ཕར་ཕྱིན་གྱི་འབེལ་གཏམ་ལས་བྱུང་བའི་དབུ་མ་པའི་ངེས་དོན་གྱི་ལྟ་བ་སེམས་ཙམ་སྒྲུབ་ཚུལ། དང་པོ།

 

འཛིང་པ་འོད་གསལ་རྡོ་རྗེས།

 

 

སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །
མཆོག་གོ་དམར་སེར་དཀྱིལ་ན་ངུར་སྨྲིག་མདངས། ། སྙན་འཇེབས་དབྱངས་རྟའི་ཁྲོད་ན་ཆོས་སྒྲ་ལེགས། ། འཇོ་སྒེག་གཞུང་ལུགས་ཕྱོགས་སུ་དབུ་མ་གཙོ། ། དགའ་བདེ་རོལ་བའི་ཀློང་ན་རྣམ་འདྲེན་ཉིད། ། དེ་ཡང་བྱམས་ཆོས་སྡེ་ལྔའི་ཕུགས་ཀྱི་རྨང་གཞི་ངེས་དོན་ནི་རྣམ་རིག་དབུ་མ་པའི་ལུགས་སྲོལ་གྱི་ལྟ་བ་རང་ཡིན་སྙམ་པའི་སྒྲུབ་བྱེད་དང་བཅས་པར་འཆད་དེ། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་པོ་གང་རུང་ཡིན་པའི་སྟེང་ཐ་སྙད་དུ་སྣང་ཙམ་ཁས་ལེན་ཞིང་དོན་དམ་ཆོས་དབྱིངས་ཤེས་པ་ཁས་ལེན་པའི་ཆ་ནས་གྲུབ་མཐའ་སྨྲ་བ་བཞི་པ་བཞག་པ་འདི་ཁོ་བོའི་ལུགས་ཀྱི་རྣམ་རིག་དབུ་མ་པའི་འཇོག་བྱེད་ཡིན་ལ། དབུ་མ་པ་ལ་ནང་གསེས་འབེལ་པོ་མཆིས་ཀྱང་ཁོ་བོའི་ལུགས་ཀྱི་རྣམ་རིག་དབུ་མ་པ་གྲུབ་མཐའ་སྨྲ་བ་གསུམ་པ་དང་ནམ་ཡང་མཚུངས་པའི་སྐབས་སྟོང་སྟེ། ཁོང་ཚོས་འདོད་པའི་ལྟ་བ་ནི་བདེན་གྲུབ་ཞིག་ལ་མཐར་ཐུག་པ་དང་། མ་ཚད་ཐལ་རང་གཉིས་གང་གི་ཕྱོགས་སུའང་མི་འཐེན་ནོ། །དེ་དག་ནང་གཞན་སྟོང་པས་བཤད་པའི་ལྟ་བ་དང་འདྲ་ཆེ་ཤོས་ཀྱི་བསམ་བློ་འཁོར་ཡོང་ནའང་གཟུང་འཛིན་གཉིས་སྟོང་གི་ཤེས་པ་ཙམ་ཁོ་བོའི་བདེན་གྲུབ་མི་འདོད་པ་འཆེ་བ་དང་། བྱམས་ཀླུ་གཉིས་ཀྱི་བླ་སྲོག་ཀྱང་སྤྲོས་བྲལ་གྱི་ཆོས་ཉིད། སྤྲོས་བྲལ་གྱི་ཆོས་དབྱིངས། འབྲས་དུས་ཀྱི་ཡེ་ཤེས། ངོ་བོ་ཉིད་སྐུ། རྟོགས་པ་དོན་དམ། སྔགས་ཀྱི་ལྟ་བའི་ཐ་སྙད་མདོ་ལས་དྲངས་པའི་སྣང་སྟོང་ཟུང་འཇུག །རིག་སྟོང་ཟུང་འཇུག །གསལ་སྟོང་ཟུང་འཇུག །བདེ་སྟོང་ཟུང་འཇུག །ཞི་ལྷག་ཟུང་འཇུག་སོགས་ཁྱབ་མཉམ་འགྲོ་ཚུལ། ཤེས་པ་ཙམ་གྱི་བདག་ཉིད་ཡིན་ཚུལ་རྣམས་འདི་ལྟར་ཏེ། ཆོས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་སྟོང་པ་ཉིད་ལ་སྐྱེ་འཇིག་གནས་གསུམ་དང་བྲལ་བ་དང་། ཆགས་སོགས་གང་གིས་ཀྱང་མ་སྒྲིབ་པས་སེམས་གསལ་རིག་ཙམ་སྟོང་ཉིད་དང་གཅིག་ཏུ་གྲུབ་ཚེ་དེ་ཉིད་གནས་ལུགས་དག་མ་ལ་ངེས་ངེས་བྱེད་འོས་ཏེ། ཡེ་ནས་དག་པའི་གསལ་ཙམ་ལ་སྤྲོས་པའི་དྲི་མས་མ་སྒྲིབ་ཀྱང་ཐ་སྙད་དུ་མཐའ་བཞི་རིམ་བཞིན་བཀག་པའི་རྣམ་བཞག་བྱས་པའི་འོག །མཐར་མཐའ་གང་དུ་ཡང་མ་གྲུབ་པའི་ཆོས་ཉིད་ཞིག་ཐོན་ཡོང་བ་ནི་བསྙོན་མེད་པའི་ཕྱིར། དཔེར་ན་རྟེན་འབྲེལ་ཀྱི་སྐྱེ་བ་བཞིན་ནོ། །དེ་ལ་”སྤྲོལ་བྲལ་ཀྱི་ཆོས་ཉིད་”ཐ་སྙད་བྱས་ཡོད་པ་དང་སེམས་ཀྱི་རང་བཞིན་ཡིན་ཚུལ་འོག་ཏུ་འབྱུང་ངོ་། །འོ་ན་དབུ་མའི་གཞུང་ལུགས་ནང་མཐའ་ཐུག་རིག་ངོར་གྲུབ་པའི་ཆོས་མེད་པ་དང་། ཡོངས་གཅོད་དུ་གྲུབ་པའི་ཆོས་ཡོད་ན་བདེན་གྲུབ་ཐལ་བ་སོགས་གསུངས་པས་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། “སྤྲོས་བྲལ་གྱི་ཆོས་ཉིད་”ནི་སྤྲོས་པ་བཀག་ཙམ་གྲུབ་པ་མ་ཡིན་པ་ཡེ་ནས་ཡོད་པའི་རྣམ་བཞག་བྱེད་ཀྱང་བདེན་གྲུབ་ཀྱི་ངོ་བོ་ནམ་ཡང་མི་འགྱུར་ཏེ། ཚད་ལྡན་གྱི་དབུ་མའི་སློབ་དཔོན་ཆེན་པོ་ཀུན་མཁྱེན་གོ་རམས་པས། བདེ་གཤེགས་སྙིང་པོ་རང་གི་ངོ་བོ་བཞག་པ་དེ་དང་། ཟག་མེད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ཆོས་ཉིད་ཀྱི་མཚན་ཉིད་བཞག་པ་དེ་དང་། སངས་རྒྱས་ཀྱི་ས་ལ་གཉིས་སྣང་གི་སེམས་སེམས་བྱུང་མེད་ཀྱང་ཡེ་ཤེས་ཡོད་པའི་ཚུལ་དེ་དང་། ཆོས་དབྱིངས་དང་བདེ་གཤེགས་སྙིང་པོ་སོགས་ངེས་དོན་ཡིན་ཡང་སེམས་ཅན་གྱི་རྒྱུད་ལ་དེ་དག་ཡོད་པ་ནི་དྲན་དོན་ཡིན་པའི་རྣམ་བཞག་བྱས་པ་སོགས་ཀྱིས་གྲུབ་བོ། །ནང་བསྟན་དབུ་མའི་གྲུབ་མཐའ་སྐྱོང་བའི་མཁས་པ་ཕལ་ཆེར་གྱིས་ཡིན་ཚུལ་སྒྲུབ་མིན་ཚུལ་དགག་མཐའ་གང་ལ་ཡང་བློ་མི་ཕྱོགས་པ་ཉིད་གནས་ལུགས་ཨང་དང་པོ་བགྲངས་ནས་མཐའ་བཞི་བཀག་ཤུལ་དུ་དོན་ཡིན་ཚུལ་ཞིག་ཐེག་ཆེན་མཉམ་བཞག་གིས་མི་རྟོགས་པ་དང་། ཡོངས་གཅོད་ཚུལ་དུ་གྲུབ་པ་དབེན་པ་དང་། ངེས་དོན་གྱི་ལྟ་བ་ཡང་མཛུབ་མོ་འཛུགས་ས་དེ་ཡིན་མོད། འོན་ཀྱང་ཐེག་ཆེན་འཕགས་པའི་མཁྱེན་པས་གང་ཡང་མ་གྲུབ་པ་ཞིག་རྟོགས་ན་དགག་པ་ལས་མ་འདས་ལ། དེ་ལྟ་ན་རྣམ་མཁྱེན་གྱིས་རྟོགས་བྱ་དང་རྟོགས་བྱེད་དབྱེར་མེད་དུ་ཉམས་སུ་མྱོང་བའི་དུས་གཅིག་མེད་པ་ཤས་ཆེ་སྟེ། དགག་པ་ནམ་ཡང་མྱོང་བྱ་མི་འགྲོ་བའི་ཕྱིར་ན་དེ་རང་”སྤྲོས་བྲལ”གྱི་ངང་ཚུལ་ཡིན་པ་བསམ་པའི་སྟེང་། སྤྲོས་བྲལ་གྱི་ཆོས་ཉིད་དང་སྤྲོས་བྲལ་གཉིས་ལ་ཁྱད་པ་ཅུང་ཕྱེ་བ་ནི་གངས་དཀར་གྱི་སེམས་ལ་ལོ་མང་ཉར་ཚགས་བྱས་པའི་དྭངས་གཙང་གི་ཆུ་ཐིགས་ཞིག་ཡིན་ཨང་ངོ་། ། དེས་ན་སྣང་བ་ཙམ་དེ་ཉིད་སྟོང་པ་དང་། སྟོང་པ་དེ་ཉིད་སྣང་བ་ཡོད་པ་དང་། ཆོས་ཅན་གསལ་བའི་སྟེང་དུ་ཆོས་ཉིད་དང་དབྱེར་མེད་པ་དང་། དྲི་མ་མེད་པའི་སེམས་སམ་འོད་གསལ་བའི་གནས་ཚུལ་ལ་ཟུང་འཇུག་གམ་དབྱེར་མེད་བརྗོད་པ་དེ་ཚོ་ཐག་པ་དཀར་ནག་སྦྲེལ་ཚུལ་ལྟར། ཆུ་ལ་འོ་མ་བཞག་པ་ལྟར་མ་ཡིན་པ་ནི་ལོ་ངོ་སྟོང་ཕྲག་སྔོན་དུ་གངས་ཁྲོད་བསྟན་པའི་མངའ་བདག་རྣམས་ཀྱིས་གསུངས་སོ། །འགོག་ལམ་དབྱེར་མེད། ཡེ་སྐུ་དབྱེར་མེད། བདེན་གཉིས་དབྱེར་མེད། འཕགས་པ་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་མྱང་བྱ་ཡིན་པ་སོགས་སངས་རྒྱས་ཀྱི་ས་ལ་སྒྲིག་དགོས་པ་ཡང་། ཐོག་མ་ནས་མ་རིག་པའི་བག་ཆགས་ཀྱི་དབང་གིས་སྐྱིད་སྡུག་ལེགས་ཉེས་སྣ་ཚོགས་པ་སྣང་བ་འདི་སེམས་ཙམ་ཡིན་ལ། དེ་ལ་སྣང་བའི་གཟུང་ཆ་དང་འཛིན་ཆ་ནི་བློས་བཏགས་པ་ཙམ་བྱེད་དེ། དཔེར་ན་རྨི་ལམ། གཟུགས་བརྙན། སྒྱུ་མ་ལྟར་རང་གི་ངོ་བོ་མ་གྲུབ་ཀྱང་། དྲན་པ་ཙམ། སྣང་བ་ཙམ། མཐོང་བ་ཙམ་ཡོད་པ་བཞིན་ནོ། །ཐ་སྙད་ཀྱི་སྐབས་སུ་ཀུན་མཁྱེན་གོ་རམས་པས་ཆོས་གཅིག་གི་སྟེང་དུ་བདེན་གཉིས་ཁས་ལེན་པའི་ཚུལ་གྱི་རྣམ་བཞག་གསུམ་གསུངས་པའང་ཧ་ཅང་འཐད་དོ། །དེའི་ཕྱིར་ཐ་སྙད་དུ་སྣང་ཙམ་གྱི་སྟེང་དུ་རྟོགས་བྱ་དག་ལ་ཚོགས་ལམ་གྱི་སྐབས་སུ་ཐོས་བསམ་གཙོ་བོ་བྱེད། སྦྱོར་ལམ་གྱི་སྐབས་སུ་ཤེས་བྱའི་ཆོས་ཅི་དང་ཅིར་དབུ་མའི་རིགས་པས། བདག་མེད། སྟོང་ཉིད། སྤྲོལ་བྲལ་གྱི་ཕྱོགས་ལ་ཕུགས་འཕེར་ཐག་གཅོད། དེའི་དོན་སྤྱི་རྟོགས་ནུས་པའི་བློ་ལ་སྦྱོར་ལམ་དང་། མངོན་སུམ་དུ་མཐོང་བ་དང་མཐོང་ཟིན་རྒྱུན་ལྡན་སྒོམ་པ་ལ་མཐོང་སྒོམ་དང་། མི་སློབ་ལམ་དུ་མཐའ་ཕྱིན་ཚེ་གཟུང་འཛིན་གཉིས་སུ་སྣང་བ་ནུབ་པ་ལས་བྱུང་བའི་ཇི་སྙེད་མཁྱེན་པའི་ཡུལ་གྱི་སྣང་ཙམ་དེ་ཡེ་ཤེས་ཀྱི་གནས་འགྱུར་ཞིང་། ཡེ་ཤེས་དེའང་ཆོས་ཉིད་ཀྱི་རང་བཞིན་ཡིན་ཏེ། དཔེར་ན། ཉི་མའི་དཀྱིལ་འཁོར་ལ་ཉི་མའི་འོད་གསལ་བ་དང་། འོད་ཟེར་འཕྲོ་བ་དང་། དག་པའི་ཆ་གསུམ་དབྱེར་མེད་དུ་གནས་པ་བཞིན་དུ། ཡེ་ཤེས་ཀྱང་དྲི་མ་ཡེ་ནས་དག་པའི་དབྱིངས་ལ་ཐ་དད་མེད་པར་བཞུགས་པའི་ཕྱིར། དེ་ཉིད་སངས་རྒྱས་མཚན་ཉིད་པ་དང་། ཤིན་ཏུ་རྣམ་པར་དག་པ་ཡིན་པ་སོགས་བྱམས་ཀླུ་དག་གི་བསམ་དོན་སྙིང་པོ་ཡིན་ནོ། །དེ་འདྲའི་ལྟ་བ་དེ་སེམས་ཙམ་གྱི་ངོ་བོ་གནས་བསྡད་ཡོད་པ་ཡིན་ཏེ། ཚ་བ་ཉམས་སུ་མྱོང་བའི་ཤེས་པའི་མྱོང་བྱ་ནི་ཚ་བ་དང་། བུ་རམ་མངར་མོ་མྱོང་བའི་ཤེས་པའི་མྱོང་བྱ་ཤེས་པ་རང་ལ་བཞག་དགོས་པ་ཡིན་གྱི་དེ་མིན་དངོས་པོ་གཞན་ཅི་ཡང་མེད་པ་འཇིག་རྟེན་རྒན་པོས་རྟོགས་པར་ལྟར། འཕགས་པའི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་སྤྱོད་ཡུལ་ལམ་མྱོང་བའི་ཆོས་ཉིད་དེ་ཤེས་པ་ཙམ་ལ་མ་འཇོག་ན་དེ་མིན་གཞག་ས་ཅི་ཡང་མེད་དེ། ཡོད་ན་ལམ་སྟོན་གནང་བར་ལགས་སོ། །གང་ལྟར་ལྟ་བའི་ཐད་དབྱེར་མེད་ཅེས་པ་ནི་གཅིག་དེ་ཡིན་ན་གཅིག་ཤོས་དེ་ཡིན་པས་ཁྱབ་པའམ་ཕན་ཚུན་ངོ་བོ་གཅིག་ཏུ་གྱུར་པའི་གནད་འགག་གིས་རྒྱ་བོད་ཤེས་རིག་ཅན་ཚོས་ཆུ་ལ་ཆུ་གཞག་པའི་དཔེར་ཐེངས་མང་པོ་གསུངས་པའི་དགོས་པ་ཆེན་པོ་དེ་འདི་འདྲར་ཁ་གཏད་ཡོད་དོ། ། དེ་ལྟར་ཁོ་བོས་མནོ་བསམ་ལས་བྱུང་བའི་ལྟ་བའི་ཕྱོགས་སུ་གླེང་བ་དག་ལ་གཞུང་ལུགས་ཀྱི་རྒྱ་མཚོའི་ནང་སྒྲུབ་བྱེད་ཀྱི་ནོར་བུ་ཧ་ཅང་མང་སྟེ། དཔལ་ཕྲེང་གི་མདོ། ལང་ཀར་གཤེགས་པའི་མདོ། བྱམས་ཆོས་སྡེ་ལྔ། འགྲེལ་ཆུང་སོགས་ཐམས་ཅད་དགོད་ན་ལུང་ཕུང་གི་རྣམ་པ་ལྟར་ཅུང་མི་མཛེས་ཀྱང་། ཡིད་ཆེས་པའི་ཁུངས་འགའ་ཞིག་དྲང་སྟེ། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང་། དབུས་མཐའ་རྣམ་འབྱེད་ལས། ཡང་དག་ཡེ་ཤེས་རབ་ཁོ་ན། །གཅིག་པུ་ཁོ་ནས་བསྡུས་པ་ཡིན། །ཞེས་དང་། དབྱིག་གཉེན་གྱིས། དེ་ལྟ་བས་ན་སེམས་ནི་འདིར་ཆོས་ཉིད་ཀྱི་སེམས་ཁོ་ན་ཡིན་པར་རིག་བྱའོ། །ཞེས་དང་། འགྲེལ་པ་དེ་ལ་ཀུན་མཁྱེན་མི་ཕམ་དང་ཀུན་མཁྱེན་རོང་སྟོན་གཉིས་ཆར་གྱིས་འགྲིམ་གཅིག་ཏུ། འོ་ན་འོད་གསལ་བ་དེ་སེམས་ཀྱི་ཆོས་ཉིད་དམ་ཆོས་ཅན་གང་ཡིན་ཞེ་ན། སེམས་ཀྱི་ཆོས་ཉིད་ལས་ཆོས་ཅན་གཞན་དབང་གི་སེམས་ནི་འོད་གསལ་བ་མ་ཡིན་གྱི་སེམས་ཀྱི་རང་བཞིན་ཆོས་ཉིད་དེ་འོད་གསལ་བ་བརྗོད་དོ། །ཞེས་བྱམས་ཆོས་འགྲེལ་པ་དང་བཅས་རང་སར་བཞུགས་ཀྱང་ཆོས་ཉིད་སེམས་ཙམ་དང་། སྤྲོས་བྲལ་ཀྱི་ཆོས་ཉིད་སྟོན་པའི་གཞུང་ལུགས་མེད་པའི་ངག་གི་སྤྱོད་པ་ནི་ནམ་ཡང་བྱ་མི་འོས་ཏེ། དགེ་ཚུལ་སློང་ཡིན་ན་ལྕི་བའི་ལྟུང་བ་འབྱུང་བས་འཕྲལ་སྒང་དེ་ཙམ་སྟེ་ཚད་ལྡན་དབུ་མའི་གཞུང་རྣམས་རྒྱལ་གྱུར་ཅིག་གུ། ། ཡེ་ནས་དག་པའི་འོད་གསལ་ལྗོན་ཤིང་དུ། ། འབད་པའི་སིལ་ཏོག་གསོག་རུན་བྱས་པ་འདིར། ། ལེགས་པར་བརྟགས་པའི་རོ་བཅུད་མ་མཆིས་ཀྱང་། ། ཤེས་རབ་རྔབ་པས་ཡང་དུ་འཐུ་བར་སྤྲོ། ། ཞེས་པའི་འདི་ནི་འཛིང་པ་འོད་གསལ་རྡོ་རྗེས་བགྱིས་པའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*