་ཅན་རྣམས་བློ་ཡིས་བཟུང་། དངོས་སུ་འཐབ་རྩོད་དང་སྡུག་བསྔལ་གྱི་རྒྱ་རུ་ལྷུང་བའི་ཉམ་ཐག་པའི་འགྲོ་བ་རྣམས་སེམས་ནས་དྲན།

བདེ་ནས་བདེེ་བར་གཤེགས་ཀྱང་བརྩེ་བ་ཆེན་པོས་སེམས་ཅན་རྣམས་ལ་དགོངས་ཏེ་སྣ་ཚོགས་པའི་གཟུགས་ཀྱིས་གང་ལ་གང་འདུལ་གྱི་དོན་མཛད་པའི་དུས་གསུམ་བདེ་བར་གཤེགས་པ་དག་ཡིད་དུ་བྱས་ཏེ། དེ་རིང་བདག་ཅག་གི་སྟོན་མཆོག་དོན་ཀུན་གྲུབ་པ་གང་ཉིད་ཐེངས་གསུམ་དུ་ཞབས་ཟུང་གི་པདྨོ་མངོན་པར་བཀོད་དེ་སྙིང་པོའི་མདོ་བཅུའི་གཙོ་བོ་མདོ་སྡེ་ལངྐར་གཤེགས་པ་སོགས་དེ་ཁོ་ན་ཉིད་ཀྱི་གནས་ལུགས་བསྟན་པའི་མདོ་སྡེ་དུ་མ་གསུངས་པའི་གནས་ཁྱད་པ་ཅན་དང་། གསང་སྔགས་ཀྱི་བསྟན་པ་མི་ཡི་འགྲོ་བས་ལོངས་སུ་སྤྱོད་ཅིང་ཚེ་ལུས་གཅིག་ལ་ཟུང་འཇུག་གི་གོ་འཕངས་མངོན་དུ་བྱེད་ཐུབ་པའི་གསང་སྔགས་རྡོ་རྗེ་ཐེག་པ་ཆེས་ཐོག་མར་གང་དུ་དར་བའི་གནས། སྟོན་པ་སངས་ཀྱི་ཚེམ་དང་བྱང་ཆུབ་ལྗོན་པ་ཆེན་པོ་སོགས་ད་ལྟར་ཉམས་མེད་དངོས་སུ་བཞུགས་ཤིང་བྱིན་རླབས་ཀྱི་གཟི་འོད་བླ་མེད་འཕྲོ་བཞིན་པའི་གནས་ཡུལ་ཕུན་སུམ་ཚོགས་པ། རྒྱལ་ཁབ་རང་གི་ངོ་བོ་ནང་པ་སངས་རྒྱས་པར་གནས་ཤིང་དཀར་ཕྱོགས་ཀྱི་དབུ་འཕངས་མཐོ་བས་ངན་རྒུའི་སྤྱོད་པ་ཡོངས་སུ་ཞི་བའི་དཔལ་གྱི་སྲིན་ཡུལ་ལམ་ཤྲི་ལངྐ་ཞེས་ཨ་རབ་བྷིན་རྒྱ་མཚོ་ཆེན་མོའི་ལྷོ་ངོས་སུ་ཆགས་པའི་ཨེ་ཤི་ཡའི་ལྷོ་ཕྱོགས་ཀྱི་མཚོ་གླིང་དུ་གནས་སྐོར་འབྱོར། གནས་འདི་ནི་གནམ་གཤིས་ཚ་དྲོད་ཅུང་ཆེ་ཞིང་དུས་བཞི་ཡོངས་སུ་སྔོ་ལྗང་གིས་མཛེས་པའི་གླིང་ཕྲན་ཆུང་ཆུང་ཞིག་དང་། ཡུལ་མི་རྣམས་ནི་རྒྱ་གར་གྱི་མི་དང་མདོག་དབྱིབས་མཚུངས་ལ་ཟས་གོས་ཀྱི་འཚོ་བའི་གོམས་གཤིས་སོགས་ཀྱང་གཅིག་གྱུར་ལྟ་བུར་སྣང་། འོན་ཏེ་ཡུལ་འདི་ལ་གནའ་རབས་རྒྱ་གར་གྱི་རིག་གཞུང་སངས་རྒྱས་ཆོས་ཀྱི་བག་ཆགས་གཏིང་ཟབ་མོ་ཡོད་སྟབས་ལས་འབྲས་བརྩིི་སྲུང་སོགས་ལ་བརྟེན་དེང་རབས་ཀྱི་རྒྱ་གར་ཡུལ་མིའི་གཤིས་སྤྱོད་རྩུབ་པོ་དེ་འདྲ་མི་འདུག རྒྱལ་ཁབ་འདིར་ད་ཡོད་མི་འབོར་ས་ཉེར་གཅིག་དང་ཕྱེད་ཙམ་ཡོད་སྐད་འདུག རྒྱལ་ས་གཙོ་བོ་ཁོ་ལོམ་བྷོར་དང་དེ་བཞིན་གྲོང་ཁྱེར་ཆེ་ཁག་ཀན་ཌེ་དང་། ཨ་ནུ་ར་དྷ་པུར་ར་བཅས་མང་དུ་འདུག རྒྱལ་སྤྱིའི་གནམ་ཐང་རྒྱལ་ས་ཁོ་ལོམ་བྷོར་ཡོད་སྟབས་གནས་སྐོར་བ་ཕལ་ཆེ་བའི་འགྲུལ་བཞུད་དབུ་འཛུགས་བྱེད་ས་དེ་རྒྱལ་ས་ཁོ་ལོམ་བྷོ་ནས་ཡིན། རྒྱ་ནག་དང་། བལ་ཡུལ། རྒྱ་གར་སོགས་ཀྱི་ལག་ཁྱེར་ཡོད་མཁན་ཡིན་ན་གནམ་ཐང་ནས་ཁ་ཐུག་མཐོང་མཆན་ལག་ཁྱེར་སྤྲོད་ཀྱི་ཡོད་པར་མ་ཟད་སྣེ་ལེན་གྱི་གུས་བརྩི་ཡང་ལེགས། ནང་པའི་རྒྱལ་ཁབ་ཡིན་སྟབས་དགེ་འདུན་པ་ལ་བརྩི་མཐོང་ཧ་ཅང་ཆེ་བས་འགག་སྒོ་ནས་དགེ་འདུན་པའི་ལག་ཁྱེར་ལ་ཐེལ་ཙེ་རྒྱག་སྐབས་ཉེན་རྟོག་པ་ཡར་བཞེངས་ཏེ་གུས་འདུད་བྱེད་པ་དང་ཟ་ཁང་སོགས་གང་དུ་སླེབས་ཀྱང་དགེ་འདུན་པ་ལ་རས་དཀར་གྱི་ཞབས་གདན་འདིངས་ཀྱི་འདུག འོན་ཏེ་བོད་ཀྱི་གྲྭ་ཆས་ལ་མང་ཚོགས་ནས་རྒྱུས་མངའ་ཡོད་མཁན་ཉུང་ཉུང་ཡིན་པ་འདྲ། གུས་པ་སྤྱི་ཟླ་བཅུ་པའི་ཚེས་བརྒྱད་ཀྱི་མཚན་མོ་ཤྲི་ལངྐའི་རྒྱལ་ས་ཁོ་ལོམ་བྷོའི་གནམ་ཐང་ཉེ་འགྲམ་དུ་མགྲོན་ཁང་དུ་བསྡད། ད་ནང་ཞོགས་པ་ཉིན་དང་པོའི་གནས་སྐོར་རྒྱལ་ས་ཁོ་ལོམ་བྷོ་ནས་སྤྱི་ལེ་བཅུ་བདུན་ཙམ་གྱི་བར་ཐག་ཡོད་པའི་ཀེ་ལེ་ནི་ཡ་རཱ་ཛ་མ་ཧཱ་དགོན་པར་གནས་མཇལ་དུ་བསྐྱོད། དགོན་པ་འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་གང་ཉིད་སིངྒ་ལར་ཐེངས་གསུམ་དུ་བྱོན་པའི་ཕྱི་མ་སྟེ། མངོན་པར་སངས་རྒྱས་ནས་ལོ་བརྒྱད་ལོན་པའི་སྐབས་སུ་ཕེབས་པའི་གནས་མཆོག་ཁྱད་པ་ཅན་དེ་ཡིན་སྟབས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བྱིན་རླབས་དང་གཟི་བརྗིད་ལྡན་པ་ཞིག་རེད་འདུག འོན་ཏེ་ནུབ་ཕྱོགས་པའི་དྲག་སྤྱོད་ཀྱིས་དགོན་པ་འདི་ཉིད་དུས་རབས་བཅོ་ལྔ་པའི་ནང་དུ་རྩ་གཏོར་བྱས་སྟབས་དུས་རབས་བཅོ་བརྒྱད་པའི་ནང་དུ་སླར་གསོ་བྱས་འདུག

དགོན་པའི་ནང་དུ་རྟེན་གྱི་གཙོ་བོ་ལ་སྟོན་པ་སངས་རྒྱས་ཀྱི་སྐུ་བྱིན་ཅན་མི་གཟུགས་ཙམ་དང་། ཐུབ་སྐུ་མྱང་འདས་མ་ཧ་ཅང་ཆེ་བ་ངོ་མཚར་ཅན། དེ་བཞིན་སྡེབ་བྲིས་དང་སྐུ་བརྙན་སོགས་མིག་གི་རྒྱན་དང་དད་པའི་གནས་སུ་གྱུར་པ་མང་པོ་བཞུགས་འདུག ཕྱི་རོལ་དུ་མཆོད་རྟེན་དང་བྱང་ཆུབ་ལྗོན་ཤིང་སོགས་བཀོད་པ་ཕུན་སུམ་ཚོགས་པས་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་གྱུར་པ་དག་གི་སྤྱན་སྔར་ཡུལ་མི་རྣམས་ཀྱིས་མེ་ཏོག་གི་མཆོད་ཕྲེང་དང་སྣང་གསལ་གྱི་བཀོད་པ་སོགས་མཆོད་འབུལ་དང་། གསོལ་འདེབས་ཀྱི་དབྱངས་རྟ་དང་དད་འདུན་གྱི་གུས་ཕྱག་སོགས་རྗེས་སུ་ཡི་རངས་ཀྱི་གནས་སུ་གྱུར་པ་དག་དང་ལྷན། རང་ཉིད་ཀྱིས་ཐུབ་བསྟོད་དང་ཡན་ལག་བདུན་པ་སོགས་ཀྱི་སྣེ་དྲངས་རང་སེམས་མ་བཅོས་རང་གཤིས་རྗེན་པའི་ངང་དུ་རང་བབ་བསྐྱངས། བསྔོ་སྨོན་སོགས་ཀྱིས་མཐར་རྒྱན་བྱས་ཏེ་འགྲུལ་འཁོར་དུ་ཞུགས་ནས་ནེ་གྷོམ་བྷོ་རུ་ཡོད་པའི་ཨན་གྷུ་རུ་ཀརྨ་ལཱ་དགོན་པ་མཇལ་དུ་བསྐྱོད། དགོན་པ་འདི་གཞི་རྒྱ་མི་ཆེ་ཡང་ནང་དུ་སྟོན་པ་སངས་རྒྱས་ཀྱི་མཛད་ཆེན་ཁག་གི་སྡེབས་རིས་ངོ་མཚར་ཅན་གསོན་ཉམས་དོད་ལ་དད་པའི་ཚོར་སྣང་རྗེན་པ་འཆར་བའི་རྣམ་པ་ཅན་ཞིག་མཇལ་རྒྱུ་འདུག་པས་ལྷོད་མཇལ་བྱས། སླར་ཡང་འགྲུལ་འཁོར་དུ་ཞུགས་ཏེ་ཆུ་ཚོད་གཉིས་ཙམ་གྱི་སར་མཚོ་ངོགས་ཀྱི་སྤྲོ་གླིང་ཧི་ཀ་ཌུ་ཝར་འབྱོར། མཚོ་གླིང་འདི་ནི་ཡུལ་སྐོར་བའི་བསྟི་གནས་གཙོ་བོ་ཞིག་རེད་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*