འོད་ཟེར་ཅན་མའི་ཆོས་ཚོགས་ལོ་གཅིག་ཧྲིལ་བོ་འཁོར་བའིབྱམས་བརྩེ་མཉམ་སྤྱོད་ཀྱི་ལས་འགུལ།

༢༠༡༩ ལོའི་ཕྱི་ཟླ ༢ པའི་ཚེས ༢ ཉིན། ཨ་རིའི་གྲོང་ཁྱེར་སི་ཡ་ཀྲལ་དུ་ཡོད་པའི་འོད་ཟེར་ཅན་མ་མཆེད་གྲོགས་ཚོགས་པའི་ཡན་ལག་རུ་ཁག་གིས་༼བྱམས་བརྩེ་མཉམ་སྤྱོད༽ཞེས་པའི་ལས་འགུལ་ཐེངས་གཉིས་པ་སྤེལ་བ།
ཐེངས་འདིའི་ལས་འགུལ་ནི་སྐྱབས་མཆོག་༧འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་གནང་ཞིང་། སྐྱབས་མཆོག་༧འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་དང་རྒྱལ་ཡུམ་ཆེན་མོ་མཆོག་དང་བདག་མོ་རྣམ་པ། ས་སྐྱ་དགོན་པའི་དགེ་འདུན་པ་རྣམས་དང་ཚོགས་པའི་དང་བླང་པ་བཅས་མཉམ་ཞུགས་གནང་ཞིང་། ཨ་རིའི་གྲོང་ཁྱེར་སི་ཡ་ཀྲལ་གྱི་ཁྲོམ་སྲང་གི་རྟེན་མེད་འཁྱམ་པོ་དང་དབུལ་པོ་བརྒྱ་ཕྲག་དུ་མ་ལ་མཛའ་ཞིང་བརྩེ་བའི་ཐུགས་ཁུར་དང་རོགས་སྐྱོར་གནང་། དང་བླང་པ་དྲུག་ཅུ་ལྷག་གིས་ཐེངས་འདིའི་བྱམས་སྙིང་རྗེའི་ལག་ལེན་ཁྲོད། བལ་གྱི་ཞྭ་མོ་དང་རྐང་ཤུབས་སོགས་དགུན་དུས་ཀྱི་རྒྱུན་མཁོ་ཅ་དངོས་བདུན་བརྒྱ་ལྷག་དང་། རོ་བཅུད་ཀྱིས་ཕྱུག་ཅིང་ཚ་རླངས་འཕྱུར་བའི་གསོལ་ཚིགས་བཅས་གྲྭ་སྒྲིག་གནང་ལ། དེ་མིན་ད་དུང་ས་གནས་དེ་གའི་ཟས་རིགས་ས་ཚིགས་ལ་ཟས་རིགས་མང་པོ་ཞལ་འདེབས་ཕུལ།
སྐྱབས་མཆོག་འཁོན་གདུང་རིན་པོ་ཆེ་རྣམ་པ་གཉིས་དང་དང་བླང་པ་རྣམ་པ་དངོས་སུ་གྲོང་ཁྱེར་དེའི་ཁྲོམ་ལམ་ལ་ཆེད་མངགས་ཕེབས་ཤིང་དེ་གའི་འཁྱམ་པོ་དང་ཟས་གོས་ཀྱིས་ཕོངས་པའི་མི་རྣམས་ལ་དགུན་དུས་རྒྱུན་མཁོའི་ཅ་དངོས་དང་ཉིན་གུང་གསོལ་ཚིགས་ཕུལ། གཞན་ད་དུང་ས་གནས་མི་འདྲ་བ་ཁ་ཤས་ཀྱི་མི་འཁྱམས་པོ་བསྡུ་ཉར་ཁང་དུ་མ་ཞིག་ལ་དགུན་དུས་རྒྱུན་མཁོའི་ཅ་དངོས་ཁག་གཅིག་སྐྱེལ་འདྲེན་གནང།
ཉིན་ཤས་རྗེས་སུ་སི་ཡ་ཀྲལ་དུ་མཐོང་དཀོན་པའི་ཁ་བ་བུ་ཡུག་གིས་རྒོལ་བས། ངེད་ཚོགས་པས་ཁོང་རྣམ་པ་ལ་ཕན་ཐོགས་ཅུང་ཟད་བྱུང་ཡོད་བའི་རེ་བ་ཡོད།
ཐེངས་འདིའི་ལས་འགུལ་ནི་འོད་ཟེར་ཅན་མ་མཆེད་གྲོགས་ཚོགས་པ་བཙུགས་ནས་ལོ་གཅིག་འཁོར་བའི་དུས་ལ་ཁེལ་བས། འདི་ངེད་མཆེད་གྲོགས་ཚོགས་པའི་ཧུར་ཐག་འབད་འབུངས་འདི་རྗེས་དྲན་གྱི་དོན་ཅན་དུ་གྱུར། མཐར་ཐེངས་འདིའི་ཐུན་མིན་གྱི་ལས་འགུལ་ལ་རྒྱབ་སྐྱོར་རམ་འདེགས་དང་། ཐུགས་ཁུར་གནང་མཁན་གྱི་དང་བླང་པ་རྣམས་དང་སྦྱིན་པའི་བདག་པོ་རྣམས་ལ་སྙིང་ཁུངས་རུས་པའི་གཏིང་ནས་ལེགས་གསོལ་བསྔགས་བརྗོད་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*