ཡིག་མཁན་གཙང་པ་རིན་རྡོར་མཆོག་གི་ངོ་སྤྲོད།

༄༅། །གདན་ས་ཆེན་མོ་ངོར་ཨེ་ཝཾ་ཆོས་ལྡན་དགོན་གྱི་ཡིག་མཁན་གཙང་པ་རིན་རྡོར་མཆོག་གི་ངོས་སྤྲོད་དང་། ཁོང་གིས་བྲིས་པའི་ཡིག་གཟུགས་སྣ་ཚོགས།

ངོར་དགོན་ནང་བསྟན་བཤད་གྲྭའི་དགེ་རྒན་ཆེན་མོ་གཙང་པ་རིན་རྡོར་མཆོག་ནི། གཙང་ངོར་དགོན་ནང་བསྟན་བཤད་གྲྭར་ལོ་ངོ་ཉི་ཤུ་ལ་ཉེ་བར་ངོར་༸ཕན་བདེ་མཁན་རིན་པོ་ཆེ་དབུས་པའི་བཤེས་གཉེན་རྣམ་པའི་ཞབས་ལ་གཏུགས་ནས་རིག་གནས་སྤྱི་དང་ལྷག་དོན་ནང་བསྟན་གཞུང་ལུགས་ལ་ཐོས་བསམ་ཐར་ཕྱིན་མཛད་ནས་གཞུང་ལུགས་རབ་འབྱམས་པའི་མཚན་གནས་བླངས། ཞར་དུ་བོད་ཡིག་ཡིག་གཟུགས་ལ་སྦྱངས་བརྩོན་ཡང་གནང་ཞིང་། ངོར་དགོན་ནང་བསྟན་བཤད་གྲྭ་ཐུབ་བསྟན་མདོ་སྔགས་རིག་པའི་འབྱུང་གནས་ཀྱི་དཔེ་ཁྲིད་དགེ་རྒན་ཆེ་མོའི་ཐུགས་འགན་བཞེས།
སིལ་ལྡན་ཁ་བའི་ལྗོངས་ཀྱི་གྲགས་ཅན་གྱི་ཡིག་གཟུགས་མཁས་དབང་མང་པོ་བསྟེན་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་ཟབ་སྦྱོང་དང་ཞིབ་འཇུག་ནན་གཏན་བྱས་མཐར་གཡུར་ཟའི་སྦྱང་འབྲས་ཐོན་ནས་སྙན་གྲགས་མདོ་དབུས་ཁམས་གསུམ་ལ་ཁྱབ། ཁོང་གི་ཡིག་གཟུགས་ལ་སྲོལ་རྒྱུན་དམ་པ་གོང་མའི་བརྒྱུད་པ་བར་མ་ཆད་པའི་རུས་དང་ལྡན་ཁར། དེང་དུས་སྒྱུ་རྩལ་གྱི་ཉམས་འགྱུར་ལྷག་ཏུ་ཆེ་བས་སྐྱེ་བོ་མང་པོའི་ཡིད་དབང་འཕྲོག་ཐུབ་པ་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་སྟབས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར་སྤྱི་ཚོགས་སྟེང་གི་རིག་གནས་ལ་དགའ་ཞེན་ཡོད་པའི་མི་སྣ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་།སྔ་རྗེས་སུ་ལྗོངས་རིམ་པའི་དམིགས་བསལ་གྱི་བྱ་དགའ་དང་ཨང་དང་པོའི་བྱ་དགའ། གྲོང་ཁྱེར་དང་ས་གནས་རྫོང་རིམ་པའི་བྱ་དགའ་བཅས་སྣ་ཚོགས་ཐོབ་མྱོང་ཡོད་ལ་བོད་ཡིག་ཡིག་གཟུགས་གར་སྟེགས་སྟེང་དུ་སྣ་མང་ཡིག་གཟུགས་ལ་རང་དབང་ཐོབ་ནས་དེང་རབས་བོད་ཀྱི་ཡིག་མཁན་ཆེན་མོ་བ་ཞིག་ཏུ་གྱུར། མ་ཟད་སུ་སྐུ་ངལ་དང་འོ་བརྒྱལ་ལ་མ་འཛེམས་པར་སློབ་ཆེན་གྱི་སློབ་མ་བསྐོར་ཞིག་དང་ཡིག་གཟུགས་ལ་དུང་བའི་ན་གཞོན་གྲངས་ལས་འདས་པ་གསོ་བསྐྱོང་གནང་ཡོད་ལ་ད་ལྟ་ངོར་དགོན་ནང་བསྟན་བཤད་གྲྭའི་དཔེ་ཁྲིད་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་བཞིན་ཡོད།
ད་རེས་འདིར་རྒན་གཙང་པ་རིན་རྡོར་མཆོག་གི་ཡིག་གཟུགས་ཁག་ཅིག་དྲྭ་གྲོགས་རྣམ་པ་ཚོའི་སྤྱན་ལམ་དུ་ཕུལ་ནས་ངེས་བོད་པ་ཚང་གི་ཚེ་སྲོག་ལྟ་བུའི་ཕ་ཡིག་འདི་ཉིད་མ་ཉམས་གོང་འཕེལ་ངང་ཡུན་ནས་ཡུན་དུ་གནས་པའི་སྨོན་འདུན་ལན་བརྒྱར་ཞུ་བ་དང་ཆབས་གཅིག་ཏུ་རྒན་གཙང་པ་རིན་རྡོར་མཆོག་ངེད་ཆོལ་གསུམ་བོད་པའི་མ་འོངས་པའི་འདུམ་ལམ་དང་ཚེ་སྲོག་གི་ཆེད་སྐུ་ཚེ་ཡུན་དུ་གནས་པ་དང་མཛད་འཕྲིན་ཕྱོགས་མཐར་ཁྱབ་བཀྲ་ཤིས་པའི་སྨོན་འདུན་ཡང་ནས་ཡང་དུ་ཞུ།

ངོ་དེབ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*