ས་སྐྱ་གོང་མའི་མཚན་གནས་དང་འབྲེལ་བའི་རྟ་བབ་སྟེང་གི་རྨ་བྱ་ཁ་སྤྲོད་ལོ་རྒྱུས་སྙིང་བསྡུས།

ས་སྐྱ་གོང་གི་གཙུག་ལག་ཁང་གི་རྟ་བབ་སྟེང་ན་རྨ་བྱ་ཁ་སྤྲོད་ཅིག་བཞེངས་འདུག་པར་ལོ་རྒྱུས་ཅི་ཡོད་ཅེ་ན། ཧོར་གོང་མ་(ཀུབ་ལི་ཁང་)སེ་ཆེན་རྒྱལ་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པ་རང་གི་དབུ་བླར་བསྟེན་ཅིང་ཧོར་རྒྱལ་ཡོངས་ཀྱི་གོ་ཐོབ་ཨང་གཉིས་པར་མངའ་གསོལ་ཞུས་ཏེ་གོ་ཐོབ་དེའི་བརྡ་མཚོན་རྨ་བྱའི་ལས་ཐམ་ཡང་ཕུལ། རྨ་བྱའི་ལས་ཐམ་ནི་གོང་མའི་འོག་ནས་གོ་ཐོབ་མཐོ་ཤོས་དེ་མཚོན་བྱེད་དང་དེའང་རྒྱུན་དུ་ཁྲི་བཙུན་(རྒྱལ་མོ་)ལ་མ་གཏོགས་མེད་པ་ཞིག་ཡིན་པར་བཤད། དེས་ན་སྐབས་དེ་དུས་འགྲོ་མགོན་ཆོས་འཕགས་ནི་རྒྱ་བོད་ཧོར་གསུམ་ནང་ཆོས་ཕྱོགས་ཀྱི་དབུ་ཁྲིད་གོང་ན་མེད་པ་དེ་ཡིན་པ་མ་ཟད་འཇིག་རྟེན་ཕྱོགས་ནས་ཀྱང་ཧོར་གོང་མའི་འོག་ནས་གོ་གནས་མཐོ་ཤོས་ན་ཡོད་པ་ལོ་རྒྱུས་འདིས་ཤེས་ནུས་ལ། དེ་བཞིན་སྟོད་ན་༸ས་སྐྱ་༸གོང་མ། སྨད་ན་རྒྱ་ནག་གོང་མ་ཞེས་གྲགས་འདུག་པ་ལྟར་༸ས་སྐྱ༸གོང་མ་ཞེས་པའི་མཚན་གྱི་ཆེ་བ་ཡང་དེ་ཙམ་ནས་གྲགས་པར་སེམས། དེའང་རྒྱ་བོད་ཧོར་གསུམ་གྱི་སྲིད་ཀྱི་མགོ་གཙོ་རྒྱལ་མཆོག་གོང་མ་སེ་ཆེན་དང་། ཆོས་ཀྱི་དབུ་ཁྲིད་༸ས་སྐྱ་༸གོང་མ་ཞེས་ཁྱབ་འབངས་ཡོངས་ཀྱིས་གཙུག་ཏུ་བཀུར་བ་བཞིན། དེ་ལྟ་བུའི་གོང་མ་གཉིས་ནས་རྒྱལ་ཁམས་ཆོས་བཞིན་བསྐྱངས་མཛད་པས་གང་གི་སྐུ་དབང་གིས་ཁྱབ་པའི་སྐྱེ་འགྲོ་ཡོངས་ལ་རེ་ཞིག་བདེ་སྐྱིད་ཀྱི་དྲོད་ཁོལ་ཐོབ་པ་ཡང་དཔོག་ཐུབ། དེ་ལྟར་འཕགས་པའི་གོ་ཐོབ་མཚོན་བྱེད་རྨ་བྱའི་ལས་ཐམ་ཡིན་པ་བཞིན་ཕྱིས་དཔོན་ཆེན་ཤཱཀྱ་བཟང་པོས་གོང་མའི་གདན་སའི་གཙུག་ལག་བཞེང་དུས་ཀྱང་གདན་སའི་བདག་པོ་འཕགས་པ་ཡིན་པ་ལ་དགོངས་ནས་རྟ་བབ་གོང་ན་ལས་ཐམ་གྱི་རི་་མོ་རྨ་བྱ་ཁ་སྤྲོད་དེ་ལྟར་བཞེངས་པ་རེད་ཅེས། དེང་སང་རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཚོས་བཤད་ཀྱི་ཡོད་པ་གོ་ཐོས་བྱུང་། རེད་དེ་གདན་སའི་རྒན་རབས་ཚོའི་ངག་རྒྱུན་ན་ཡོད་པ་ལྟར་ནི། ཀྱེ་རྡོར་རྩ་རྒྱུད་ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་པ་ལྟར། དུག་འཚོ་བྱེད་དུ་བསྟེན་ནས་ལུས་ཀྱི་མདངས་དང་ཟོ་མདོག་རྒྱས་པའི་རྐྱེན་དུ་གྱུར་པ་ནི་རྨ་བྱ་ལས་མེད་པ་བཞིན་ཉོན་མོངས་ལམ་དུ་བསྟེན་ནས་གྲོལ་བའི་ཐབས་སུ་གྱུར་པའང་གསང་སྔགས་བླ་མེད་སྤྱི་དང་བྱེ་བྲག་ཏུ་གསུང་ངག་ལམ་ལྟ་བུ་ལས་གདམས་པ་གཞན་མེད་པས། དེ་ལྟར་དུག་གསུམ་ལམ་བྱེད་ཀྱི་མན་ངག་ཟབ་ཤོས་སྐྱོན་ཡོན་ཏན་དུ་སློང་བའི་གདམས་ངག་སོགས་ཟབ་པའི་ཆེ་བ་བཅུ་གཅིག་དང་ལྡན་པའི་གསུང་ངག་ལམ་འབྲས་འདི་ཉིད་བརྩེ་ཆེན་ས་སྐྱ་པའི་ཉམས་བཞེས་ཀྱི་གཙོ་བོ་ཡིན་པའི་མཚོན་བྱེད་དུ་གཙུག་ལག་ཁང་གི་སྟེང་ན་རྨ་བྱ་ཁ་སྤྲོད་བཞེངས་པ་རེད་ཅེས་གསུང་གི་འདུག དེ་ནས་བརྩེ་ཆེན་བསྟན་པའི་རིང་ལུགས་འཛིན་པའི་ཆོས་སྡེ་གཞན་ནའང་སྤྲུལ་པའི་ལྷ་ཆེན་གཙུག་ལག་ཁང་ལ་དཔེ་བླངས་པ་རེ་ཟུང་བྱུང་ཡོད་ལ། འཕགས་ཡུལ་དཔལ་ས་སྐྱའི་གདན་ས་ཆེན་མོ་ས་སྐྱ་ཆོས་སྒར་གྱི་ལྕགས་རིའི་སྒོ་ཆེན་སྟེང་ནའང་རྨ་བྱ་ཁ་སྤྲོད་ཅིག་བཞེངས་འདུག་པའང་བརྡ་མཚོན་དང་ལོ་རྒྱུས་གོང་ལྟར་ལས་གཉིས་སུ་མེད་པར་སེམས་སོ། ། ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢༤ རེ་གཟའ་ལྷག་པའི་དགོངས་མོར་རིག་སྨྱུག་པས་བྲིས་པའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*