༧སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།

སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།

གང་གི་རྨད་བྱུང་ཡོན་ཏན་མཐའ་ཡས་ཤིང་།།

གང་གི་རྨད་བྱུང་ཡོན་ཏན་མཐའ་ཡས་ཤིང་།། 

འཕྲིན་ལས་ཚོགས་ཀྱང་གྲངས་ལས་འདས་པས་ན།། 

ཇི་བཞིན་རྫོགས་པར་བརྗོད་པར་མི་སྤོབས་ཡང་།།

ཡིད་ཀྱི་གསོས་སུ་ཅུང་ཟད་འགོད་ལ་སྤྲོ།། 

 ཞེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བས་དགེ་ལེགས་ཀྱི་ལམ་ཡངས་པོར་ཕྱེ་ནས་རྗེ་བཙུན་བླ་མ་དེ་ཉིད་ཀྱིས་རིགས་ཅན་གསུམ་གྱི་གདུལ་བྱར་ཆོས་ཀྱི་འཁོར་ལོ་སྐོར་བ་སོགས་ཕྱི་ནང་གསང་བའི་རྣམ་པར་ཐར་པ་ནི། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱོད་ཡུལ་ལས་བདག་ལྟ་བུ་ཐ་མལ་པས་ཇི་བཞིན་བརྗོད་པ་དང་འབྲི་བར་ག་ལ་ལང་། འོན་ཀྱང་གང་ཤེས་པ་དང་བློ་ངོར་འཆར་བའི་རྣམ་པར་ཐར་པ་ཅུང་ཟད་ཞིག་ཡིད་ཀྱི་གསོས་སུ་འབྲི་བར་བྱ་སྟེ། དེ་ཡང་ཇི་སྐད་དུ་གཡུང་སྟོན་རྡོ་རྗེ་དཔལ་གྱི་གསུང་ལས། སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །ཆེ་བརྗོད་དྲག་པས་བླ་མ་ཟོག་པོར་གཏོང་། །ཞེས་གསུངས་པ་ལྟར་མ་ཡིན་པར་གདུལ་བྱ་ཐུན་མོང་གི་སྣང་ངོར་བསྟན་པའི་མཛད་པ་དག་འབྲི་བར་དོན་བཞི་སྟེ། སྐུ་བལྟམས་ནས་གོང་མའི་ཡང་སྲིད་དུ་ངོས་འཛིན་པའི་ཚུལ། རིས་མེད་ཀྱི་བླ་མ་དུ་མ་བསྟེན་ནས་སློབ་གཉེར་མཛད་ཚུལ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་སྤེལ་ཚུལ། བྱ་བ་ལས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་ཇི་ལྟར་གནང་བའི་ཚུལ། 

རབ་བྱུང་བཅུ་དྲུག་པའི་ལྕགས་མོ་གླང་གི་ལོ༼སྤྱི་ལོ ༡༩༦༡༽ཧོར་ཟླ་ལྔ་པའི་ཡར་ངོའི་ཚེས་ལྔ་གཟའ་སྐར་ཤིན་ཏུ་དགེ་བའི་ཉིན་ངོ་མཚར་བའི་ལྟས་བཅས་སྐུ་བལྟམས། 

ངོ་མཚར་བའི་གྲུབ་པའི་རྟགས་བྱུང་ཚུལ་དང་བཅས་ལྔ་ལས། དང་པོ་ནི། དེ་ཡང་དཔལ་ལྡན་བླ་མ་དེ་ཉིད་སྐུ་བལྟམས་པའི་ཡུལ་ནི། སངས་རྒྱས་གཉིས་པ་གུ་རུ་མཚོ་སྐྱེས་རྡོ་རྗེས་ཞབས་དངོས་སུ་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། ལྷོ་མོན་འབྲུག་གི་རྒྱལ་ཁམས་ཀྱི་ཤར་ཕྱོགས་ཀུར་སྟོད་སྦས་ཡུལ་མཁན་པ་ལྗོངས་ཞེས་བྱ་བར། ཡབ་གསང་ཆེན་སྔ་འགྱུར་རྙིང་མའི་བསྟན་པའི་བདག་པོ ༧ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་སྲས ༧ སྐྱབས་རྗེ་གདུང་སྲས་འཕྲིན་ལས་ནོར་བུ་ཞེས་བྱ་བ་དང་། ཡུམ་རྟོགས་ལྡན་ཤཱཀྱ་ཤྲིའི་ཐུགས་སྲས་སྦས་པའི་རྣལ་འབྱོར་པ་ཆེན་པོ་བསོད་ནམས་བཟང་པོ་ཞེས་བྱ་བའི་སྲས་མོ་འཇམ་དབྱངས་ཆོས་སྒྲོན་གྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ལྕགས་མོ་གླང་གི་ལོ༼སྤྱི་ལོ ༡༩༦༡༽ཧོར་ཟླ་ལྔ་པའི་ཡར་ངོའི་ཚེས་ལྔ་གཟའ་སྐར་ཤིན་ཏུ་དགེ་བའི་ཉིན་ངོ་མཚར་བའི་ལྟས་བཅས་སྐུ་བལྟམས། ༧ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་མཁྱེན་བརྩེ་ནོར་བུ་ཞེས་པའི་མཚན་གནང་། རྡོ་རྗེ་འཛིན་པའི་གཙུག་རྒྱན ༧ སྐྱབས་མགོན་ས་སྐྱ ༧ གོང་མ་རིན་པོ་ཆེ་མཆོག་ནས་སྐུ་གོང་མ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་འཁྲུལ་མེད་ཡིན་པའི་བཀའ་ལུང་བསྩལ་ཏེ། མཚན་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ཞེས་གསོལ། དགུང་ལོ་དགུ་ཙམ་ལ་སོན་པའི་སྐབས་གོང་མའི་གདན་ས་གཉིས་པ་རྒྱ་གར་ཤར་ཕྱོགས་འབྲས་ལྗོངས་སྒང་ཐོག་གི་ཆོས་རྒྱལ་ཆེན་པོའི་གཙུག་ལག་ཁང་དུ་རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག་གི་ཆོས་ཀྱི་ཁྲིར་མངའ་གསོལ། གཉིས་པ་ནི། ཐོག་མར་ཀློག་གི་སློབ་དཔོན་བསོད་ནམས་བཟང་པོ་དང་། བླ་མ་མཆོག་ལྡན། དབུ་མཛད་པདྨ་བཀྲ་ཤིས་སོགས་ཀྱི་མདུན་ནས་བརྡ་སྤྲོད་པའི་ཕྱི་མོ་ཡི་གེ་འབྲི་ཀློག་ལེགས་པར་བསླབས་པས་ཚེགས་ཆུང་ངུའི་སྒོ་ནས་ཁོང་དུ་ཆུད། དགུང་ལོ་བཅུ་གསུམ་དུ་སོན་པའི་སྐབས། རྒྱ་གར་བྱང་ཕྱོགས་མ་སུ་རིའི་རྩེ་མོར་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭར་ཕེབས། ཡོངས་འཛིན་དགེ་བའི་བཤེས་གཉེན་མཁན་ཆེན ༧ ཨ་པད་རིན་པོ་ཆེའི་ཞལ་སྔ་ནས་དབུ་ཚད་ཕར་ཕྱིན་སོགས་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་གསན་བསམ་ལེགས་པར་མཛད། དེ་བཞིན་མཁན་པོ་བློ་གྲོས་བཟང་པོ་དང་། ཁྲི་ཚོ་མཁན་རིན་པོ་ཆེ་རིན་ཆེན་བཟང་པོ། མཁན་པོ་ཟླ་ཟེར་དང་། མཁན་ཆེན ༧ ངག་དབང་ཀུན་དགའ་དབང་ཕྱུག་སོགས་མཁས་གྲུབ་དགེ་བའི་བཤེས་གཉེན་དུ་མའི་སྐུ་མདུན་ནས་མདོ་སྔགས་ཀྱི་ཆོས་སྐོར་མང་པོ་གསན་བཞེས་མཛད། 

ཁྱད་པར་སྤྱི་ནོར ༧ གོང་ས ༧ སྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་གཙུག་ཕུད་ཕུལ་ཅིང་། ཕྱིས་ཀྱང ༧ གོང་ས་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་གི་ཆོས་སྐོར་དབང་ལུང་ཁྲིད་མན་ངག་དང་བཅས་པ་ཆོས་སྐལ་ཡོངས་རྫོགས་གསན་བཞེས་གནང་བ་དང་། ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ ༧ སྐྱབས་མགོན ༧ གོང་མ་རིན་པོ་ཆེའི་ཞལ་སྔ་ནས་དང་། གཞན་ཡང་ས་སྐྱའི་བླ་ཆེན་མང་པོའི་མདུན་ནས་གསུང་ངག་རིན་པོ་ཆེ་གཙོ་བོར་གྱུར་པའི་དབང་ལུང་ཁྲིད་མན་ངག་བསམ་གྱིས་མི་ཁྱབ་པ་ལེགས་པར་གསན་བསམ་མཛད། གསང་ཆེན་སྔ་འགྱུར་རྙིང་མའི་བསྟན་པའི་བདག་པོ ༧ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཞལ་སྔ་ནས་རིན་ཆེན་གཏེར་མཛོད་དང་། ཀློང་ཆེན་སྙིང་ཐིག་ཡ་བཞི། རྙིང་མའི་རྒྱུད་འབུམ། མཆོག་གླིང་གི་གཏེར་གསར་སོགས་གསན་བསམ་མཐིལ་ཕྱིན་མཛད། ༧ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་སྐུ་མདུན་ནས་བདུད་འཇོམས་གཏེར་གསར་དང་། པདྨ་གླིང་པའི་ཆོས་འཁོར། སྒྲུབ་པ་བཀའ་བརྒྱད། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་ཆ་ཚང་གསན། གཏེར་སྟོན་མཆོག་གླིང་གི་སྐུ་མདུན་ནས་རིག་འཛིན་རྒྱལ་བའི་གདུང་འཛིན། ཐུགས་སྒྲུབ་བར་ཆད་ཀུན་སེལ་སོགས་དང་། མཆོག་གླིང་གཏེར་གསར་གྱི་ཆོས་སྐོར་རྣམས་གསན་བཞེས་གནང་། དེ་བཞིན ༧ སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་སྐུ་མདུན་ནས་ཐང་སྟོང་སྙན་བརྒྱུད་སོགས་དང་། སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་དང་། སྨྱོ་ཤུལ་མཁན་རིན་པོ་ཆེ་སོགས་ཀྱི་སྐུ་མདུན་ནས་རྫོགས་པ་ཆེན་པོའི་བཀའ་ཁྲིད་སོགས་གསན་གནང་། གཞན་ཡང ༧ དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་ཞལ་ནས་བཀའ་བརྒྱུད་སྔགས་མཛོད་དང་། ༧ སྐྱབས་རྗེ་ཀ་ལུ་རིན་པོ་ཆེའི་སྐུ་མདུན་ནས་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་མང་པོ་དང་། ༧ སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དོན་བརྒྱུད་བསྟན་པའི་ཉི་མའི་སྐུ་མདུན་ནས་འབྲུག་པ་བཀའ་བརྒྱུད་ཀྱི་དབང་ལུང་ཁྲིད་གསུམ་དང་། རྣལ་འབྱོར་པ་ཆེན་པོ་བསོད་ནམས་བཟང་པོའི་སྐུ་མདུན་ནས་ནཱ་རོ་ཆོས་དྲུག་དང་། རྟོགས་ལྡན་ཤཱཀྱ་ཤྲཱིའི་གཏེར་ཆོས་ཀྱི་སྐོར་མང་པོ། དེ་བཞིན་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་དང་། ༧ སྐྱབས་རྗེ་བསྟན་དགའ་རིན་པོ་ཆེ་སོགས་རིས་སུ་མ་ཆད་པའི་བོད་བརྒྱུད་ནང་བསྟན་གྱི་མཁས་ཞིང་གྲུབ་པ་བརྙེས་པའི་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་བོད་དུ་བསྒྱུར་བའི་མདོ་རྒྱུད་གཉིས་དང་། དགོངས་འགྲེལ་བསྟན་བཅོས་ཕལ་ཆེར་ཐོས་བསམ་སྒོམ་གསུམ་མཛད། མདོར་ན་མཁྱེན་བརྩེ་སྐུ་གོང་མ་གཉིས་ཀྱི་མཛད་པ་བདག་གིར་བཞེས་ཏེ། རིས་མེད་མཁས་གྲུབ་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་བོད་དུ་བཞུགས་པའི་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི་ཆོས་རྒྱུན་མ་ལུས་པ་ཡོངས་སུ་རྫོགས་པ་གསན་བཞེས་མཛད་དེ་ཆོས་ཀྱི་གན་མཛོད་ཆེན་པོར་གྱུར། གནའ་བོའི་སྲོལ་རྒྱུན་གྱི་ནང་ཆོས་ཙམ་དུ་མ་ཟད་དེང་དུས་ཀྱི་རིག་གསར་དང་སྐད་ཡིག་བཅས་པར་ཆེད་སྦྱོང་མ་དགོས་པར་མཁྱེན་པའི་རྩལ་རྫོགས་ཏེ་གནའ་དེང་ཟུང་དུ་འབྲེལ་བའི་མཁྱེན་ཡོན་གྱི་གཏེར་དུ་གྱུར། འཆད་པའི་སྒོ་ནས་འགྲོ་བའི་དོན་མཛད་པའི་ཚུལ་ནི། དེང་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཀུན་ཏུ་ཕན་བདེའི་རྩ་བར་གྱུར་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་བ་དང་། དོན་གཉེར་ཅན་གྱི་སྐྱེ་བོ་ཉིན་བཞིན་མང་དུ་འཕེལ་བཞིན་པར། དེ་དག་ཕལ་མོ་ཆེས་སངས་རྒྱས་པའི་ཆོས་ཀྱི་གནད་ངོས་མ་ཟིན་པ་དང་། ཡང་མང་པོ་ཞིག་ཅུང་ཟད་བློ་ཁ་ཕྱོགས་ནའང་ཆོས་བཞིན་སྒྲུབ་མ་ཤེས་པའི་དབང་གིས་ཕྱིན་ཅི་ལོག་ཏུ་སྤྱོད་པའི་སྒོ་ནས་རྒྱལ་བའི་བསྟན་པ་ལ་རྨ་འབྱིན་པ་དང་། རང་ཉིད་ལོག་པའི་ལམ་ལ་ཞུགས་བཞིན་པར་བདག་ཉིད་ཆེན་པོ་འདིས། རྒྱལ་བའི་བསྟན་པའི་ཁུར་ཆེན་ཕྲག་ཏུ་བཞེས་ཏེ། 

སེམས་ཅན་དེ་དག་ལ་ཐུགས་བརྩེ་བས་ཕྱི་ལོ ༡༩༨༦ ནས་བཟུང་ཤར་རྒྱ་ནག་དང་། ནུབ་ཡོ་རོབ། བྱང་ཨ་མི་རི་ཁ་སོགས་འཛམ་གླིང་རྒྱལ་ཁམས་འདྲ་མིན་ནང་ཞབས་ཀྱིས་བཅགས་ཏེ། སྐལ་ལྡན་གདུལ་བྱ་མཐའ་ཡས་པར་ཚིག་བཟུང་སླ་བ་དང་། དོན་གོ་བདེ་བ། བློ་ངོར་འཇགས་བདེ་བ་སོགས་འཆད་ཚུལ་རྨད་དུ་བྱུང་བའི་སྒོ་ནས་ཐེག་པ་ཆེན་པོའི་བློ་སྦྱོང་སྤྱོད་འཇུག་སོགས་ཟབ་པ་དང་། རྒྱ་ཆེ་བའི་ཆོས་ཚུལ་མང་པོ་ཡང་ཡང་འཆད་ཁྲིད་གནང་། གཞན་རྒྱ་གར་དང་། འབྲུག སྤྱི་ཏི། འབྲས་ལྗོངས་སོགས་ཡུལ་གྲུ་མང་པོར་བདུད་འཇོམས་གཏེར་གསར་གྱི་དབང་ལུང་ཆ་ཚང་བ་ལན་གྲངས་དུ་མ་དང་། མཆོག་གླིང་གཏེར་གསར་གྱི་དབང་ལུང་ཁྲིད་གསུམ་ཡོངས་སུ་རྫོགས་པ། མཁྱེན་བརྩེའི་བཀའ་འབབ་བདུན་ལྡན། སྒྲུབ་ཐབས་རྒྱ་མཚོ། དཔལ་ཀྱེ་རྡོ་རྗེའི་དབང་ཆེན་སོགས་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ་གྱི་ལུང་སྤེལ། སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བཀའ་བབས་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་བྱེད་དབང་དང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་ཆ་ཚང་བ་བསྩལ། མདོར་ན་འཆད་པའི་སྒོ་ནས་ཐུབ་པའི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་འདི་ཉིད་འཛམ་གླིང་ཤར་ནུབ་ཡུལ་གྲུ་དུ་མར་ཉི་མ་ལྟར་གསལ་བར་མཛད་དོ།། རྩོད་པའི་སྒོ་ནས་འགྲོ་བའི་དོན་མཛད་པའི་ཚུལ་ནི། སྙིགས་མ་ལྔ་བདོ་བའི་དུས་འདིར་བྱུང་རབས་ཀྱི་ལོ་རྒྱུས་དང་། གནས་ལུགས་ཀྱི་ལྟ་གྲུབ་གང་དང་ཡང་མི་མཐུན་པར་ཅི་དགར་སྨྲ་ཞིང་། ཡུལ་གྱི་ལུགས་སྲོལ་དང་ཆོས་གཉིས་གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་པའི་ཚེ་ན་ཡང་ལུགས་སྲོལ་གྱི་དབང་དུ་ཤོར་བ་དང་། འཆད་པའི་ཚེ་ན་ཡང་ཆོས་དང་ལུགས་སྲོལ་བསྲེས་ནས་འཆད་པ་དེ་དག་གི་ལོག་པར་རྟོག་པ་ལུང་དང་། རིགས་པའི་སྒོ་ནས་ལེགས་པར་སུན་ཕྱུང་ཞིང་། ཁྱད་པར་ཐུགས་རྒྱུད་ལ་འཁྲུངས་པའི་ཉམས་མྱོང་ཚད་མས་དྲངས་པའི་རིགས་པས་མཁས་རློམ་དུ་མའི་ཕྱིན་ཅི་ལོག་པའི་ལྟ་བ་རྣམས་བཅོམ་ནས་ཡང་དག་པའི་ལྟ་བའི་གནས་ལ་བཀོད་པར་མཛད་དོ།། རྩོམ་པའི་སྒོ་ནས་འགྲོ་བའི་དོན་མཛད་པའི་ཚུལ་ནི། རྒྱལ་བའི་དགོངས་པ་དང་མཐུན་ཞིང་། རིགས་པ་དང་མི་འགལ་བ། མཁས་བླུན་ཀུན་གྱིས་གོ་སླ་བ་དུ་མ་ཞིག་དབྱིན་ཡིག་གཙོ་བོ་གྱུར་པའི་སྐད་རིགས་དུ་མར་རྩོམ་སྒྲིག་དང་། ཕབ་བསྒྱུར་མཛད་པ་དེ་དག་ནི་སྐྱེ་བོའི་ཡིད་ཀྱི་གསོས་སུ་གྱུར་ཞིང་། ཕན་བདེའི་ལམ་དུ་དཀྲི་བའི་སྒྲོན་མེ་ལྟ་བུར་གྱུར། ལྷག་པར་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་རྩོམ་པའི་རྣམ་པ་མི་འདྲ་བ་གློག་བརྙན་གྱི་ལམ་ནས་འགྲོ་བར་ཆོས་དང་། བདེན་པ་ངོ་སྤྲོད་མཛད་པར་བཞེད་དེ། ཕོར་པ་ཞེས་པའི་སྙན་གྲགས་ཅན་གྱི་གློག་བརྙན་དང་། ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་། ཝ་རཱ་ཞེས་པ་སོགས་བཟོ་བསྐྲུན་མཛད་ནས་འཛམ་གླིང་གི་གྲགས་ཅན་གློག་བརྙན་གྲལ་དུ་ཚུད་པ་སོགས་མདོར་ན་བདག་ཉིད་ཆེན་པོ་གང་གི་བརྩམས་ཆོས་དེ་དག་ནི། ཡ་རབས་ཀྱི་སྐྱེ་བོའི་སྲོལ་བཟང་པོ་དང་། ཁོར་ཡུག་དང་སྤྱི་ཚོགས་ལ་སྨན་པའི་དོན་སོགས་འཇིག་རྟེན་མི་ཆོས་དང་། དམ་པའི་ལྷ་ཆོས་དང་མཐུན་པའི་ལུགས་གཉིས་ཀྱི་བསླབ་བྱ་ཁོ་ནའོ།། བྱ་བ་ལས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་པའི་ཚུལ་ནི། བོད་དུ་རིག་གནས་གསར་བརྗེའི་སྐབས་རྨེག་མེད་རྩ་གཏོར་ཕྱིན་པའི་མཁས་གྲུབ་བྱེ་བའི་འབྱུང་གནས་ཁམས་བྱེ་རྫོང་སར་བཤད་གྲྭ་ཆེན་མོ་བསྐྱར་གསོ་དང་། སྐུ་ཐོག་གོང་མ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་དངོས་སློབ་མཁན་པོ་པདྨ་དམ་ཆོས་དང་། མཁན་པོ་ཀུན་དགའ་དབང་ཕྱུག མཁན་པོ་མཁྱེན་རབ་སེང་གེ་སོགས་བཞུགས་ཡོད་པ་ལས་ཕྱི་ལོ ༡༩༨༦ མཁན་ཆེན་པདྨ་དམ་ཆོས་ཁམས་བྱེ་རྫོང་སར་བཤད་གྲྭའི་མཁན་པོར་མངའ་གསོལ། དེ་ནས་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་བཀའ་དྲིན་ཆེན་པོས་ཁམས་བྱེ་རྫོང་སར་བཤད་གྲྭ་སླར་ཡང་ཚུགས་ཏེ། རིས་སུ་མ་ཆད་པའི་བསྟན་པ་རིན་པོ་ཆེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་བྱེད་པའི་བསྟི་གནས་སུ་གྱུར་བར་མཛད། དེ་བཞིན་འཕགས་ཡུལ་རྫོང་སར་བཤད་གྲྭ་གསར་འཛུགས་ཀྱིས་མཁན་ཆེན་ཀུན་དགའ་དབང་ཕྱུག་གདན་དྲངས་ནས་འཆད་ཉན་གྱི་རྒྱུད་ཉམས་གསོ་དར་རྒྱས་མཛད་པ་དང་། འབྲུག་ཤར་ཕྱོགས་སུ་རྫོང་སར་བཤད་གྲྭ་གསར་དུ་བཞེངས་ནས་བཤད་གྲྭའི་མཁན་པོ་བསོད་ནམས་བཀྲ་ཤིས་མཆོག་བསྐོ་བཞག་གིས་འཆད་ཉན་གྱི་སྡེ་གསར་འཛུགས་མཛད་པ་སོགས་མདོར་ན་བཤད་གྲྭ་གསུམ་གྱི་ནང་ནས་རྒྱ་བོད་འབྲུག་གསུམ་གྱིས་མཚོན་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐུབ་པའི་མཁན་པོ་དགེ་བའི་བཤེས་གཉེན་གྲངས་ལས་འདས་པ་ཞིག་བྱོན་ནས། དེ་དག་གིས་འཛམ་གླིང་ཡུལ་གྲུ་དུ་མར་འཆད་ཉན་སྒོམ་སྒྲུབ་དང་། བྱ་བ་ལས་ཀྱི་འཁོར་ལོའི་འཕྲིན་ལས་ཀྱི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་དོ།། 

གཞན་ཡང་དམ་པ་འདི་ཉིད་ཀྱིས་འཛམ་གླིང་ཤར་ནུབ་ཡུལ་གྲུ་མང་པོའི་ནང་སངས་རྒྱས་པའི་ཆོས་སློབ་སྦྱོང་དང་སྒོམ་སྒྲུབ་བྱེད་སའི་ཆོས་སྒར་དང་། སྒྲུབ་གྲྭ་དུ་མ་གསར་འཛུགས་གནང་བ་དང་། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ཞེས་པ་གསར་འཛུགས་ཀྱིས་དེ་བརྒྱུད་རྫོང་སར་བཤད་ཁག་གསུམ་གཙོ་བོར་གྱུར་པའི་གྲྭ་ས་དང་། ཆོས་སྒར། སྒོམ་གྲྭ། དེ་བཞིན་སློབ་གྲྭ་ཆེ་འབྲིང་སོགས་ནང་འཚོ་བའི་མཐུན་རྐྱེན་སྦྱོར་བར་མཛད་ཅིང་། གཞན་ཉམ་ཐག་པ་མང་པོ་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་མཛད། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དབྱིན་ཡིག་ཏུ་ཕབ་བསྒྱུར་གྱི་ལས་གཞི་བརྒྱད་ཁྲི་བཞི་སྟོང་ཞེས་པའི་འགྱུར་གྱི་འདུས་སྡེ་བཙུགས་ནས་ཕབ་བསྒྱུར་མཛད་བཞིན་པ་དང་། དཔེ་རྒྱུན་དཀོན་རིགས་པར་སྐྲུན་ཆེད་དཔེ་སྐྲུན་ཁང་བཙུགས་ནས་འཕྲུལ་པར་དུ་འདེབས་པ་སོགས་མདོར་ན་བསྟན་པ་དང་འགྲོ་བ་ལ་དངོས་དང་རྒྱུད་ནས་ཕན་པའི་མཛད་པ་ཇི་སྙེད་ཅིག་མཛད་དོ།། ངོ་མཚར་བའི་གྲུབ་པའི་རྟགས་བྱུང་ཚུལ་ནི། གསན་བསམ་དང་འཆད་ཉན་མཛད་པ་དེ་དག་ཐུགས་ཉམས་སུ་བཞེས་ནས་གྲུབ་པའི་རྟགས་དང་མཚན་མ་ཡང་ཅི་རིགས་པ་བྱུང་སྟེ། དེ་ཡང་བདག་ཉིད་ཆེན་པོ་འདི་ཉིད་དགུང་ལོ་སུམ་ཅུ་ཙམ་ནས་བཟུང་ལོ་གཅིག་གི་ནང་དུ་ཟླ་བ་དྲུག་གི་རིང་ལ་སྐུ་མཚམས་བཅད་རྒྱར་བཞུགས་ཏེ། ད་བར་ལོ་ངོ་ཉི་ཤུ་ལྷག་གི་རིང་རྒྱུད་སྡེ་ཆེ་ཆུང་ཀུན་ལ་སྒྲུབ་པ་ཉམས་བཞེས་མཛད་ཅིང་། ཐེངས་ཤིག་བལ་ཡུལ་ཨ་སུ་རིའི་སྒྲུབ་ཕུག་ཏུ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་དུས་མཆོད་ཀྱི་སྤྱན་འདྲེན་སྐབས་བུད་མེད་མང་པོ་ཞིག་མཇལ་ཁར་ཡོང་བའི་ནང་ནས་གོས་ལྕང་ལོ་གྱོན་པའི་བུ་མོ་ལོ་བཅུ་ཙམ་ལོན་པ་ཞིག་གིས་རྩའི་གདན་ཞིག་ཕུལ་ནས་དེ་མ་ཐག་མི་མངོན་པར་གྱུར་བ་དེར་ཡོད་ཀུན་གྱིས་མཐོང་ཆོས་སུ་གྱུར། དུས་ཕྱིས་ཀྱང་གནས་དེ་ཉིད་དུ་མཆོག་གླིང་ཚེ་སྒྲུབ་མཛད་པའི་མཇུག་དངོས་གྲུབ་ལེན་པའི་སྐབས་ལེགས་སྦྱིན་མཆོག་ཏུ་གྱུར་པའི་དངོས་གྲུབ་ཀྱི་འབྲང་རྒྱས་ལས་བདུད་རྩིའི་རྒྱུན་བབས་པ་དེར་ཡོད་ཀུན་གྱིས་མཐོང་ཆོས་སུ་གྱུར། སྤྱིར་མགོན་པོ་གང་ཉིད་ནང་དུ་གསང་བ་གསུམ་གྱི་རྡོ་རྗེ་ལས་ནམ་ཡང་མི་མདའ་བར་ངེས་པས་ན་ཕྱི་རུ་གྲུབ་པའི་མཚན་མ་བསམ་གྱིས་མི་ཁྱབ་པ་བྱུང་བ་གདོན་མི་ཟ་ཡང་། གོ་ཐོས་སུ་གྱུར་བ་རྣམས་ཀྱི་ནང་ནས་མཚོན་པ་ཙམ་ལས་འབྲི་བ་མ་ནུས་སོ།། 

གང་གི་གསང་གསུམ་མཛད་པའི་ཆ་ཤས་ཙམ།། 

དད་པའི་གསོས་སུ་བྲིས་པའི་དགེ་བ་ཡིས།། 

སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མ་ཡིས།། 

རྗེས་སུ་བཟུང་ནས་བྱང་ཆུབ་ཐོབ་ཕྱིར་བསྔོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*