ས་སྐྱ་དགོན་གྱི་དཔེ་རྙིང་དཀར་ཆག་ལེགས་གྲུབ་བྱུང་བ།

གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དགོན་པ་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་ཕ་ས་ཞིག་དང་བོད་བརྒྱུད་ནང་བསྟན་ས་ལུགས་པའི་མ་དགོན་དེ་ཡིན།  འདིར་བཞུགས་སུ་གསོལ་བའི་གནའ་བོའི་གསུང་རབ་ཀྱི་གྲངས་འབོར་ནི་གངས་ཅན་ལྗོངས་ཙམ་དུ་མ་ཟད།   འཛམ་བུའི་གླིང་དུའང་སྙན་པའི་གྲགས་པ་རྒྱས་ཡོད།  ས་སྐྱ་དགོན་པའི་དཔེ་རྙིང་དཔེ་མཛོད་ཁང་དུ་བོད་ཀྱི་རིག་གནས་བཅུ་པོ་མ་ཚང་བ་མེད་པ་བཞུགས་སུ་གསོལ་ཞིང་ལྷག་པར་དུ་དུས་རབས་མི་འདྲ་བའི་ས་དགེ་བཀའ་རྙིང་། གཡུང་དྲུང་བོན་དང་བཅས་པའི་སྐྱེས་ཆེན་དམ་པའི་གསུང་རབ་དང་།  ཕྱི་རོལ་མུ་སྟེགས་པའི་གཞུང་ལུགས་སོགས་འཛམ་གླིང་རང་བཞིན་ཅན་གྱི་ཆེས་ཕུན་སུམ་ཚོགས་པའི་དཔེ་མཛོད་ཁང་ཞིག་ཡིན།   ས་སྐྱ་དགོན་པས་ཉེ་བའི་ལོ་ཤས་རིང་ཆེད་དུ་མི་སྣ་བཀོད་སྒྲིག་གིས་ས་སྐྱ་དགོན་པའི་དཔེ་རྙིང་བསྡུ་སྒྲིག་དང་།   དཔེ་རྙིང་དཀར་ཆག་ལེགས་སྒྲིག  །དཔེ་རྙིང་བཤེར་འབེབས་ཀྱི་གློག་རྡུལ་དཔེ་མཛོད་ཅན་དུ་འགྲུབ་རྒྱུའི་ལས་གཞི་གཉེར་བ་བརྒྱུད་ད་ཐེངས་ཐོག་དང་པོར་ས་སྐྱ་དགོན་པའི་དཔེ་རྙིང་དཔེ་མཛོད་ཁང་གཉིས་ཀྱི་དཀར་ཆག་དང་བཤེར་འབེབས་གློག་རྡུལ་ཡོངས་སུ་ལེགས་གྲུབ་བྱུང་སྟེ་བོད་ཟླ་བདུན་པའི་ཚེས་བཞི་ཉིན་དང་།   སྤྱི་ཟླ་༨པའི་ཚེས་༡༥ཉིན་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་བརྩེ་ཆེན་ཀུན་དགའ་གླིང་དུ་ཐེངས་དང་པོར་ཞལ་ཕྱེ་མཛད་པ་རེད། འདི་ཉིན་གདན་ས་ཆེན་པོའི་ནང་བསྟན་སློབ་གླིང་གི་མཁན་པོ་བསྟན་པ་དར་རྒྱས་མཆོག་དང་གདན་ས་ཆེན་པོའི་དབུ་འཛིན་བློ་གྲོས་རྒྱ་མཚོ་མཆོག   ས་སྐྱ་རྫོང་གི་རྫོང་དཔོན་ཚེ་རིང་དོན་གྲུབ་ལགས།  ས་སྐྱ་རྫོང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཚེ་རིང་ལགས།  དྲིལ་བསྒྲགས་པུའི་པུའུ་ཀྲང་སྐུ་གཞོན་བུ་ཆུང་ལགས།  དེ་བཞིན་གདན་ས་ཆེན་པོའི་དཔོན་སློབ་རྣམ་པ་དང་།   སློབ་དཔོན་རྣམ་པ།   དགོན་སྡེ་ཉི་ཤུ་ལྷག་གི་དགེ་འདུན་སུམ་བརྒྱ་ལྷག་ཙམ་མཉམ་བཞུགས་མཛད་པ་རེད།   སླར་ཟླ་བ་༨པའི་ཚེས་༡༨ཉིན་ས་སྐྱ་རྫོང་ཧྲང་ཧེ་ཚོགས་ཁང་ཆེན་མོར་འགྲོ་མགོན་འཕགས་པའི་རིག་གནས་དུས་ཆེན་གྱི་དམིགས་བསལ་བྱེད་སྒོ་༼ས་སྐྱའི་རིག་གཞུང་གླེང་སྟེགས་༽ཐོག་མི་དམངས་ཡོངས་ལ་ཐེངས་གཉིས་པའི་ཞལ་ཕྱེ་མཛད་པ་རེད།   ཚོགས་འདུའི་སྟེང་ས་སྐྱ་རྫོང་གི་ཧྲུའུ་ཅི་ལེའུ་གྲན་ཧུས་མཆོག་དང་ས་སྐྱ་དགོན་དོ་དམ་ཨུ་ལྷན་གྱི་དབུ་འཛིན་ཕུར་བུ་ཚེ་རིང་ལགས་དང་བློ་གྲོས་རྒྱ་མཚོ་རྣམ་གཉིས།   དེ་བཞིན་འབྲེལ་ཡོད་དབུ་ཁྲིད་མང་པོ་དང་།   རྩོམ་པ་པོ།   རོལ་དབྱངས་པ།   གསོ་རིག་ཆེད་ལས་པ།  ཁེ་ལས་པ།   ལས་ཁུངས་ཁག་གི་འབྲེལ་ཡོད་མི་སྣ་སོགས་གྲངས་འབོར་ངེས་ཅན་མཉམ་བཞུགས་མཛད་ཡོད།

ས་སྐྱའི་རིག་གཞུང་གླེང་སྟེགས་ལས་བཤུས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*