བོད་ཀྱི་སྲོལ་རྒྱུན་བྲིས་འབུར་སྒྱུ་རྩལ་སྐོར།

སྤྱན་རས་གཟིགས་ཕྱག་བཞི་པའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་ནང་ནོར་བུ་ཕུལ་དགོས་མིན་ལ་དཔྱད་པ་དྲི་མེད་མ་ཀུ་ར། །
སྨན་གྲོང་ནོར་བུ་སྲིད་ཐར་གྱིས།
བོད་ཀྱི་སྲོལ་རྒྱུན་བྲིས་འབུར་སྒྱུ་རྩལ་གྱི་ལམ་ནས་ལྷ་སྐུ་འབྲི་བཞེངས་ཀྱི་བརྗོད་དོན་ནི་ནང་ཆོས་རིག་གནས་དང་ཁ་བྲལ་ཐབས་རྩ་བ་ནས་མེད་པས་དེ་ནི་རང་གར་བཟོ་བཅོས་བྱས་ན་མི་འགྲིག་པའི་ནང་དོན་ཞིག་ཡིན་པ་དེ་ཡང་ནང་ཆོས་རིག་གནས་ལ་སློབ་སྦྱོང་གནང་མྱོང་མཁན་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཤིང་། ཚད་ལྡན་གྱི་ལྷ་སྐུ་ཞིག་བྲི་བཞེངས་བྱ་དགོས་ཚེ་སྐུའི་ཆ་ཚད་ནི་ངེས་པར་དུ་རྒྱུད་སྡེ་ནས་བསྟན་པའི་ཆ་ཚད་ཀྱི་རིག་གཞུང་ཁག་དང་མཐུན་དགོས་པ་དང་། ཕྱག་སྟབས་དང་། ཕྱག་མཚན། བཞུགས་སྟངས། སྐུ་མདོག རྒྱན་ལ་སོགས་པ་རྣམས་ནི་ངེས་པར་དུ་རང་རང་གི་རྒྱུད་ནས་གསུངས་པའི་མངོན་རྟོགས་དང་སྒྲུབ་ཐབས་སོགས་དང་མཐུན་པ་དགོས་རྒྱུ་ནི་ཚད་ལྡན་གྱི་བྲིས་འབུར་སྒྱུ་རྩལ་པ་དག་གིས་རྒྱུན་ལྡན་གྱི་ཤེས་བྱར་བརྩི་དགོས་པ་ནི་གསལ་བཤད་ཀྱི་དགོས་པ་མ་མཆིས།
དེས་ན་འདིར་གླེང་བར་བྱ་བའི་དོན་ནི་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་སྣང་བརྙན་འབྲི་བཞེངས་སྐབས་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཞེས་པའི་ནང་དུ་ནོར་བུའི་ཕྱག་མཚན་ཕུལ་དགོས་མིན་སྐོར་ཡིན་ཅིང་། དེ་ནི་གོང་དུ་ཞུས་པ་ལྟར་སྤྱན་རས་གཟིགས་ཀྱི་མངོན་རྟོགས་དང་མཐུན་པ་འབྲི་དགོས་རྒྱུ་དེ་ནི་སུས་ཀྱང་བསྙོན་ཐབས་མེད་པ་ཞིག་ཆགས་ཡོད། འོ་ན་སྤྱན་རས་གཟིགས་ཕྱག་བཞི་པའི་ཕྱག་དང་པོ་གཉིས་གང་འདྲ་ཞིག་འབྲི་དགོས་སམ་ཞེ་ན། དེ་ཡང་སྔོན་གྱི་ལྡེབས་རིས་དང་ཞལ་ཐང་རྙིང་པ་ཚད་ལྡན་རྣམས་ནི་སྣར་ཐང་གི་བཀའ་འགྱུར་དང་། ལྷ་སའི་ཞོལ་པར་མའི་བཀའ་འགྱུར། སྡེ་དགེའི་པར་ཕུད་བཀའ་འགྱུར། ཅོ་ནེའི་བཀའ་འགྱུར། ཤེལ་མཁར་བཀའ་འགྱུར་བྲིས་མ་ལ་སོགས་པའི་ནང་གཅིག་མཚུངས་སུ་བཀོད་པའི་«འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་» ཞེས་པའི་ནང་། “པདྨ་དང་། ཉི་མ། ཟླ་བའི་གདན་ལ་ཧྲཱི༔འི་འཕྲོ་འདུ་ལས་ཞལ་གཅིག་པ་ལ་ཕྱག་བཞི་པ། དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་འོག་མ་ན་བགྲང་ཕྲེང་མུ་ཏིག་དཀར་པོ། གཡོན་འོག་མ་ན་པདྨ་དཀར་པོ་བསྣམས་པ། སྐུ་མདོག་དཀར་པོ་ཞབས་རྫོགས་པའི་སྐྱིལ་ཀྲུང་བཅས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་། རིན་པོ་ཆེའི་དབུ་རྒྱན་གྱིས་མཛེས་པ།” ཞེས་འཁོད་ཡོད་པ་དེ་དག་གཙོ་བོར་བཟུང་ནས་འབྲི་བཞེངས་གནང་ཡོད་པ་ནི་གཤམ་གྱི་ལྡེབས་རིས་དང་ཞལ་ཐང་གི་སྐུ་པར་རྙིང་པ་དག་ལས་མཁྱེན་ཐུབ་ཅིང་། དེ་ལྟར་དུ་འབྲི་དགོས་པའི་རྒྱུ་མཚན་ཡང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཚང་མ་ནི་རྒྱལ་བའི་བཀའ་འགྱུར་ལ་བརྟེན་མི་དགོས་པ་མེད་པའི་ཕྱིར་དང་།
དེ་མཚུངས་སྒྲུབ་ཐབས་བརྒྱ་རྩའི་ནང་གི་བཀའ་བདམས་ལྷ་བཞི་ལས་ «འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་»ཞེས་པ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པའི་ «རང་གཞན་དོན་ལ་མ་ཎི་སྨོན་ལམ་འབྲེལ་མ་བྱེད་པ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཉེ་བརྒྱུད་འགྲོ་དོན་མཁའ་ཁྱབ་མ།»ཞེས་པ། འབྲི་གུང་བཀའ་བརྒྱུད་ཆོས་མཛོད་ཆེ་མོའི་ནང་གི་ «འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་མདོར་བསྡུས།»ཞེས་པ། མུས་ཆེན་སེམས་པ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་«སྤྱན་རས་གཟིགས་ཀྱི་མངོན་རྟོགས་བཞུགས་སོ།»ཞེས་པ། དེ་བཞིན་༧པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་ «འཕགས་པ་སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་བསྒོམ་ཚུལ།»ཞེས་པ་དང་། རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་«སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྲིད་གཞིའི་གདུང་སེལ།» ཞེས་པ། ཡོངས་འཛིན་པཎ་ཌྲི་ཏ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་«མགོན་པོ་སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་བྱ་ཚུལ་སྙིང་པོ་དྲིལ་བ་དངོས་གྲུབ་ཆར་འབེབ།» ཞེས་པ་ལ་སོགས་པ་བོད་ཀྱི་ཆོས་བརྒྱུད་མི་འདྲ་བའི་ཚད་ལྡན་གྱི་སྐྱེས་ཆེན་དུ་མའི་གསུང་འབུམ་ནང་དུའང་བཀའ་འགྱུར་དང་མཐུན་པའི་སྒྲུབ་ཐབས་མང་པོ་མཇལ་རྒྱུ་ཡོད་པ་འདི་དག་ལ་གཟིགས་ན་མཁྱེན་ཐུབ་པས་འདིར་ཡི་གེ་མང་བར་འཇིགས་ཏེ་རེ་རེ་བཞིན་བཀོད་མེད་ཀྱང་། གོང་ཞུས་བསྟན་བཅོས་དེ་དག་དང་མཐུན་པར་འབྲི་བཞེངས་གནང་བའི་སྤྱན་རས་གཟིགས་ཕྱག་བཞི་པའི་སྣང་བརྙན་ནི་ལྡེབས་རིས་དང་ཞལ་ཐང་རྙིང་པ་རྣམས་ཀྱི་ནང་དུའང་མང་པོ་མཇལ་རྒྱུ་ཡོད་པའི་ཚབ་མཚོན་ཙམ་ནི་ཞལ་ཐང་གི་སྐུ་པར་དེ་དག་ལས་མཁྱེན་ངེས་སོ།
འོན་ཏེ་ཕྱིས་སུ་རི་མོ་བ་ཁག་གཅིག་གིས་རང་གར་རྟོགས་བཟོ་བྱས་པ་ཡིན་ནམ་ཡང་ན་བླ་མ་ག་གེ་མོ་བ་ཞིག་གིས་བསྒྱུར་བཅོས་བྱེད་དུ་བཅུག་གནང་མིན་ཐད་དཔྱད་ཡིག་སོགས་ཀྱི་དཔང་རྟགས་མ་རྙེད་ཀྱང་། སྤྱན་རས་གཟིགས་ཕྱག་བཞི་པའི་སྣང་བརྙན་མང་པོ་ཞིག་གི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་ནང་ནོར་བུ་སྔོན་པོ་ཞིག་ཕུལ་པ་མཇལ་རྒྱུ་ཡོད་ལ་ད་ལྟ་ཡང་དེ་ལྟར་དུ་འབྲི་མཁན་ཡོད་པ་ནི་ང་ཚོ་ཚང་མའི་མཐོང་ཆོས་སུ་གྱུར་ཡོད། དེ་ལྟར་ཕྱག་གཉིས་ཐལ་མོ་སྦྱར་ཞེས་པའི་ནང་ནོར་བུ་སྔོན་པོ་ཕྱག་མཚན་ལྟ་བུར་འབྲི་སྲོལ་ཡོད་པ་དེར་པིར་ཐོགས་པ་བདག་གིས་བསམ་པར། ང་ཚོ་བཟོ་བོ་རང་ཉིད་ལ་བཀའ་བསྟན་ལས་ལྷག་པའམ་ཡང་ན་བཀའ་བསྟན་དང་མཐུན་པའི་དམིགས་བསལ་གྱི་དགོས་པ་དང་རྒྱུ་མཚན་ཞིག་བཤད་རྒྱུ་མེད་པ་དང་། ཡང་ན་མཁས་དབང་ག་གེ་མོ་ཞིག་གིས་ཚད་ལྡན་གྱི་རྒྱུད་སྡེ་འདི་དང་འདི་ལ་བརྟེན་ནས་བྱུང་བའི་བསྟན་བཅོས་ཡོངས་གྲགས་སུ་ཞལ་བཞེས་གནང་བཞིན་པ་ཞིག་བསྟན་རྒྱུ་མེད་ཚེ། འབྲི་སྲོལ་དེ་ནི་མ་དག་རྒྱུན་འབྱམས་ཤིག་ཡིན་པར་བཞག་ན་མི་འོས་པ་མེད་པ་ཡང་གོང་ཞུས་ཀྱི་བཀའ་བསྟན་རྣམས་སུ་“དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་”ཞེས་པ་ལས་ནོར་བུ་འཛིན་ཞེས་འཁོད་མེད་པའི་ཕྱིར་ན། ང་ཚོ་ཚང་མས་དོན་དེར་སྣང་ཆུང་རྩ་བ་ནས་བྱེད་མི་ཉན་པ་མ་ཟད་མྱུར་དུ་སྙིགས་དོར་བཅུད་ལེན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་བ་ཡང་། རིག་གནས་སྒྱུ་རྩལ་འདིའི་རིན་ཐང་དང་བླ་སྲོག་གི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་འདི་ཉིད་བཀའ་འགྱུར་དང་ཡོངས་སུ་མཐུན་མིན་གྱི་གནས་ཚུལ་དང་ཡང་འབྲེལ་བ་ངེས་ཅན་ལྡན་འདུག་སྙམ། དེ་མིན་བླ་མ་སྐྱེས་ཆེན་ཁག་གཅིག་ལ་དག་སྣང་དུ་བྱུང་ནས་སྐབས་འཕྲལ་དུ་བྲིས་པ་ཞིག་ཡིན་ཕྱིན་དེ་ནི་ཡོངས་གྲགས་ཤིག་མ་ཡིན་པས་རྒྱུན་ལྡན་རང་བཞིན་དུ་འབྲི་རུང་མིན་སོགས་ཀྱི་བླང་དོར་ཤེས་པ་དགོས་རྒྱུ་དེ་ཡང་གནད་ཀྱི་དམ་པ་ཞིག་ཏུ་མཐོང་ངོ་།
མདོར་ན་གོང་དུ་སྤྱན་རས་གཟིགས་ཕྱག་བཞི་པའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་ནང་ནོར་བུ་ཕྱག་མཚན་དུ་ཕུལ་དགོས་མིན་སྐོར་གླེང་བ་དེ་ནི་རིག་པའི་གཞུང་ལུགས་ཀྱིས་ལག་ལེན་ཡང་དག་ཡོང་རྒྱུར་ལམ་སྟོན་བྱ་རྒྱུའི་ཚན་རིག་དང་མཐུན་པའི་ཐབས་ལམ་སྤྱད་པ་ཞིག་ཡིན་ལ། རིག་གཞུང་ཞིབ་འཇུག་བྱ་རྒྱུའི་དགོས་པ་དང་དམིགས་ཡུལ་མངོན་པ་ཞིག་ཀྱང་རེད། འོན་ཏེ་དཔྱད་དོན་གནད་ལ་འཁེལ་མིན་དང་ལུང་རིགས་ཀྱི་རྒྱབ་བརྟེན་ཁུངས་བཙུན་མིན་སོགས་ཀྱི་ཐད་ང་ཚོ་ཚང་མར་དཔྱད་ཞིབ་བྱ་རྒྱུའི་འོས་འགན་ཡོད་ལ་དབང་ཆའང་ལྡན་ཡོད་པས་ཕན་ཚུན་སློབ་སྦྱོང་དང་། བགྲོ་གླེང་། ཉམས་མྱོང་སྤེལ་རེས་སོགས་ཞུས་ན་ཆོག་པ་དང་། གལ་ཏེ་རྩོམ་ཐུང་འདིར་བདེན་པ་ཅུང་ཟད་ཡོད་པར་གཟིགས་ཚེ། བོད་ཀྱི་སྲོལ་རྒྱུན་བྲིས་འབུར་སྒྱུ་རྩལ་གྱི་རིག་གཞུང་དང་ལག་ལེན་གཉིས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཡོང་ཆེད་ཀྱི་བསླབ་བྱ་ཞིག་ལ་རྩིས་ཏེ་སྙིགས་དོར་བཅུད་ལེན་བྱ་དགོས་རྒྱུ་ནི། རིག་གནས་འཕེལ་རྒྱས་དང་རིག་གནས་ཕན་ཚུན་འགལ་བ་མང་པོ་འཕྲད་བཞིན་པའི་དུས་རབས་ཉེར་གཅིག་པས་ང་ཚོར་སྤྲད་པའི་འགན་འཁྲི་གལ་ཆེན་ཞིག་ཏུ་ངོས་འཛིན་གནང་དགོས་སྙམ་མོ། ། ཞལ་དྲོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*