རབ་འབྱམས་པའི་དམ་བཅའ།


རབ་འབྱམས་པའི་དམ་བཅའ་འཇོག་པའི་སྔོན་གྱི་ལོ་རྒྱུས།

     དཔལ་ལྡན་ས་སྐྱ་འདི་ནི་བོད་ཀྱི་རིག་གནས་བཅུ་པོའི་འབྱུང་རྩ་ཞིག་དང་བསྟི་གནས་ཤིག་ཡིན་པ་མ་ཟད།

ལྷག་པར་རྗེ་བཙུན་གོང་མ་རྣམ་ལྔའི་སྐུ་དུས་ནས་བཤད་སྒྲུབ་ཀྱི་བྱ་བ་མཐའ་དག་ལ་བཀོད་སྒྲིག་དང་ལམ་ལུགས་ཆ་ཚང་བ་ཞིག་མངའ་བར་བརྟེན་བོད་དུ་མཧཱ་པཎྜིཏའི་ཐོག་མ་ཆོས་བརྒྱུད་འདི་ནས་བྱུང་ཞིང་། སྤྱི་ལོའི་དུས་རབས་བཅོ་ལྔའི་གཡས་གཡོན་དུ་གདན་སའི་མཁན་པོ་ཀུན་མཁྱེན་གཡག་སྟོན་སངས་རྒྱས་དཔལ་དང་ཀུན་མཁྱེན་རེད་མདའ་བ་ཆེན་པོ་གཉིས་ཀྱིས་ས་སྐྱ་པའི་ཐུན་མིན་གཞུང་པོད་ཆེན་དྲུག་དང་གྲགས་ཆེན་བཅོ་བརྒྱད་ལ་རབ་འབྱམས་པའི་དམ་བཅའ་འཇོག་པའི་གོ་སྒྲིག་ལམ་ལུགས་ཐོག་མར་མཛད་དེ་སྤྱི་ལོ།༡༤༣༩ལོར་གདན་ས་ཆེན་པོར་ཀུན་མཁྱེན་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང་ཀུན་མཁྱེན་ཤེས་རབ་དཔལ་བ་གཉིས་ཀྱིས་གདན་ས་ཆེན་པོར་དཔལ་ས་སྐྱ་པའི་གཞུང་ཆེན་རབ་འབྱམས་རྒྱ་མཚོར་དམ་བཅའ་རྩོད་སྤོང་དང་གཞུང་ཆེན་བཤད་པ་མཛད་དེ་རབ་འབྱམས་པའི་མཚན་སྙན་ཐོག་མར་ཕུལ་བ་ནས་བོད་གངས་ཅན་ལྗོངས་སུ་གཞུང་ཆེན་རབ་འབྱམས་པའི་མཚན་ཐོག་མར་གྲགས་པར་བྱུང་།དེ་རྗེས་གདན་སའི་དབྱར་ཆོས་དགུན་ཆོས་གཉིས་སུ་དམ་བཅའ་དང་བཤད་པ་མཛད་པའི་ལམ་ལུགས་འདི་འཐུས་སྒོ་ཇེ་ཚང་དུ་སོང་ནས་བོད་མདོ་དབུས་ཁམས་གསུམ་གང་ས་ནས་འཇམ་མགོན་ས་སྐྱ་པའི་ཆོས་བརྒྱུད་གཙོ་བོར་བྱེད་པའི་རིས་མེད་སྐྱེས་ཆེན་མང་པོ་གདན་ས་ཆེན་པོར་ཕེབས་ཏེ་རབ་འབྱམས་པའི་མཚན་སྙན་བཞེས་པའི་སྲོལ་ལེགས་པར་དར་ཏེ་རིག་གནས་གསར་བརྗེ་ཆེན་མོ་མ་ཤར་བར་དུ་རྒྱུན་འཛིན་ལེགས་པར་ཐུབ་ཡོད།

འདི་ལོ་བོད་རབ་བྱུང་བཅུ་བདུན་ས་ཕག་ལོའི་དབྱར་ཆོས་ཆེན་མོར་སྔར་སྲོལ་བཟང་པོ་རྒྱུན་འཛིན་གྱི་གདན་ས་ཆེན་པོའི་ཆོས་གྲྭ་བརྩེ་ཆེན་ཀུན་དགའི་གླིང་དུ་གཞུང་ལུགས་རབ་འབྱམས་ལ་མཁྱེན་རྒྱ་ཡངས་པའི་སློབ་དཔོན་ཀླུ་སྒྲུབ་རྒྱ་མཚོ་དང་སློབ་དཔོན་ཡོན་ཏན་མགོན་པོ་གཉིས་ལ་རབ་འབྱམས་པའི་མཚན་སྙན་ཕུལ་བ་རེད།  ད་ཐེངས་ཀྱི་རབ་འབྱམས་པའི་དམ་བཅའ་འཇོག་པའི་དཔང་བཞུགས་སློབ་དཔོན་དུ་གདན་ས་ཆེན་པོའི་མཁན་ཆེན་ཁྲི་པ་བྱམས་པ་མཐུ་སྟོབས་སེངྒེ་མཆོག་དང་།  རྒྱ་མཚོ་དཔོན་སློབ་འཇམ་དབྱངས་ཀུན་བཟང་རྒྱལ་མཚན་མཆོག

བཤད་གྲྭ་ཆེན་མོའི་ལས་ཐོག་མཁན་པོ་དགེ་འདུན་རྒྱ་མཚོ་མཆོག་དང་འཇམ་དཔལ་ཡེ་ཤེས་རྣམ་གཉིས།དགེ་འཕེལ་དཔོན་སློབ་བློ་གྲོས་རྒྱ་མཚོ་མཆོག དཔལ་ལྡན་རྫོང་པའི་གདན་ས་གོང་དཀར་ཆོས་སྡེའི་མཁན་ཆེན་བསླབ་གསུམ་རྒྱལ་མཚན་མཆོག་དང་དཔལ་ཚར་པའི་གདན་ས་འདར་སྟོད་ཆོས་འཁོར་ཡངས་རྩེའི་མཁན་ཆེན་གྲགས་པ་རྣམ་རྒྱལ་མཆོག  དཔལ་ཚར་པའི་གདན་ས་འཕན་ཡུལ་ནཱ་ལེནྡྲའི་བཤད་གྲྭའི་ལས་ཐོག་མཁན་པོ་བསྟན་འཛིན་སྙན་གྲགས་མཆོགདཔལ་ལྡན་བོ་དོང་བའི་གདན་ས་ཡར་འབྲོག་བསམ་ལྡིངས་དགོན་གྱི་བཤད་གྲྭའི་ལས་ཐོག་མཁན་པོ་བློ་གསལ་རྒྱ་མཚོ་མཆོག  གདན་སའི་གཟིམ་ཆུང་དཔོན་སློབ་བྱམས་པ་རབ་རྒྱས་མཆོག་བཅས་ཀྱིས་དབུ་བཞུགས་མཛད་པའི་ཐོག དགོན་སྡེ་བཅུ་ཕྲག་གི་མཁན་པོ་དང་།གོང་དཀར་ཆོས་སྡེ་དང་ནཱ་ལེནྡྲ། འདར་གྲང་མོ་ཆེ། བསམ་ལྡིངས་དགོན། དིང་རི་ཐོས་བསམ་གླིང་སོགས་ཀྱི་ལུང་རིགས་པ་མང་པོ་མཉམ་བཞུགས་མཛད་ཡོད། ཉིན་མ་མཐའ་མ་ཚེས་གསུམ་ཉིན་སློབ་དཔོན་གཉིས་ལ་རབ་འབྱམས་པའི་ལག་འཁྱེར་ཕུལ་བ་རེད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*