མཁས་གྲུབ་ཀུན་དགའ་དཔལ་ལྡན་གྱི་རྣམ་ཐར།

སྡེ་དགེའི་ཤར་བླ་མ་མཁས་གྲུབ་ཀུན་དགའ་དཔལ་ལྡན་གྱི་རྣམ་ཐར་མདོར་བསྡུས་བཞུགས།
མདོ་ཁམས་སྡེ་དགེ་བྱང་འབྲོག་གི་ས་ཆ་ཡིད་ལྷུང་དུ་གྲགས་པ་ན་ཡུལ་ལྷ་ཆེན་པོ་ཤོ་རོང་རྡོ་རྗེ་རྩེ་རྒྱལ་གྱི་ཉེ་འདབས་སུ་རིགས་རུས་ཁྱད་དུ་འཕགས་པའི་ཡག་ཤུལ་ཚང་ཞེས་དམ་པའི་སྐྱེས་བུ་མཁས་གྲུབ་དུ་མ་བྱོན་པའི་ཁྱིམ་རྒྱུད་དུ་རབ་བྱུང་བཅུ་གསུམ་པའི་མཇུག་ཏུ་མཛེས་སྐུ་ཆུ་སྐྱེས་པདྨ་གཞོན་ནུའི་འདབ་མ་ལས་གྲོལ་ཏེ་སྐྱེ་འགྲོའི་མགོན་དུ་གཟུགས་སྐུ་བལྟམས། སྔོན་བྱོན་དམ་པའི་ཞལ་རྒྱུན་དུ་སྐྱེས་རབས་དུ་མ་ལམ་བཟང་གོམས་པའི་བག་ཆགས་ཀྱི་མཐུས་སོ་སྐྱེ་ཐ་མལ་གྱི་སྤྱོད་པ་རིང་དུ་སྤངས་ནས་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་ས་ཐོབ་བྱང་སེམས་ཀྱི་རྣམ་ཐར་ལྷན་སྐྱེས་སུ་མངའ། འཁོར་བ་ལ་ངེས་འབྱུང་སྐྱོ་ཤས་དང་། སེམས་ཅན་ལ་སྙིང་རྗེ་ཆེ་བས། ཉམ་ཐག་རྒས་རྒོན་དང་ནད་པ་སོགས་ལ་བརྩེ་བས་བྱམས་སྐྱོང་གནང་ནས་གཅེས་གཅེས་གསུངས་ནས་འབྱོན་པས་ཡག་ཤུལ་བུ་གཅེས་སམ་གཅེས་གཅེས་ཞེས་ཆུང་མིང་ལ་ཡང་དེ་ལྟར་ཐོགས་ཚུལ་གྲགས།
ཆུང་ནས་ཡིད་ལྷུང་ལྷ་རྒྱལ་དགོན་དུ་ཆོས་ཞུགས་མཛད་ནས་དགོན་དེའི་ཆོ་ག་ཆོས་སྤྱོད་འདོན་གདངས་དབྱངས་གཙོས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་སོགས་ཤེས་བྱའི་གནས་མཐའ་དག་ལ་ཐོགས་པ་མེད་པས་མཁྱེན་པ་རབ་ཏུ་རྒྱས་པས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར། ཐོག་མར་ཆོས་སྡེ་དེའི་བསྟན་འཛིན་གྱི་གཙོ་བོ་ཚེ་རབས་དུ་མར་ནས་འབྲེལ་བའི་རིགས་ཀྱི་བདག་པོ་༸གྲུབ་མཆོག་དམ་པ་ངག་དབང་རིན་ཆེན་གྱི་ཞབས་པད་མཉེས་པ་གསུམ་གྱིས་སྐུའི་རྗེས་སུ་བཟུང་སྟེ་དཔལ་གུར་གྱི་མགོན་པོའི་རྗེས་སུ་གནང་བས་ཆོས་སྒོ་ཕྱེས་ནས་བཟུང་། དགེ་བསྙེན་གྱི་སྡོམ་པ་དང་། དཔལ་འཁོར་ལོ་བདེན་མཆོག་གི་དབང་ཆེན་བསྐུར་བས་མཚོན་སྔ་རྗེས་ཅི་རིགས་པར། ཐུན་མོང་དང་ཐུན་མིན་གཙུག་ལག་སྒོ་དུ་མ་དང་། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་རྒྱབ་བརྟེན་མན་ངག་ཕྱག་བཞེས་སོགས་ཟབ་རྒྱས་ཆོས་བཀའ་རྒྱ་ཆེར་གསན་པས་རྟགས་མཚན་དགེ་བས་ཐུགས་ཀྱི་སྲས་སུ་གྱུར་པའི་རྟེན་འབྲེལ་ངང་གིས་འགྲིག །ངོར་ཨེ་ཝཾ་ཆོས་ལྡན་དུ་ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པས་གཙོས་སྡོམ་པ་གསུམ་གྱི་ཆོས་སྐོར་ཡོངས་རྫོགས་གསན་ཏེ། མཚན་ལ་ཀུན་དགའ་དཔལ་ལྡན་ཞེས་གསོལ། གཞན་ཡང་སྡེ་དགེ་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་ནམ་སྡེ་དགེ་ཡབ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དང་། ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ། ས་སྐྱའི་རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། གྲུབ་མཆོག་དམ་པ་ཨ་འཛི་ངག་དབང་ཆོས་འབྱོར་གཙོས་ས་ངོར་གྱི་མཁས་གྲུབ་ཡོངས་འཛིན་དམ་པ་དུ་མ་བསྟེན་ནས་ཐུན་མོང་དང་ཐུན་མིན་གྱི་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་གསན་སྦྱངས་དཔྱིས་ཕྱིན་པར་མཛད། རྒྱུན་དུ་དཔལ་ཀྱཻ་རྡོ་རྗེ་དང་། མགོན་པོ་ཕྱི་ནང་གསང་གསུམ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ཀྱི་ཐུགས་དམ་ཉམས་བཞེས་གཙོ་བོར་མཛད་ཅིང་། དགོན་དེའི་རྒྱབ་ངོའི་མཁའ་སྤྱོད་ཡངས་རྩེའི་དབེན་རི་དང་། ཡིད་ལྷུང་ལྷ་མཚོ་ཁར་སོགས་སུ་ལྷག་པའི་ལྷ་རབ་འབྱམས་ཀྱི་གྲངས་དང་མཚན་མའི་བསྙེན་པར་མཐར་ཕྱིན་པར་མཛད་ནས་མཁས་དང་གྲུབ་པའི་རྩེ་མོར་སོན་དེ་དགོན་དེའི་མཁན་པོ་ལོ་མང་ལ་མཛད་པས། མཚན་ལ་མཁན་ཆེན་ཀུན་དཔལ་ལམ། མཁས་གྲུབ་ཀུན་དགའ་དཔལ་ལྡན་ཞེས་གྲུབ་པའི་གྲགས་སྙན་ཆེས་ཆེར་ལྡན། དགོན་དེ་ཉིད་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ནས་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དང་དགོན་དཔོན་གཅིག་ཆོག་མཛད་པ་དང་། སྡེ་དགེའི་དཔོན་མགོ་བཞིའི་ཡ་གྱལ་ཡིད་ལྷུང་ལྷ་རུ་དཔོན་ཚང་གི་དབུའི་མཆོད་གནས་སུ་བསྐུར་ཏེ་ལྷ་མི་སྡེ་དང་བཅས་པ་ལ་མཛད་རྗེས་བླ་མེད་ཆེ།
ཕྱིས་སུ་རྗེ་ཉིད་ཀྱི་ཐུན་མིན་རིགས་བདག་གྲུབ་མཆོག་དམ་པ་ངག་དབང་རིན་ཆེན་མཆོག་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོ་རྣམ་གཉིས་ཀྱི་བཀའ་ལྟར་སྡེ་དགེ་དགོན་ཆེན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་མོར་ཕེབས་ནས་དགོན་ཆེན་དགོན་པའི་ཤར་ནུབ་ཀྱི་བླ་མ་གཉིས་དང་། རྒྱལ་མཚན་བླ་མ། དབྱར་གནས་མཁན་པོ་བཅས་བླ་ཆེན་བཞིའི་ནང་གི་ཤར་བླ་མའི་ཁྲི་ལ་བཀོད་ནས། ཤར་མགོན་ཁང་བདུད་དཔུང་ཟིལ་གནོན་དུ་རྒྱུན་བཞུགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོ་དང་། མགོན་པོ་ཚར་ལུགས་ལྟར་གྱི་གཏོར་བཟློག་སོགས་དུ་མའི་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོ་དམ་ཚིག་བརྟན་པའི་རྡོ་རྗེ་ཡབ་སྲས་ཀྱི་སྐུའི་སྲུང་བ་པོ་གཙོ་གྲས་སུ་མཛད་པས་མཚོན་བྱ་བ་ལས་ཀྱི་འཁོར་ལོས་བསྟན་འགྲོར་སྨན་པའི་བགྱི་བ་རླབས་པོ་ཆེ་འབའ་ཞིག་གནང་སྟེ། འཇམ་དབྱངས་བློ་གཏེར་དབང་པོས་མཛད་པའི་ཐར་རྩེ་ཁུ་དབོན་གསུམ་གྱི་རྟོགས་བརྗོད་ལས། མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ལུང་རིགས་སྨྲ་བ་བདུན་གྱི་ཡ་གྱལ། རབ་འབྱམས་མདོ་རྒྱུད་རྒྱ་མཚོའི་ངེས་གསང་ཐུགས་སུ་ཆུད་ཅིང་འཆད་རྩོད་རྩོམ་གསུམ་ལ་དབང་བསྒྱུར་བའི་མཁས་པ་ཆེན་པོ་ཤར་བླ་མ་ཀུན་དགའ་དཔལ་ལྡན་ཞེས་བསྔགས་པ་ལྟར། དེ་ནས་བཟུང་ཤར་བླ་མ་ཞེས་པའི་མཚན་ཐོགས་པ་གྲགས་སོ།།

ཐུགས་སྲས་ཀྱི་གཙོ་བོ་ངོར་ཨེ་ཝྃ་ཕན་ཁང་མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སློབ་བཤད་ཀྱི་སྨིན་གྲོལ་རྒྱབ་རྟེན་ལུང་གི་སྐོར་བཅས་ཡོངས་རྫོགས། ལུས་སྦྱོང་འཕྲུལ་འཁོར་ཕྲིན་ལས་སོ་གཉིས་ལ་སོགས་པའི་ཕྱག་ལེན་གྱི་རིམ་པ་དང་བཅས་པ། གཞན་ཡང་གསེར་ཆོས་བཅུ་གསུམ། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་ཁྲིད་རྭ་པོད་དང་བཅས་པ། མགོན་པོ་བཀའ་བབས་བཞིའི་དབང་ཕྱི་ནང་གསང་བའི་སྨིན་ཁྲིད་དང་བཅས་པ། ཞིང་སྐྱོང་དབང་པོ་ཞལ་བཞི་པའི་ཆོས་སྐོར་སྨིན་གྲོལ་རྒྱབ་རྟེན་ལུང་གི་སྐོར་པོད་གཉིས་སོགས་མན་ངག་ཡོངས་སུ་རྫོགས་པ་གནང་ནས། རྗེ་རང་ཡང་ཆོས་བདག་པོ་ལ་འཕྲོད་པས་ཤིན་ཏུ་སྐལ་བ་བཟང་ཞེས་ཐུགས་དགྱེས་དགྱེས་མཛད་དེ་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་འབའ་ཞིག་ཐུགས་ལ་བརྣག་སྟེ་ཞུ་བ་པོ་སོ་སོའི་ངོར་བྱས་སྨིན་གྲོལ་གྱི་ཆོས་འཁོར་བར་མེད་པར་བསྐོར། གསུང་གི་གསང་བ་འཛིན་པའི་ཞལ་སློབ་ཀྱང་ངོར་ཨེ་ཝྃ་ཕན་ཁང་མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས་དང་། དཔལ་ས་སྐྱ་༧གོང་མ་ཕྱོགས་ཀྱི་གླང་པོ། ས་སྐྱའི་རྗེ་བཙུན་མ་རྟ་མགྲིན་དབང་མོ། ཤར་ཆེན་ཞབས་དྲུང་ཤེས་རབ་རྒྱལ་མཚན། ངོ་མཚར་བཀའ་བབས་བདུན་གྱི་མངའ་བདག་ཐར་རྩེའི་ཞབས་དྲུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། སྐུ་ཚ་མཁས་གྲུབ་བློ་གྲོས་རྒྱལ་མཚན་དང་། མཁས་དབང་སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས་སྐུ་མཆེད། མཁས་བཙུན་བློ་གྲོས་ཡེ་ཤེས། གནུབས་ཟོག་མཁན་པོ་ཡོན་ཏན་ཕུན་ཚོགས་གཙོས་དེ་དུས་ས་ངོར་གྱི་མཁས་གྲུབ་ཕལ་མོ་ཆེ་རྗེ་འདིའི་ཞབས་ལ་མ་གཏུག་པ་མེད། ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཆེན་མོ་དམ་ཚིག་བརྟན་པའི་རྡོ་རྗེ་ཡབ་སྲས་བཙུན་བློན་སྤྱི་དང་། ཡིད་ལྷུང་ལྷ་རུ་དཔོན་གཙོས་མཁས་བཙུན་གྲུབ་པའི་རྣལ་འབྱོར་པ། ཚེ་བློས་བཏང་གི་བྱ་བྲལ། སྟོབས་འབྱོར་མངའ་ཐང་ཅན་གྱི་དད་སྦྱིན་རྣམས་ཀྱིས་མཚོན་ཐུགས་བརྩེས་གཟུང་བ་བགྲང་འདས་གཞལ་དུ་མེད། རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་སྤྱི་ལོ་༡༨༦༢་ལོར་ཉག་སྐེད་བུ་ལོང་མའམ་མགོན་པོ་རྣམ་རྒྱལ་དཔུང་གིས་སྡེ་དགེར་བཙན་འཛུལ་བྱས་ཏེ་དགོན་པ་རྣམས་གཏོར་བརླག་གིས་ཉམས་ཉེས་ཆེན་པོ་ཐེབས་དུས་ལྷ་རྒྱལ་དགོན་པའི་སྒོར་ཡིག་དཀར་ཆག་ལ་བལྟས་ཏེ་ནང་རྟེན་རྩ་ཆེན་སྐུ་གསུང་ཐུགས་རྟེན་རྣམས་གཏོར་བརླག་ཚབས་ཆེན་བཟོས་རྗེས་དམ་པ་འདིས་ཉམས་གསོ་རྒྱ་ཆེར་གནང་། རྫ་སྨད་དུ་ཤེལ་གུར་འབར་ཆུང་དགོན་ཞེས་པ་ཕྱག་བཏབ། གཞན་རྫ་གླང་གཡག་དགོན་གཙོས། མདོ་ཁམས་སྟོད་སྨད། མི་ཉག །ལི་ཐང་། ཨ་མདོ་སོགས་སུའང་ཕེབས་ནས་དགོན་སྡེ་ཁག་ལ་དབང་བསྐུར་ཆོས་འཆད་སྤེལ་སོགས་མཛད་པས་ཤར་བླ་མ་ཀུན་དགའ་དཔལ་ལྡན་ཞེས་མཚན་སྙན་འཛིན་མིའི་ཁྱོན་ཀུན་ཁྱབ་སྟེ་བློ་ལྡན་གཟུར་གནས་རྣམས་ཀྱིས་དད་པའི་སྙིམ་པ་ཨུ་དུམྦཱ་རས་ཡོངས་སུ་བཀང་སྟེ་བསྔགས་བརྗོད་ཀྱི་སིལ་མ་ཕྱོགས་ཀུན་འཐོར་བཞིན་པ་འདིའོ།།
ཁོང་གི་བརྩམས་ཆོས་ཀྱང་གྲུབ་ཆེན་ཀུན་དགའ་བློ་ལྡན་གྱི་རྣམ་ཐར་དམ་པའི་གསུང་སྒྲོས་དང་། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་ཁྲིད་ཡིག་སྲིད་གསུམ་ཉི་བུའི་གཡུལ་ཟློག །དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྡིག་སྦྱོང་སྒོ་དགུའི་རྣམ་བཤད་གཞན་ཕན་མཛེས་རྒྱན། སངས་རྒྱས་སྨན་བླ་མཆེད་བདུན་གྱི་རྗེས་གནང་གི་བླ་མ་བརྒྱུད་པའི་གསོལ་འདེབས་ཐུགས་རྗེ་གནད་བསྐུལ། སྨན་བླ་མཆེད་བདུན་གྱི་དབང་བརྒྱ་བསྐུར་ཚུལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཟབ་ཁྲིད་འཆད་ཐོ་སྨིན་གྲོལ་དངོས་གྲུབ་རབ་འཕེལ། གདམས་ངག་བྱུང་ཚུལ་གྱི་ཟིན་བྲིས་གསང་ཆེན་བསྟན་པ་རྒྱས་བྱེད་ཀྱི་ཞལ་སྐོང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཁྲིད་འཆད་ཚུལ་ཚར་ཆེན་ཐུགས་ཐིག །བཅོམ་ལྡན་འདས་མ་རིག་བྱེད་ལྷ་མོའི་བསྐྱེད་རྫོགས་ཀྱི་རྣམ་བཤད་མཆོག་ཐུན་དངོས་གྲུབ་འགུགས་པའི་ལྕགས་ཀྱུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་རིམ་པའི་འཆད་ཐབས་བླ་མ་དམ་པའི་ཞལ་ལུང་། ལུས་སྦྱོང་དང་འཕྲུལ་འཁོར་གྱི་ལག་ལེན་གསལ་བར་བཀོད་པ་གཏུམ་མོའི་མེ་དྲོད་རང་འབར། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཕྱི་ཁྲིད་དང་གསང་ཁྲིད་འཆད་ཚུལ་གསང་བ་ལས་ཀྱང་ཆེས་གསང་བ་ཟབ་མོའི་དོན་ཚང་ཞལ་གྱི་དྲོད་ལྡན། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒྲུབ་པའི་ཐབས་ཀྱི་རིམ་པ་རྣམ་པ་གསུམ་གྱི་བསྙེན་ཐབས་དགོས་པ་ཀུན་ཚང་། མགོན་པོའིདབང་གི་མཆོད་བཤམས་ཀྱི་ཐོ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་གསང་སྒྲུབ་ལྷ་དགུའི་སྦྱིན་སྲེག་ནུས་པ་མཐར་ཕྱིན། མགོན་པོ་ཁྲོ་བོ་བཅུ་གཅིག་གི་ལས་ཕྱི་མ་གསུམ་གྱི་སྦྱིན་སྲེག་གི་ཐོ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པའི་སྲུང་བཟློག་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་ཁྲིད་ཐུན་མོང་མ་ཡིན་པ་འཆད་ཚུལ་ཟབ་མོའི་དོན་གྱི་སྙིང་པོ། དཔལ་མགོན་ཞལ་བཞི་པ་དཀར་པོ་ཚེ་འཕེལ་གྱི་སྒོ་ནས་འཆི་མེད་སྒྲུབ་པའི་གདམས་ངག་ཟླ་བའི་བདུད་རྩི། ལམ་འབྲས་བླ་མ་མཆོད་པའི་ཆོ་ག་ལ་སོགས་པ་གསུང་ཆོས་མང་དུ་བཞུགས། ད་དུང་བདག་གི་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པའི་གསུང་རྩོམ་མང་དུ་ཡོད་ངེས་སོ།།
དེ་ལྟར་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་འབའ་ཞིག་ཐུགས་ལ་བརྣག་སྟེ་ལམ་རིམ་པ་གཉིས་ཀྱི་ལག་ལེན། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ཐམས་ཅད་ཉམས་ལེན་གྱི་གནད་ལ་དྲིལ་བ་ཁོ་ནར་མཛད། དེའི་འབྲས་བུར་ལྷག་ལྷ་དམ་ཅན་རྒྱ་མཚོའི་ཞལ་གཟིགས་དང་། ལུང་བསྟན་དབུགས་དབྱུང་། གྲུབ་པའི་མཚན་མ། དུས་གསུམ་གསལ་གཟིགས་ཀྱི་མངོན་ཤེས་མངའ་བ་སོགས་ས་ཆེན་པོ་ལ་བཞུགས་པའི་རྟགས་མཚན་ཐུན་མོང་གདུལ་བྱའི་སྣང་ངོར་གྱུར་པ་བསམ་བརྗོད་ལས་འདས་པ་བྱུང་བར་གྲགས།

མཐར་དགུང་གྲངས་བརྒྱད་ཅུ་ལྷག་བཞུགས་ཏེ་དཔལ་ཀྱཻ་རྡོ་རྗེའི་ལམ་རིམ་གཉིས་ཟབ་མོ་ལས་མ་གཡོས་བཞིན་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་རྒྱུན་སྐྱོང་སྟེ་གཟུགས་སྐུའི་བཀོད་པ་དོན་དམ་འཕོ་འགྱུར་མེད་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ།། །།
ཞེས་དམ་པ་འདིའི་རྣམ་ཐར་སོན་ཙམ་འདི་འང་རང་བཟོའི་སྒྲོ་བཏགས་སྤངས་ཏེ་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་སྒྲོས་དང་། ལམ་འབྲས་བླ་མའི་རྣམ་ཐར། མཁྱེན་བརྩེའི་བཀའ་འབུམ་སོགས་ཚད་ཐུབ་ཀྱི་ཡིག་ཆ་ཁག་ལ་གཞིར་བཅོལ་ཏེ་ཆོས་སྡེ་དེའི་གྲལ་མཐར་གནས་པ་འཁྱམ་པོ་བཤད་སྒྲུབ་བསྟན་འཛིན་གྱིས་རྩོམ་སྒྲིག་བྱས་པའི་དགེ་བས་བདག་སོགས་ཐམས་ཅད་དཔལ་ལྡན་བླ་མ་དམ་པས་རྗེས་སུ་འཛིན་པའི་རྒྱུ་གྱུར་ཅིག །དགེའོ།། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*