བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་སྔོན་བརྡའི་གསལ་བསྒྲགས།

༢༠༡༩ ལོའི་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་༧ སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་ཡི་འཁྲུངས་སྐར་དུས་བཟང་ཁྱད་པར་ཅན་ཉིན་ཆོས་བརྡ་གསལ་བསྒྲགས།

འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རྒྱ་ཆེ་བའི་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་ གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧དཔལ་ལྡན་ས་སྐྱ་པ་༧སྐྱབས་མགོན་༧གོང་མ་རྣམ་གཉིས་ཀྱི་ཐུགས་བཞེད་ལམ་སྟོན་གྱི་བཀའ་དྲིན་དང་། ༧དཔལ་ས་སྐྱའི་དབུས་སྨོན་ལམ་ཚོགས་པས་མཐུན་འགྱུར་དང་རྒྱབ་སྐྱོར་འོག་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་གསུམ་པ། བྱང་ཨ་རིའི་ས་གནས་སི་ཨ་ཊ་མངའ་སྡེ་རུ་ས་སྐྱ་དགོན་པའི་ཉེ་འགྲམ་(Lynnwood Convention Center) ཚོགས་ཁང་ཆེན་པོའི་ནང་དུ། སྤྱི་ལོ་༢༠༡༩ ལོའི་ཟླ་༧ ཚེས་༡༢–༡༣–༡༤ བཅས་ཉིན་གསུམ་གྱི་རིང་། རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་མི་འདོད་པའི་ཉེ་འཚེའི་རིགས་ཐམས་ཅད་ཉེ་བར་ཞི་བ་དང་འཛམ་གླིང་ཞི་བདེ་ཡོང་བའི་ཆེད་སྨོན་ལམ་འཚོགས་གནང་རྒྱུ་གཏན་ཁེལ་བྱུང་བ་དང་། སྐབས་དེའི་ཚོགས་མགོན་དུ་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་ཆིབས་བསྒྱུར་བཀའ་དྲིན་སྐྱོང་རྒྱུའི་ཞལ་བཞེས་དང་། དྲི་མེད་འཁོན་གདུང་རྣམ་པ་ཕེབས་རྒྱུའི་ཞལ་བཞེས་བཅས་ཐོབ་སོང་བས་དད་ལྡན་མི་མང་རྣམ་པས་དེ་ལུགས་དགོངས་མངའ་ཡོང་བར་ཞུ་རྒྱུ་དང་། སྨོན་ལམ་གྱི་སྦྱིན་བདག་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་མི་མང་གི་ལག་ཁྱེར་ཉོ་བ་སོགས་གང་ཡང་མི་དགོས་པར་ཚོགས་ཞུགས་གནང་ཆོག་པས་དེ་དོན་ལྟར་ཐུགས་སྣང་གནང་བར་མཁྱཻན་མཁྱེན།།

ཞེས་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཚོགས་པའི་རྒྱུན་ལས་ལྷན་ཚོགས་སྐབས་དང་པོ་ནས།
སྤྱི་ལོ་༢༠༡༨ ཟླ་བ་༩ཚེས་༧ཉིན་ཕུལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*