ཁྭ་ཏ། མུ་འགོད་སྒྲུང་ཐུང་ཁག

སྒྲུང་ཐུང་བཅུ་བཞི་པ། <<ཁྭ་ཏ།>>

«ལྷད་མེད་ཀྱི་བརྩེ་དུང་ནི་ཁྱད་འཕགས་ཀྱི་ནོར་བུ་ཞིག་གོ།»

                           —ཐང་གླུད་ཀྱིས་བསྒྱུར། 

སྔོན་མའི་དུས་ཤིག་ལ།  ཡུལ་ཞིག་ལ་གཞོན་ནུ་ཡིད་དུ་འོང་བ་ཞིག་ཡོད།    ཁོ་ནི་མི་ཧ་ཅང་སེམས་བཟང་ཞིག་ཡིན་པ་དང་རྟག་ཏུ་འདབ་ཆགས་དང་སྲོག་ཆགས་ཚང་མར་བྱམས་ཀྱིས་སྐྱོང་གི་ཡོད།   ཉིན་ཞིག་གདུག་པ་ཅན་གྱི་འདྲེ་མོ་ཞིག་གིས་གཞོན་ནུ་དེ་མཐོང་བ་དང་ཧབ་ཆ་ཆེན་པོས་ཁོ་ལ། “ཉིན་མོར་ཁྱོད་མི་ཞིག་ཡིན་ཡང་།  མཚན་མོར་ཁྭ་ཏ་ཞིག་ཏུ་འགྱུར་བར་ཤོག”ཅེས་དམོད་མོ་བྱས།  ཉིན་ཞིག་ལ་སྨན་ཆུང་མཛེས་མ་ཞིག་གིས་གཞོན་ནུ་ཡིད་དུ་འོང་བ་དེ་མཐོང་བ་དང་ཁོ་ལ་སེམས་པ་ཤོར།   གཞོན་ནུ་དེས་སྨན་ཆུང་མར་འདྲེ་མོའི་དམོད་མོའི་སྐོར་ཚང་མ་བཤད་ཀྱང་། སྨན་ཆུང་དེ་ཁོ་དང་མཉམ་དུ་གཉེན་སྒྲིག་བྱེད་པར་འཐད་པ་བྱུང་།  ཁོ་གཉིས་མཉམ་དུ་ཧ་ཅང་སྐྱིད་ན་ཡང་།  འདྲེ་མོའི་དམོད་མོར་བརྟེན། མཚན་མོའི་དུས་སུ་གཞོན་ནུ་དེ་ཁྱིམ་ནས་སྡོད་ཐབས་བྲལ་བས་མཚན་གང་བོར་གང་སར་འཕུར་ནས་འདུག་དགོས།    མཚན་མོ་ཞིག་ལ། གཞོན་ནུ་དེས་རང་གི་ཡིད་དུ་འོང་བའི་ཆུང་མའི་སེམས་པ་མི་སྐྱིད་པའི་ཚུལ་དེ་མཐོང་དུས།  རང་སྟེང་ལ་དམོད་མོ་ཕོག་པར་ཡིད་སེམས་རབ་ཏུ་སྐྱོ་ནས་ཐག་རིང་ཞིག་ལ་ཕུར།  འོན་ཀྱང་།  ཁོའི་ཆུང་མ་ཁོ་ལ་ཧ་ཅང་དགའ་བས་ཉིན་མང་པོར་ཁོའི་རྗེས་སུ་བསྙེགས།   

ཆུང་མ་དེས་རི་ཀླུང་ཤོད་གསུམ་རྒལ་བའི་སྐབས་སུ་དཀའ་ཁག་མང་པོར་འཕྲད།  ཚུལ་དེ་དག་ཁོ་མོའི་མགོན་གྱི་ལྷ་མོས་གཟིགས་ནས།  ལྷ་མོ་དེས་བརྩེ་སེམས་ཅན་གྱི་ཆུང་མ་དེ་ལ་སྙིང་རྗེ་ཚད་མེད་སྐྱེས།   དེར་བརྟེན།   ལྷ་མོས་འདྲེ་མོ་དེ་བཏུལ་ཅིང་།  གཞོན་ནུ་དེ་འདྲེ་མོའི་ངན་སྔགས་ལས་ཐར་པ་བྱས།  དེ་མ་ཐག་ཏུ་ཁྭ་ཏ་དེ་སྔོན་གྱི་གཞོན་ནུ་དེ་ལ་ཕྱིར་གྱུར།   དེ་ནས་ཅང་མ་འགོར་བར་གཞོན་ནུ་དང་། ཁོའི་ཆུང་མ་གཉིས་བདེ་ཞིང་སྐྱིད་པའི་ངང་ནས་མཉམ་དུ་རང་ཁྱིམ་ལ་ལོག་གོ།

༢༠༡༩/༥/༡༨  གཟའ་སྤེན་པ།

སྒྲུང་ཐུང་བཅོ་ལྔ་པ། <<གསེར་གྱི་ཁང་བཟང་།>>

«དགེ་བའི་འབྲས་བུ་ནི་བདེ་སྐྱིད་ཀྱི་ཁང་བཟང་ཞིག་གོ།»

                    —ཐང་གླུད་ཀྱིས་བསྒྱུར།

སཱ་ར་ཧ་ནི་བུད་མེད་ཧ་ཅང་ཕྱུག་པོ་ཞིག་སྟེ།  མོ་ལ་ཁང་པ་ཆེན་པོ་ཞིག་དང་།   རླངས་འཁོར།  ངོ་མཚར་ཅན་གྱི་གྱོན་ཆས་སྣ་ཚོགས་ཡོད།  དེ་ལྟར་ན་ཡང་།   མོའི་འདོད་བློ་ཁྱོན་ནས་མི་ཚིམ་པར།   མོས་དུས་རྟག་ཏུ་དངོས་པོ་དེ་ལས་མང་བ་བྱུང་ན་འདོད་པ་དང་།   ཉིན་ལྟར་རང་ཉིད་ལ་ལྷམ་དང་བུད་མེད་ཀྱི་གྱོན་ཆས་གསར་བ་རེ་ཉོ།  མོས་རང་ཉིད་ལ་ཁེངས་དྲེགས་ཆེན་པོས། “ང་ལ་རྒྱུ་ནོར་ལོངས་སྤྱོད་ལྡན་པས། ངས་ཅི་ཞིག་ཡིན་ནའང་ཉོ་ཐུབ”ཅེས་བཤད།  ཉིན་ཞིག སཱ་རས་རང་གི་གྲོགས་པོ་ཕྱུག་བདག་ཚང་མའི་ཁང་པའི་ཁྲོད་ནས་ཁང་པ་ལེགས་ཤོས་དེ་རང་ཉིད་ལ་ཡོད་ན་འདོད་དེ།  གསེར་གྱི་ཁང་པ་ཞིག་ཉོ་རྒྱུར་སེམས་ཐག་བཅད།   མོ་མི་མང་པོ་ཞིག་གི་འགྲམ་དུ་བཅར་ཏེ། “སྐུ་མཁྱེན། གསེར་གྱིས་བཞེངས་པའི་ཁང་བཟང་གང་དུ་བཙོང་རྒྱུ་ཡོད་པ་དེ་ང་ལ་གསུང་རོགས”ཞེས་ཞུ་བ་བྱས།  འོན་ཏེ། མི་སུ་གཅིག་གིས་ཀྱང་མོ་ལ་རོགས་བྱེད་མ་ཐུབ་པ་རེད།    མཚན་མོ་དེར། མོའི་མགོན་སྐྱབས་ཀྱི་ལྷ་མོ་ཞིག་སཱ་རའི་རྨི་ལམ་ནང་བྱོན་ཏེ། སཱ་ར་ལ། “ཁྱོད་ཀྱིས་དབུལ་པོར་རོགས་བྱེད་ཀི་ཡོད་དམ། ཁྱོད་ཀྱིས་དབུལ་ཕྲུག་ཚོར་སློབ་ཁྲིད་བྱེད་ཀི་ཡོད་དམ། ཁྱོད་ཀྱིས་རྒན་འཁོགས་ལ་ལྟ་རྟོག་བྱེད་ཀི་ཡོད་དམ”ཞེས་དྲིས་པ་ན།   སཱ་ར་ཅུང་ཙམ་མགོ་འཐོམས་ཏེ།  “མེད། ངས་དེ་ཚོའི་ནང་ནས་གང་ཡང་བྱེད་ཀི་མེད།”ཅེས་བཤད། ལྷ་མོ་ན་རེ། “གལ་ཏེ་ཁྱོད་ཀྱིས་དེ་དག་བྱས་ན། ཁྱོད་ཀྱིས་གསེར་གྱི་ཁང་པ་ཞིག་རག་རྒྱུ་རེད”ཅེས་གསུངས་སོ།།   རྒྱུ་མཚན་དེ་ལ་བརྟེན་ནས། སཱ་རས་རྒན་འཁོགས་དང་དབུལ་པོ་ལ་རོགས་བྱེད་པའི་འགོ་བརྩམས་འདུག བྱ་བ་རླབས་ཆེན་དེ་དག་གིས་མོ་ལ་བདེ་སྐྱིད་བྱིན་པ་དང་། མཐའ་མཇུག་སཱ་རའི་ཡིད་སེམས་རབ་ཏུ་ཚིམས་པར་གྱུར། དགེ་བའི་བྱ་བ་བསྒྲུབས་ནས་རང་གི་སེམས་པ་དེ་གསེར་གྱི་ཁང་བཟང་ཞིག་འགྱུར་བས་ན།  མོས་ད་གཟོད་རང་གི་རྨི་ལམ་དུ་ལྷ་མོ་དེ་བྱོན་དགོས་པའི་རྒྱུ་མཚན་ཡོངས་སུ་རྟོགས་སོ།།།

༢༠༡༩/༥/༡༩  གཟའ་ཉི་མ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*