འཛམ་གླིང་གི་ཆོས་ལུགས་ཆེན་མོ་གསུམ་གྱི་དུས་ཆེན་གཏོང་སྲོལ།

རྩོམ་པ་པོ། རྫོང་གསར་མཁན་ཆེན་གཞན་ཕན་སྙིང་པོ།

དང་པོ་ཡེ་ཤུལ་ཆོས་ལུགས། ༡༽འཁྲུངས་སྐར་དུས་ཆེན། ༢༽འདས་ལོག་དུས་ཆེན། ༣༽དཀའ་སྤྱད་དུས་ཆེན་གསུམ་ནི་ཡེ་ཤུལ་བའི་དུས་ཆེན་གལ་ཆེ་ཤོས་གསུམ་ཡིན་ཞིང་། དུས་ཚོད་འདི་དག་ཏུ་གཞུང་ཞབས་ལས་བྱེད་པ་ནས། སློབ་གྲྭའི་སློབ་མ་དང་། མང་ཚོགས་དཀྱུས་མའི་བར་རྗེས་མཇུག་ཀུན་གྱིས་གཅིག་གྱུར་ཐོག་གཞི་རྒྱ་ཆེ་བའི་དུས་ཆེན་ལ་རོལ་བཞིན་ཡོད་པས་འཛམ་གླིང་རང་བཞིན་གྱི་དུས་ཆེན་ཆེ་གྲས་ཞིག་ལ་གྱུར་ཡོད།

གཉིས་པ་དབྱི་སི་ལན་ཆོས་ལུགས།

༡༽ལྷ་དྲན་དུས་ཆེན། ༢༽སྨྱུང་གནས་དུས་ཆེན། ༣༽དམར་མཆོད་དུས་ཆེན་གསུམ་ནི་དབྱི་སི་ལན་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེ་ཤོས་གསུམ་ཡིན་ཞིང་། དུས་ཚོད་འདི་དག་ཏུ་རྗེས་མཇུག་ཀུན་གྱིས་གཅིག་གྱུར་ཐོག་དུས་ཆེན་ལ་རོལ་བཞིན་ཡོད་པ་མ་ཟད་ཆོས་ལུགས་འདི་ཉིད་དར་ཁྱབ་ཆེ་བའི་སྲིད་གཞུང་དག་གིིས་ཀྱང་རྒྱབ་སྐྱོར་རྒྱ་ཆེར་བྱེད་བཞིན་ཡོད་པས་འཛམ་གླིང་རང་བཞིན་གྱི་དུས་ཆེན་ཞིག་ལ་གྱུར་ཡོད། །

གསུམ་པ་སངས་རྒྱས་ཆོས་ལུགས།

༡༽འཁྲུངས་སྐར་དུས་ཆེན། ༢༽སངས་རྒྱས་པའི་དུས་ཆེན། ༣༽མྱང་འདས་དུས་ཆེན་གསུམ་ནི་སངས་རྒྱས་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེ་ཤོས་གསུམ་ཡིན་ཡང་ད་དུང་གཅིག་གྱུར་བྱུང་ཐུབ་མེད་པ་ནི་གཞུང་དམངས་གཉིས་ཀྱིས་བསྡུས་པའི་ཤར་ཕྱོགས་ཀྱི་ནང་པའི་རྗེས་མཇུག་དག་གིས་བསྒྲུབ་མ་ནུས་པའི་སྟོང་ཆ་ཆེན་པོ་ཞིག་རེད། འོན་ཀྱང་དགའ་འོས་པ་ཞིག་ལ་ཕྱི་ལོ་༡༩༥༤ལོར་རྒྱལ་ཁབ་བཞི་བཅུ་ཙམ་གྱི་མི་སྣ་ལས་གྲུབ་པའི་ནང་བསྟན་མཛའ་གྲོགས་ཚོགས་པས་ས་ག་ཟླ་བའི་ཚེས་པ་བཅྭོ་ལྔ་དེ་༼འཛམ་གླིང་སངས་རྒྱས་ཀྱི་ཉིན་མོ༽ར་གྲོས་ཆོད་བྱུང་དོན་ལྟར་ལྷོ་བརྒྱུད་ནང་བསྟན་དར་ཁྱབ་བྱུང་བའི་རྒྱལ་ཁབ་མང་པོར། སྟོན་པ་སངས་རྒྱས་སྐུ་འཁྲུངས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གཏོང་སྲོལ་རིམ་བཞིན་གོང་འཕེལ་བྱུང་ཡོད་པ་དང་། དེ་ནས་༡༩༩༩ལོ་མཉམ་འགྲེལ་རྒྱལ་ཚོགས་ཀྱིས་ཚོགས་ཆེན་སྟེང་ནས་གྲོས་གཞི་ཆེན་མོ་54/115པ་གྲོས་འཆམ་བྱུང་བ་ལྟར་ཝེ་སག་༼བོད་སྐད་དུ་ས་ག་ཟླ་བ་ཞེས་པའི་དོན་ཡིན་༽དུས་ཆེན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་བྱུང་ཡོད་པ་མ་ཟད། ལོ་ལྟར་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད། དུས་ཚོད་གཏན་འབེབ་བྱེད་སྟངས་དེ་ལྟར་ན་འདི་ལོའི་དུས་ཆེན་གྱི་དངོས་གཞི་བོད་ཟླ་གསུམ་པའི་ཡར་ཚེས་བཅྭོ་ལྔ་ལ་ཁེལ་ཡོད། འདིའི་གནད་འགག་ནི་སྤྱི་ཟླ་ལྔ་པའི་ནང་གི་ཟླ་བ་ཉ་གང་བའི་ཉིན་མོ་རུ་དུས་ཚོད་གཏན་ཁེལ་མཛད་པས་བོད་ཚེས་བཅྭོ་ལྔ་ལ་འགྱུར་བ་མེད་ཀྱང་ཟླ་ལྷག་ཡོད་མེད་ཀྱི་དབང་གིས་བོད་ཟླ་གསུམ་པ་དང་བཞི་པ་ཅི་རིགས་པ་ལ་འགྱུར་བ་འགྲོ་བཞིན་ཡོད། འོན་ཀྱང་སྤྱི་ཟླ་ལྔ་པ་དང་དེའི་ནང་གི་ཟླ་བ་ཉ་གང་གི་ཉིན་མོ་ལ་ལོ་རྟག་པར་འགྱུར་བ་མེད་དོ། །
དེས་ན་རྒྱལ་སྤྱིའི་རང་བཞིན་གྱི་ནང་པའི་དུས་ཆེན་གཅིག་པུ་འདི་ཉིད་ནང་པའི་རྗེས་འཇུག་ཀུན་གྱིས་སྣང་མེད་དུ་འཇོག་མི་རུང་བར་སེམས་སོ། །
ཞེས་གུས་པ་གཞན་ཕན་སྙིང་པོས་༢༠༡༩/༥/༥ཉིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*