ཡོངས་འཛིན་རིན་པོ་ཆེ་མཆོག་དྲན་པའི་དད་སེམས་དྲོན་མོའི་གདུང་དབྱངས།

རྩོམ་པ་པོ། མཁན་པོ་སྡེ་དགེ་ཀུན་དགའ་འཕྲིན་ལས། ( མི་གསོན་པོ།)

བརྩེ་ཆེན་ཐུགས་བསྐྱེད་ཀྱི་འགྲོ་ཚོགས་ལ་གཟིགས་ཤིང་།།

ལུང་རྟོགས་བསྟན་པ་ཡི་མེ་རོ་དེ་གསོས་པའི།། 

རིས་མེད་རྒྱལ་བསྟན་ལ་བཀའ་དྲིན་ཡང་ཆེ་བའི།།

ཀུན་དགའ་དབང་ཕྱུག་ཁྱེད་སྙིང་དབུས་ནས་དྲན་ནོ།།

སྤྲུལ་པའི་སྟངས་སྟབས་ཤིག་བསྒྱུར་བ་ནི་མིན་ཡང་།།

དཀའ་དཔྱད་འབད་པ་ཡི་མི་ཚེ་དེ་ཧྲིལ་པོ།།

ཐོས་བསམ་སྒོམ་གསུམ་ལ་སྐྱེལ་བ་ཡི་ལག་རྗེས།།

ལུང་རྟོགས་བསྟན་པ་དེ་སྲིད་རྩེ་རུ་བསྒྲེངས་སོང་།།

གཟུངས་དང་སྤོབས་པ་ཡི་ཤེས་རབ་དེ་ཟད་མེད།།

ཆགས་ཐོགས་ཀུན་བྲལ་གྱི་ཡེ་ཤེས་ལ་རོལ་ཞིང་།།

བདེ་སྟོང་ཟུང་འཇུག་གི་དགའ་བཞི་དེ་བརྙེས་པའི

གསང་གསུམ་རྒྱན་འཁོར་ལ་འཕོ་འགྱུར་ཞིག་མེད་སྐད།།

རྡུལ་བྲལ་ཡེ་ཤེས་ཀྱི་སྤྱན་རས་དེ་གཡོ་མེད།།

བརྩེ་ཆེན་དོན་ཡོད་ཀྱི་ཞགས་པས་ནི་འཁྱུད་པའིི།

བདག་སོགས་འགྲོ་བ་དེ་རྗེས་སུ་རུ་བཟུང་པའི།།

སྐུ་བཞི་བདག་ཉིད་ལ་བཤེགས་བཞུད་དེ་དབེན་ནོ།།

མ་དག་ཐ་མལ་གྱི་སྣང་ངོ་འདི་བཙན་ཞིང་།།

སྐྱེ་འཆི་བགྲེས་རྒུད་ཀྱི་འདུ་ཤེས་ནི་དྲག་སྟབས།།

བདག་སོགས་མིག་སྔར་ནས་མཁན་ཆེན་ཁྱེད་ཡལ་བའི།།

ལོ་ངོ་བཅུ་ཕྲག་གི་ནམ་ཟླ་ཞིག་ཤར་བྱུང་།།

འདས་སོང་ལོ་རྒྱུས་ལ་ཕྱིར་མིག་ཅིག་བཅེར་པས།།

བཀའ་དྲིན་ཕུང་པོ་ཞིག་ཡིད་ངོགས་སུ་ལྷུང་སོང་།།

དྲིན་བཟོའི་སེམས་པ་དེ་འགྱུར་བ་དང་བྲལ་ཞིང་།།

བསྟན་འགྲོའི་དོན་བསྒྲུབ་ཀྱི་ཡིད་དམ་ཞིག་བཅའ་ཆོག།

དད་སེམས་དྲོན་མོ་ཞིག་སྙིང་ཁར་དུ་རུམ་པས།།

བྱིན་རླབས་ཆར་རྒྱུན་དེ་རང་རྒྱུད་དུ་འཕོས་སོང་།།

གསོལ་འདེབས་དབྱངས་རྟ་ཞིག་གདུང་བ་ཡིས་གྱེར་ཏེ།།

རྗེས་དྲན་སེམས་ཚོར་འདི་ཡོན་ཆབ་ཏུ་བཤམས་ཡོད།།

མདོ་རྒྱུད་བསྟན་བཅོས་ཀྱི་ཟབ་མོ་ཡི་དགོངས་དོན།།

བརྒྱུད་པའི་མན་ངག་གི་གནད་གསང་ཞིག་དཀྲོལ་སྟབས།།

ཤེས་རིག་དཔལ་ཡོན་གྱི་དབྱར་མཚོ་དེ་རྒྱས་པའི།།

དྭངས་གཙང་ཟེགས་མ་ཡི་མཆོད་ཡོན་ཞིག་སྦྲེངས་ཆོག།

ཚད་མེད་ཐུགས་བསྐྱེད་ཅིག་ཐུགས་ཀར་རུ་བསྣམས་ཏེ།།

གཞལ་མེད་བཀའ་དྲིན་གྱིས་བདག་སོགས་རྣམས་བསྐྱངས་པའི།།

དྲིན་བྱས་སེམས་པ་ཞིག་སྙིང་ཁར་འདིར་ཉར་ཏེ།།

ཞབས་རྡུལ་པད་མོ་དེ་མིག་ཆུ་ཡིས་བསིལ་ཆོག།

ལེགས་ཉེས་བླང་དོར་གྱི་ཆར་རྒྱུན་དེ་འཇོ་ཞིང་།

བདག་བློ་དད་གསུམ་གྱི་ཞིང་ས་རུ་བསྐྱིལ་བས།།

ཉམས་རྟོགས་ཡོན་ཏན་གྱི་རྩི་ཤིང་དེ་རྒྱས་ཏེ།།

དད་དམ་མེ་ཏོག་གི་མཆོད་སྤྲིན་ཞིག་སྤྲོ་ཆོག། 

སྡོམ་གསུམ་ཉེས་ལྟུང་གི་དྲི་མ་ནི་ཕྲ་མོ།།

ཆ་ཤས་རྡུལ་ཙམ་གྱིས་གོས་པ་དེ་བྲལ་པའི།།

ཚུལ་ཁྲིམས་དྲི་བསུང་གྱི་མཛད་པ་དེ་དྲན་བཞིན།།

རྣམ་དག་དད་པ་ཡི་བདུག་སྤོས་ཤིག་སྒྲོན་ཆོག

དྲི་མེད་ལེགས་བཤད་ཀྱི་སྣང་བྱེད་ཞིག་སྦར་བས།།

མི་ཤེས་རྨོངས་པ་ཡི་མུན་རྒྱ་དེ་དཀྲོལ་བའི།།

ཐར་པའི་ལམ་སྟོན་གྱི་བཤེས་གཉེན་གང་དྲན་བཞིན།།

དད་སེམས་དྲོན་མོ་ཡི་མཆོད་མེ་ཞིག་ཕུལ་ཆོག།

ཡིད་འོང་ལྷུན་ཆགས་ཀྱི་མཚན་དཔེ་ཡི་གཟུགས་སྐུ།།

གང་གིས་མཇལ་ཙམ་གྱི་ཐར་པ་ཡི་ས་བོན།།

རྒྱུད་ལ་ཐོགས་མེད་དུ་འཇོག་པ་གང་དྲན་ཞིང་།།

བདུད་རྩི་ཟེགས་མ་ཡི་དྲི་ཆབ་ཞིག་འབུལ་ཆོག།

ཟབ་རྒྱས་དམ་ཆོས་ཀྱི་དགའ་སྟོན་དེ་བསྩལ་སྟེ་།།

ལུས་ཟུངས་ལྟོ་གོས་ཀྱི་བདག་རྐྱེན་ཡང་གནང་བའི།།

ཆོས་དང་འཇིག་རྟེན་གྱི་བཀའ་དྲིན་དེ་བསམ་ཞིང་།།

ལྷད་མེད་དད་པ་ཡི་ཞལ་ཟས་ཤིག་དྲངས་ཆོག།

གང་ཐུགས་ཟག་མེད་ཀྱི་དབྱིངས་ཀློང་ནས་སྤྲོས་པའི།།

ཆོས་འཁོར་རྣམ་གསུམ་གྱི་སྒྲ་དབྱངས་དེ་བསྒྲགས་སྟབས།།

དུས་མཐའ་རྫོགས་ལྡན་དུ་བསྒྱུར་བ་དེ་དྲན་ཞིང་།།

ལེགས་བཤད་མཆོད་འབུལ་གྱི་རོལ་མོ་ཞིག་དཀྲོལ་ཆོག།

ཁྱེད་སྐུ་མཚན་དཔེ་ཡི་བཀོད་པ་དེ་བསྡུས་ཀྱང་།།

ཟག་མེད་ཐུགས་དགོངས་ཀྱི་མཁྱེན་བརྩེ་ནི་ཟབ་མོས།།

དུས་ཀུན་འབྲལ་མེད་དུ་རྗེས་སུ་རུ་བཟུང་བའི།།

ཉམ་ཐག་བུ་ལ་ནི་ཐུགས་རྗེས་ཤིག་གཟིགས་འཚལ།།

སློབ་འབངས་ཀྱི་ཐ་ཤལ་བ་མི་གསོན་པོས་འདས་མཆོད་ཉིན། ཆུ་གཉིས། ཉེར་སྤྱོད་ལྔ་རོལ་མོ་དང་བཅས་མཆོད་ཕྲེང་དང་སྦྱར་ཏེ་ཤར་མར་བྲིས།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*