ཐེག་དམན་དང་ཐེག་ཆེན་དབར་གྱི་བསྡུར་ཞིབ་ངོ་སྤྲོད།

ཐེག་དམན་དང་ཐེག་ཆེན་གྱི་བརྡ་ཆད།
ཐེག་དམན་(ཐེག་པ་ཆུང་བའམ་ཉམ་ཆུང་)དང་ཐེག་ཆེན་(ཐེག་པ་ཆེ་བའམ་རྒྱས་པ་)ཞེས་པའི་ཐ་སྙད་ནི་ཤེར་ཕྱིན་གྱི་མདོའི་ནང་ནས་བྱུང་། དེ་དག་ནི་དམའ་འབེབས་ཀྱི་ཐ་སྙད་ཆ་གཅིག་ཡིན། ཐེག་ཆེན་ལ་ཆེ་སྟོད་དང་ཐེག་དམན་ལ་མཐོང་ཆུང་ཁྱད་གསོད་བྱེད་ཀྱི་ཡོད་ཟོར་སྣང་བས། དེ་ལ་བརྟེན་ནས་སྐྱོན་མང་པོ་ཡོང་གི་ཡོད། དེར་བརྟེན་ངས་དེ་དག་ལ་ཚད་ལྡན་གྱི་ཐ་སྙད་བེད་སྤྱོད་བྱ་རྒྱུ་ཡིན།

ཐེག་དམན་ནང་སྡེ་པ་བཅོ་བརྒྱད་ཡོད་ཅིང་། དེ་དག་ལས་གྲགས་ཆེ་ཤོས་ནི་ཐམས་ཅད་ཡོད་པར་སྨྲ་བ་དང་གནས་བརྟན་སྨྲ་བའམ་ཐེ་ར་ཝ་རྡ་(Theravada)ཡིན། གཉིས་པ་དེ་དེང་སང་ཤྲཱི་ལངྐ་དང་ལྷོ་ཤར་ཨེ་ཤི་ཡའི་ནང་དར་ཁྱབ་ཡོད་པ་དང་། དང་པོ་དེ་བོད་རིགས་རྒྱ་གར་བྱང་ཕྱོགས་སུ་འགྲུལ་བཞུད་བྱས་པ་དང་བོད་དུ་ནང་ཆོས་དར་འགོ་ཚུགས་པའི་སྐབས་རྒྱ་གར་བྱང་ཕྱོགས་སུ་དར་ཁྱབ་བྱུང་ཡོད།

ལྟ་གྲུབ་ཀྱི་ཁྱད་པར་ཐོག་ལ་གཞི་བཞག་པའི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ཚན་གཙོ་བོ་གཉིས་ཡོད། དེ་གཉིས་ནི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་ཡིན། ཐེག་དམན་གྱི་གྲུབ་མཐའི་རྣམ་གཞག་ནི་དཔེར་ན་ནཱལནྡ་ལྟ་བུའི་རྒྱ་གར་གྱི་ནང་པའི་གཙུག་ལག་མཐོ་སློབ་ནང་སློབ་གཉེར་བྱས་ཡོད་པ་དང་ཕྱིས་སུ་བོད་ཀྱི་ཐེག་ཆེན་པས་ཐོས་བསམ་སྒོམ་གསུམ་བྱེད་ཀྱི་ཡོད། བོད་ནང་རབ་བྱུང་གི་སྡེའི་སྡོམ་རྒྱུན་ཐམས་ཅད་ཡོད་པར་སྨྲ་བའི་ནང་གསེས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ཚན་ནས་བྱུང་།

སངས་རྒྱས་དང་དགྲ་བཅོམ་པ།
དགྲ་བཅོམ་པ་དང་སངས་རྒྱས་འགྲེལ་བརྗོད་བྱེད་སྟངས་ཐད་ཐེག་ཆེན་དང་ཐེག་དམན་དབར་ཁྱད་པར་ཅུང་མངོན་གསལ་དོད་པོ་ཡོད། གཉིས་ཀས་དགྲ་བཅོམ་པའམ་ཐར་པ་ཐོབ་པའི་གང་ཟག་རྣམས་སངས་རྒྱས་ལས་ཡོན་ཏན་གྱི་ཆ་ནས་ཚད་ཅན་ཞིག་ཏུ་བརྩི་གི་ཡོད། ཐེག་ཆེན་གྱི་ཁྱད་པ་དེ་ནི་སྒྲིབ་གཉིས་ཀྱི་ཐོག་ནས་འཇོག དེ་གཉིས་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ལ་བར་དུ་གཅོད་ཀྱི་ཡོད། དགྲ་བཅོམ་པ་རྣམས་ཉོན་སྒྲིབ་འབའ་ཞིག་ཟད་པ་དང་ཆབས་ཅིག་སངས་རྒྱས་ཀྱིས་ཤེས་སྒྲིབ་དང་བཅས་སྒྲིབ་པ་གཉིས་ཀ་སྤངས་ཟིན། ཁྱད་པ་འདི་ནི་ཐེག་དམན་ནང་མཐོང་རྒྱུ་མེད། དེ་ནི་ཐེག་ཆེན་གྱི་ལྟ་གྲུབ་འབའ་ཞིག་ཡིན།

ཐར་པའམ་ཐམས་ཅད་མཁྱེན་པ་འཐོབ་པ་ལ། ཐེག་ཆེན་དང་ཐེག་དམན་གཉིས་ཀས་བདག་མེད་ནི་རྟོག་མེད་མངོན་སུམ་དུ་རྟོགས་དགོས་པ་དང་། དེ་ལ་ལེགས་སྦྱར་སྐད་དུ་ཨ་ནཱ་ཏྨ་(anatma)ཞེས་བྱ། ཐམས་ཅད་ཡོད་པར་སྨྲ་བ་དང་ཐེག་ཆེན་གྱི་རྒྱ་གར་གྱི་གཞུང་སྐད་གཙོ་བོ་ཡིན་ཅིང་། གནས་བརྟན་སྨྲ་བའི་གཞུང་སྐད་པཱ་ལི་སྐད་དུ་ཨ་ནཱ་ཏྟ་ (anatta)ཞེས་བྱ། ཐེག་དམན་གྱིས་གང་ཟག་འབའ་ཞིག་ལ་བརྩི་བཀུར་བྱེད་པ་ལས་ཆོས་ཐམས་ཅན་ལ་མི་བྱེད་པའི་དེ་ལྟའི་ཡིན་པ་མི་སྲིད་པའི་བདག་སྟེ། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་(རྟག་པའམ་འདུས་མ་བྱས)། ཆ་ཤས་ལ་ལྟོས་མེད་(ཆ་ཤས་མེད་པའམ་གཅིག་)དང་། ལུས་སེམས་གཉིས་དང་བྲལ་བ་(རང་དབང་)། གཞན་ལ་མ་ལྟོས་པས་རང་གཅིག་བུ་ཤེས་ཐུབ་པ་(རང་སྐྱ་ཐུབ་པའི་རྫས་ཡོད་)བཅས་སུ་ཡོད་པར་འདོད། དེ་ལྟའི་བདག་ནི་མི་སྲིད། དེ་ལྟར་གང་ཟག་གི་བདག་མེད་པ་རྟོགས་པའི་ཐོག་ནས་དགྲ་བཅོམ་པའམ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ། ཁྱད་པར་ནི་དགེ་བའི་ལས་སམ་བསོད་ནམས་ཇི་ཙམ་བསགས་ཡོད་མེད་ལ་རག་ལས་ཡོད། སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་བྱང་ཆུབ་སེམས་ཡར་རྒྱས་བཏང་བ་ལ་བརྟེན་ནས། སངས་རྒྱས་ཀྱིས་དགྲ་བཅོམ་པ་ལས་བསོད་ནམས་སྟོབས་ཆེ་བ་བསགས་ཟིན།

སངས་རྒྱས་ཀྱིས་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་ཡོད་ཅེས་ཐེག་ཆེན་པས་འགྲེལ་བརྗོད་བྱེད་ཅིང་མེད་པ་དེ་ལ་སྟོང་ཉིད་ཅེས་བྱ། རྒྱ་གར་ནང་ཐེག་ཆེན་གྱི་རྒྱུད་པ་སྣ་ཚོགས་ཀྱིས་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་དམ་སྟོང་ཉིད་རྟོགས་ཀྱི་ཡོད་མེད་ཁྱད་པར་ཆེན་པོ་ཡོད། ཐེག་ཆེན་ནང་དབུ་མ་ཐལ་འགྱུར་བས་ཉན་རང་གིས་སྟོང་ཉིད་རྟོགས་པར་འདོད། འོན་ཀྱང་བོད་རྒྱུད་ཆོས་ལུགས་བཞིས་དབུ་མ་ཐལ་འགྱུར་བའི་འདོད་ཚུལ་ལ་བསྟུན་ནས་གནད་དོན་དེ་འགྲེལ་བཤད་མི་འདྲ་བ་བྱེད། འགའ་ཞིག་གིས་དགྲ་བཅོམ་པས་རྟོགས་པའི་སྟོང་ཉིད་དེ་སངས་རྒྱས་ཀྱི་མཁྱེན་པའི་སྟོང་ཉིད་དང་འདྲ་ཡི་མེད་པར་བརྗོད། ཡང་འགས་སྟོང་ཉིད་དེ་གཉིས་གཅིག་པར་འདོད། འགའ་ཞིག་གིས་ཉན་རང་གིས་རྟོགས་པའི་སྟོང་ཉིད་ཀྱི་སྟོང་གཞི་ཆོས་ཅན་དེ་སངས་རྒྱས་ཀྱིས་མཁྱེན་པའི་སྟོང་ཉིད་ཀྱི་སྟོང་གཞི་ཆོས་ཅན་ལས་ཁྱབ་ཆུང་བར་སྨྲ། འགའ་ཞིག་གིས་གཅིག་པར་འདོད། འདིར་རྒྱས་པར་བརྗོད་དགོས་དོན་མེད།

སངས་རྒྱས་དང་དགྲ་བཅོམ་པ་དང་འབྲེལ་བའི་གནད་དོན་འཕར་མ།
སངས་རྒྱས་དང་དགྲ་བཅོམ་པའི་མཁྱེན་ཚུལ་ནི་ཕྱོགས་གཞན་ནས་ཀྱང་མི་འདྲ་བ་ཡོད། དཔེར་ན། གནས་བརྟན་སྨྲ་བས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དབར་ཁྱད་པར་གཅིག་ནི་ཉན་ཐོས་རྣམས་ཀྱིས་དགྲ་བཅོམ་པའི་གོ་འཕང་འཐོབ་ཕྱིར་ནང་པའི་བཤེས་གཉེན་སྟེན་པ་དང་། ཆབས་ཅིག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་ནང་པའི་བཤེས་གཉེན་སྟེན་གྱི་མེད་པར་བརྗོད། དཔེར་ན། བདག་ཅག་གིས་སྟོན་པས་དགེ་བའི་བཤེས་གཉེན་ནམ་སངས་རྒྱས་གཞན་ཞིག་ལ་བསྟེན་ནས་ཡོན་ཏན་སྦྱངས་མེད། ཁོང་གིས་ཕྱི་རོལ་པའི་དགེ་རྒན་དང་མཉམ་དུ་སློབ་གཉེར་མཛད་དེ་མཐར་དེ་དག་གི་ལྟ་བ་བསྐྱུར། མདོར་ན་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ནང་པའི་དགེ་རྒན་ཞིག་ལ་བརྟེན་ནས་བྱུང་བ་མ་ཡིན། དེར་རྟེན་གནས་བརྟན་སྨྲ་བས་སངས་རྒྱས་ཀྱི་མཁྱེན་པ་ནི་དགྲ་བཅོམ་པའི་མཁྱེན་པ་ལས་མཆོག་ཏུ་གྱུར་བར་འདོད།

དེར་མ་ཟད་མ་གཞི་དགྲ་བཅོམ་པ་རྣམས་ཀྱིས་གཞན་ལ་ཆོས་སྟོན་ནའང་། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པ་བཞིན་ཉན་ཐོས་ཀྱིས་མི་ཐུབ། སངས་རྒྱས་སྐུ་མྱ་ངན་ལས་འདས་ཁར་གང་གི་སློབ་མ་དགྲ་བཅོམ་པ་ཤཱ་རིའི་བུ་ལ་མུ་མཐུད་ཆོས་ཀྱི་འཁོར་ལོ་སྐོར་ཞེས་རྒྱལ་ཚབ་ཏུ་བསྐོས། གནས་བརྟན་སྨྲ་བ་ལ་གཞིགས་ན། སངས་རྒྱས་ལ་དགྲ་བཅོམ་ལས་མཆོག་ཏུ་གྱུར་བའི་སེམས་ཅན་རྣམས་ཐར་པའི་ས་ལ་འགོད་པར་བྱེད་པའི་ཐབས་ལྡན་ཡོད། དེའང་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བའི་གནད་ཀྱིས་ཡིན། འོན་ཀྱང་འགྲེལ་བརྗོད་ལ་མཚོན་ན། སངས་རྒྱས་ཀྱིས་མི་ཚང་མའི་ཁ་བྱང་མ་མཁྱེན་པར་གཞན་ལ་བཀའ་འདྲི་གནང་དགོས་ཀྱི་ཡོད།

བྱེ་བྲག་སྨྲ་བར་གཞིགས་ན། དེ་ལྟའི་གནས་ཚུལ་རྣམས་མཁྱེན་པར་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན་ནའང་། དུས་གཅིག་ལ་ཆོས་གཅིག་ལས་མཁྱེན་གྱི་མེད། ཐེག་ཆེན་ལ་མཚོན་ན། ཐམས་ཅད་མཁྱེན་པ་ཟེར་དུས་ཆོས་ཐམས་ཅད་དུས་གཅིག་ལ་མཁྱེན་པར་གོ །དེ་ཡང་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་བྱུང་བའི་རྒྱུ་མཚན་གྱིས་དབང་གིས་ཡིན། ང་ཚོས་རྟེན་ནས་མ་བྱུང་བའི་ཆོས་གཅིག་ཀྱང་ངོས་འཛིན་མི་ཐུབ།

ཐེག་དམན་གྱིས་བདག་ཅག་གི་སྟོན་པའི་སྐུ་ཚེ་གཅིག་རིང་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་པ་དང་། དགྲ་བཅོམ་པ་དང་འདྲ་བར། ཁོང་སྐུ་མྱ་ངན་ལས་འདས་རྗེས། སེམས་ཀྱི་རྒྱུན་ཆད་པར་འདོད། དེར་བརྟེན། ཐེག་དམན་ལ་གཞིགས་ན། བདག་ཅག་གི་སྟོན་པས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱས་པའི་སྐུ་ཚེ་ལྷག་མ་འབའ་ཞིག་གི་རིང་ཆོས་གསུང་གི་ཡོད། ཐེག་ཆེན་གྱིས་གསུང་པ་བཞིན་ཁོང་ཚོས་སྤྲུལ་འགྱུར་སྣ་ཚོགས་ལ་བརྟེན་ནས་ཆོས་ཀྱི་འཁོར་ལོ་སྐོར་བའི་རྣམ་གཞག་འཇོག་གི་མེད། ཐེག་ཆེན་གྱི་ལུགས་ལ་སྟོན་པ་ཐུགས་རྗེ་ཆེན་པོ་ནང་པའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བསྐལ་པ་མང་པོའི་སྔོན་ནས་སངས་རྒྱས་ཟིན། མཛད་པ་བཅུ་གཉིས་ཀྱི་ཡ་གྱལ་དུ་ཁོང་གིས་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པའི་སངས་རྒྱས་པའི་ཚུལ་བསྟན། སངས་རྒྱས་ཀྱི་རྣམ་ཐར་གྱི་སྔོན་དུ་བཞུགས་པའི་འགྲེལ་པ་ནི་ཐེག་དམན་གྱི་དགེ་འདུན་ཕལ་ཆེན་པའི་སྡེ་པའི་ནང་ནས་བརྙེད། དེ་ནི་ཐེག་དམན་གྱི་སྡེ་བཅོ་བརྒྱད་ལས་གཅིག་ཡིན། འོན་ཀྱང་ཐམས་ཅད་ཡོད་པར་སྨྲ་བ་དང་གནས་བརྟན་སྨྲ་བའི་ནང་རྙེད་རྒྱུ་མེད།

སངས་རྒྱས་ལ་གཞིགས་ན། ཁྱད་པར་ཆེན་པོ་གཞན་གཅིག་ནི་ཐེག་ཆེན་འབའ་ཞིག་གིས་སངས་རྒྱས་ཀྱི་སྐུ་ལ་གསུམ་ཡོད་པ་བརྗོད་དེ། སྤྲུལ་སྐུ་དང་། ལོངས་སྐུ། ཆོས་སྐུ་བཅས་ཡིན། ཐེག་དམན་གྱིས་དེ་ལྟར་གསུང་གི་མེད། དེས་ན་ཐེག་དམན་དང་ཐེག་ཆེན་གྱིས་སངས་རྒྱས་འཇོག་ཚུལ་ལ་ཁྱད་པར་ཆེན་པོ་ཡོད།

ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ།
ཐེག་དམན་དང་ཐེག་ཆེན་གཉིས་ཀས་རང་རང་སོ་སོའི་མཐར་ཐུག་གི་ས་ལ་བགྲོད་པའི་རིམ་པར་ལམ་ལྔ་འཇོག་གི་ཡོད། དེ་དག་ནི་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ཡིན། མཐོང་ལམ་ཐོབ་པའི་ཉན་རང་དང་བྱང་སེམས་གཉིས་ཀ་མཁྱེན་སྟོབས་ཤིན་ཏུ་ཡངས་པའི་འཕགས་པ་ཡིན། གཉིས་ཀར་བདེན་བཞི་མི་རྟག་སོགས་རྣམ་པ་བཅུ་དྲུག་རྟོགས་པའི་རྟོག་མེད་ཀྱི་ཤེས་པ་ལྡན་ཡོད།

ཐེག་དམན་དང་ཐེག་ཆེན་གཉིས་ཀས་མཐོང་ལམ་གྱིས་ཉན་རང་འཕགས་པ་དང་བྱང་སེམས་འཕགས་པ་རྣམས་མཐོང་སྤངས་ཉོན་མོངས་ཀུན་བརྟགས་སྤོང་པ་ཁས་ལེན་བྱེད་པ་དང་། སྒོམ་ལམ་ལ་བརྟེན་ནས་ཉོན་མོངས་ལྷན་སྐྱེས་སྤོང་བར་བྱེད། དང་པོ་ནི་གྲུབ་མཐའི་དབང་གིས་རྒྱུད་ལ་སྐྱེད་པ་དང་ཕྱི་མ་ནི་དུད་འགྲོ་ཚུད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ངང་གིས་ཡོང་གི་ཡོད། ཉན་རང་དང་བྱང་སེམས་རྣམས་ཀྱིས་སྤོང་བར་འགྱུར་བའི་ཉོན་མོངས་རྣམས་སེམས་འབྱུང་སྤྱིའི་ཡ་གྱལ་ཡིན་ཅིང་། ཐེག་དམན་གྱི་གྲུབ་མཐའ་སོ་སོར་རང་རང་གི་སེམས་བྱུང་ཉོན་མོངས་ཀྱི་གྲངས་རེ་ཡོད། ཆབས་ཅིག་ཐེག་ཆེན་གྱིས་གྲགས་གཞན་ཞིག་གསུང་ཞིང་། གྲངས་སོ་སོའི་ནང་ཉོན་མོངས་རྣམས་འགྲེལ་བརྗོད་མི་འདྲ་བ་ཡོད།

ཐེག་དམན་དང་ཐེག་ཆེན་གཉིས་ཀས་ལམ་ལྔ་ལ་བརྟེན་ནས་སེམས་ཡར་རྒྱས་གཏོང་བའི་རྒྱུད་རིམ་ནང་གནས་གཙང་དུ་བགྲོད་པའི་ཐབས་བྱང་ཕྱོགས་སོ་བདུན་(བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་)ཉམས་ལེན་བྱེད་དགོས་པ་མོས་མཐུན་བྱེད། བྱང་ཆུབ་ཞེ་ན་དགྲ་བཅོམ་པའམ་སངས་རྒྱས་ཀྱི་ས་ལ་གོ་དགོས། བྱང་ཕྱོགས་སོ་བདུན་ནང་། དྲན་པ་ཉེར་བཞག་བཞི་དང་། འཕགས་ལམ་ཡན་ལག་བརྒྱད་སོགས་ཡོད། དེ་དག་ནི་ཧ་ཅང་གལ་ཆེན་པོ་ཡིན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནང་བྱང་ཕྱོགས་སོ་བདུན་རྣམས་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་སོ་བཞི་དང་སྐུ་གསུང་ཐུགས་བཅས་ཀྱིས་མཚོན་གྱི་ཡོད། དེ་ག་ནང་བཞིན་རྡོ་རྗེ་རྣལ་འབྱོར་མའི་ལུས་དཀྱིལ་ནང་གི་མཁའ་འགྲོ་མས་མཚོན། བྱང་ཕྱོགས་སོ་བདུན་ནི་ཚད་དང་ལྡན་པའི་ཉམས་ལེན་ཆ་ཚང་ཞིག་ཡིན། འོན་ཀྱང་ཐེག་ཆེན་དང་ཐེག་དམན་ནང་བྱང་ཕྱོགས་སོ་བདུན་གྱི་ཉམས་ལེན་རེ་རེ་བཞིན་མི་འདྲ་བ་ཡོད།

ཐེག་དམན་དང་ཐེག་ཆེན་གཉིས་ཀས་རྒྱུན་ཞུགས་དང་། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་རྣམས་ཉན་རང་འཕགས་པའི་གནས་སུ་བརྩི་གི་ཡོད། འོན་ཀྱང་བྱང་སེམས་འཕགས་པའི་ལམ་མ་ཡིན། དེས་ན་རྒྱུན་ཞུགས་ལ་བདེན་བཞི་མི་རྟག་སོགས་རྣམ་པ་བཅུ་དྲུག་རྟོགས་པའི་རྟོག་མེད་མངོན་སུམ་ལྡན་ཅིང་། དེས་གང་ཟག་གི་བདག་མེད་ནི་རྟོག་མེད་མངོན་སུམ་དུ་རྟོགས་པར་ཡང་བྱེད། ང་ཚོས་རྒྱུན་ཞུགས་ནི་ལས་དང་པོ་བ་ཞིག་ཏུ་བརྩི་རྒྱུ་མེད། དེར་བརྟེན་སུ་འདྲ་ཞིག་གིས་རྒྱུན་ཞུགས་ཀྱི་གོ་འཕང་ཐོབ་ཡོད་ཚུལ་བརྗོད་ན་དོགས་ཟོན་དགོས།

ཐེག་དམན་གྱི་གཞུང་ནང་བྱང་ཆུབ་སེམས་དཔའི་ལམ་འགྲེལ་བཤད་རྒྱས་པོ་གསུང་མེད། འོན་ཏེ་ཐེག་ཆེན་གྱིས་ས་བཅུའི་རྣམ་གཞག་ཐོག་ནས་སངས་རྒྱས་ཀྱི་ས་ལ་བགྲོད་པའི་བྱང་སེམས་ཀྱི་ལམ་རྒྱས་པར་གསུང་ཡོད། ས་བཅུའི་རྣམ་གཞག་ནང་ཉན་རང་གི་ས་ལམ་ཚུད་མེད།

ཐེག་དམན་དང་ཐེག་ཆེན་གཉིས་ཀས་བྱང་སེམས་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་ཀྱི་ས་ལ་བགྲོད་པ་ནི་ཉན་རང་གིས་དགྲ་བཅོམ་པའི་ས་ལ་བགྲོད་པ་ལས་དུས་ཚོད་མང་བ་འགོར་གྱི་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་ཐེག་ཆེན་ཁོ་ནས་སངས་རྒྱས་པར་བསྐལ་ཆེན་གྲངས་མེད་གསུམ་རིང་ཚོགས་གཉིས་གསོག་དགོས་ཚུལ་གསུང་ཞིང་། གྲངས་མེད་ཞེ་ན་གྲངས་གནས་ཆེ་ཤོས་ཏེ། ང་ཚོས་གྲངས་བརྩི་མི་ཐུབ། ཕྱོགས་གཞན་ཞིག་ནས་ཉན་རང་གིས་ཚེ་གསུམ་གྱི་ནང་དགྲ་བཅོམ་པའི་གོ་འཕང་འཐོབ་པར་གསུང་། ཚེ་དང་པོའི་ནང་རྒྱུན་ཞུགས་ཆགས། ཚེ་གཉིས་པའི་ནང་ཕྱིར་འོང་ཞུགས་པ་ཆགས། ཚེ་གསུམ་པའི་ནང་ཕྱིར་མི་འོང་སྟེ་ཐར་པ་ཐོབ་ནས་དགྲ་བཅོམ་པ་ཆགས་ཀྱི་ཡོད། འདི་ནི་མི་མང་པོར་དང་འདོད་བྱེད་པ་ཞིག་ཡིན།

དགྲ་བཅོམ་པ་རང་འདོད་ཅན་ཡོད་ཚུལ་བརྗོད་པ་ནི་བྱང་ཆུབ་སེམས་དཔའ་བ་རྣམས་ཀྱི་དྲིལ་བསྒྲགས་དང་འདྲ། དེའི་དོན་ནི་མཐའ་གཉིས་སུ་མི་ལྷུང་བའི་ཆེད་དུ་ཡིན། སངས་རྒྱས་ཀྱིས་རང་གི་སློབ་མ་དགྲ་བཅོམ་དྲུག་བཅུར་ཆོས་སྟོན་རོགས་ཞེས་གསུངས་པ་མདོའི་ནང་གསལ། གལ་སྲིད་ཁོང་ཚོ་རང་འདོད་ཅན་ཡིན་ན། དེ་ལྟར་བྱ་རྒྱུའི་ཁས་ལེན་བྱེད་ངེས་མ་ཡིན། འོན་ཀྱང་དགྲ་བཅོམ་པས་གཞན་གྱི་དོན་བྱེད་ཐུབ་ཀྱང་སངས་རྒྱས་ནང་བཞིན་མི་ཐུབ། གཉིས་ཀས་ལས་འབྲེལ་ཅན་ལ་དོན་བྱེད་ཐུབ།

བྱང་ཆུབ་སེམས་དཔའ།
ཐེག་དམན་གྱི་གྲུབ་མཐའི་ནང་སངས་མ་རྒྱས་པའི་སྔ་རོལ་ཏུ་བྱང་སེམས་ཀྱི་ལམ་ཉམས་ལེན་དགོས་ཚུལ་བརྗོད་ཀྱི་ཡོད་པ་ཤེས་རྟོགས་བྱ་རྒྱུ་གལ་ཆེ། ཐེག་པ་ཆེ་ཆུང་གཉིས་ཀར་སངས་རྒྱས་ཀྱི་སྐྱེས་རབས་ཀྱི་འདོད་ཚུལ་ཡོད་ཅིང་། དེའི་ནང་སངས་རྒྱས་ཀྱི་སྐུ་སྐྱེ་སྔོན་མའི་ནང་བྱང་ཆུབ་སེམས་དཔའ་ཞིག་ཡིན་སྟངས་འགྲེལ་བརྗོད་བྱེད་ཀྱི་ཡོད། དུས་རབས་གསུམ་པའི་ནང་རྒྱལ་པོ་དཔལ་དགེ་འདུན་བྱང་ཆུབ་(Siri Sanghabodhi)ནས་འགོ་བཙུགས་ཏེ། ཤྲི་ལངྐ་འི་རྒྱལ་པོ་མང་པོས་རང་གིས་རང་ལ་བྱང་ཆུབ་སེམས་དཔའ་ཞེས་བོས། སྐབས་དེར་ཤྲི་ལངྐ་འི་ནང་ཐེག་ཆེན་འགའ་ཡོད་པས་དེ་ནི་དཀའ་ངལ་བཟོ་བའི་གཡོ་ཇུས་ཞིག་ཡིན། བྱང་སེམས་ཀྱི་རྒྱལ་པོ་དེ་དག་གི་སྔོན་ཐེག་ཆེན་གྱི་ཤུགས་རྐྱེན་ཡོད་མེད་ནི་ཁ་མཚོན་གཅོད་རྒྱུ་ཁག་པོ་ཡིན་ནའང་། དེ་ལྟར་བྱུང་ཡོད། ཧ་ལས་དགོས་པ་ཞིག་ལ་དུས་རབས་ལྔ་པའི་ནང་། ཤྲི་ལངྐའི་རྒྱལ་ས་ཨ་ནུ་རཱ་དྷ་པུ་རར་གནས་བརྟན་ཚོས་མངོན་པ་ལ་མཁས་པའི་གནས་བརྟན་སྨྲ་བའི་སློབ་དཔོན་སངས་རྒྱས་དབྱངས་(Buddhaghosa)་བྱང་སེམས་རྗེ་བཙུན་བྱམས་པའི་ཡང་སྲིད་དུ་འོང་བར་གསལ་བསྒྲགས་བསྐྱངས།

ཐེག་ཆེན་གྱིས་བསྐལ་པ་བཟང་པོ་འདིའི་ནང་སངས་རྒྱས་སྟོང་རྩ་གཅིག་ཡོད་པ་དང་ཁོང་རྣམས་ཀྱིས་གོ་ལ་ཡོངས་ལ་ཁྱབ་པའི་ཆོས་ཤིག་འགོ་འཛུགས་ཀྱི་རེད་ཅེས་བརྗོད་པ་དང་། དེ་མིན་དུས་སྐབས་གཞན་དུ་སངས་རྒྱས་མང་པོ་ཕེབས་ངེས་ཡིན་པར་འདོད། ཐེག་ཆེན་གྱིས་ད་དུང་སེམས་ཅན་ཐམས་ཅད་སངས་རྒྱས་པར་འདོད་ཅིང་རྒྱུ་མཚན་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད། ཐེག་དམན་གྱིས་སངས་རྒྱས་ཀྱི་རིགས་ཞེས་པ་འདོད་ཀྱི་མེད། དེ་ལྟ་ནའང་གནས་བརྟན་སྨྲ་བས་འདས་པའི་སངས་རྒྱས་བརྒྱ་རྩ་བརྗོད་ཀྱི་ཡོད། དེའི་མདོ་ཞིག་གི་ནང་ཉི་ཤུ་རྩ་བདུན་གསུངས་ཡོད། དེ་དག་ཚང་མ་སངས་མ་རྒྱས་པའི་སྔོན་བྱང་ཆུབ་སེམས་དཔའ་ཡིན་ཅིང་། མ་འོངས་པའི་དུས་སུ་རྗེ་བཙུན་བྱམས་པ་ཚུད་སངས་རྒྱས་གྲངས་མེད་བྱོན་པར་འདོད། གལ་སྲིད་མི་རྣམས་ཕར་བྱིན་བཅུ་ཉམས་ལེན་བྱས་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཆགས་པར་འདོད།

ཕར་ཕྱིན་བཅུ།
ཕར་བྱིན་བཅུ་ནི་བྱང་སེམས་ཁོ་ནས་ཉམས་ལེན་བྱེད་པ་ལས་ཉན་རང་གིས་མ་ཡིན་ཟེར། གང་ཡིན་ཞེ་ན། དེ་དག་ནི་བྱང་ཆུབ་སེམས་ཀྱིས་རྩ་བའི་རྐྱེན་བྱས་ནས་ཡོང་དགོས་པར་འགྲེལ་བརྗོད་བྱས་ཡོད།

འོན་ཏེ་གནས་བརྟན་སྨྲ་བར་གཞིགས་ན། ཕར་བྱིན་བཅུ་དེ་དག་ངེས་འབྱུང་གི་བསམ་པས་ཀུན་ནས་བླངས་ན། ཐར་པའི་རྒྱུར་ཕར་བྱིན་བཅུ་ཉམས་ལེན་བྱེད་པར་བྱང་ཆུབ་སེམས་མི་དགོས་ཟེར། དེས་ན་གནས་བརྟན་སྨྲ་བས་ཐེག་པ་ཆེ་ཆུང་གཉིས་ཀས་ཕར་བྱིན་བཅུ་ཉམས་སུ་ལེན་པར་འདོད། དེ་དག་གི་རྒྱབ་ཏུ་སྐུལ་སློང་ཇི་ལྟར་ཡོད་ཀྱང་། ཐེག་པ་ཆེ་ཆུང་གཉིས་ཀྱི་ཉམས་ལེན་གྱི་ཁྱད་པར་གཙོ་བོ་ནི་ཤུགས་ཆེ་ཆུང་ལ་རགས་ལུས། དེར་བརྟེན་ཕར་བྱིན་རེ་རེར་རིམ་པའམ་ཚད་མི་འདྲ་བ་གསུམ་རེ་སྟེ། རབ་འབྲིང་མཐའ་གསུམ་ཡོད། དཔེར་ན། སྦྱིན་པའི་ཉམས་ལེན་ཚད་མཐོ་ཤོས་དེ་སངས་རྒྱས་ཀྱིས་རང་གི་སྐུ་ཚེ་སྔོན་མའི་ནང་བྱང་ཆུབ་སེམས་དཔའ་ཞིག་ཏུ་སྟག་མོར་ལུས་བྱིན་པ་ལྟ་བུ་ཡིན།

ཕར་བྱིན་བཅུའི་གྲངས་འདྲེན་ནི་ཐེག་པ་ཆེ་ཆུང་གཉིས་ཀས་ཁྱད་པར་ཕྲད་བུ་འདོད། ཐེག་ཆེན་གྱི་གྲངས་བརྩི་ཚུལ་ནི།

སྦྱིན་པ།
ཚུལ་ཁྲིམས།
བཟོད་པ།
བརྩོན་འགྲུས།
བསམ་གཏན།
ཤེས་རབ།
ཐབས་མཁས།
སྨོན་ལམ།
སྟོབས།
ཡེ་ཤེས་བཅས་ཡིན།
ཐེག་དམན་གྱི་གྲངས་ཚུལ་ནང་བསམ་གཏན་དང་། ཐབས་མཁས། སྨོན་ལམ། སྟོབས། ཡེ་ཤེས་རྣམས་མེད། དེ་དག་ནི།

ངེས་འབྱུང་།
བདེན་པ་(ཁ་ཞེ་གཉིས་མེད་བྱེད་པ)།
རྟེན་པ།
བྱམས་པ།
བཏང་སྙོམས་བཅས་ཡིན།
ཚད་མེད་བཞི།
ཐེག་པ་ཆེ་ཆུང་གཉིས་ཀས་བྱམས་པ་དང་། སྙིང་རྗེ། དགའ་བ། བཏང་སྙོམས་བཅས་ཚད་མེད་བཞིའི་ཉམས་ལེན་སློབ་ཀྱི་ཡོད། བྱམས་པ་ནི་སེམས་ཅན་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅེས་པའི་བློ་ཞིག་དང་། སྙིང་རྗེ་ནི་སེམས་ཅན་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་བྲལ་བར་ཤོག་ཅེས་པའི་བློ་ཞིག་ཏུ་འགྲེལ་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་ཐེག་དམན་གྱིས་སེམས་ཅན་ཐམས་ཅད་རང་གི་མ་བྱེད་མྱོང་བའི་རྒྱུ་མཚན་ལ་བརྟེན་ནས་ཚད་མེད་བཞི་ཉམས་ལེན་བྱེད་ཀྱི་མེད། དེ་ལས་ལྡོག་སྟེ་ང་ཚོས་སུ་ལ་བརྩེ་བ་བྱས་ཀྱང་དེ་ལ་མུ་མཐུད་ནས་རིམ་གྱིས་དམིགས་པ་གང་ཆེ་ཆེར་རྒྱ་སྐྱེད་གཏོང་འགོ་འཛུགས་ཀྱི་ཡོད།

ཐེག་པ་གཉིས་ཀྱི་ནང་དགའ་བ་ཚད་མེད་དང་བཏང་སྙོམས་ཚད་མེད་ཀྱི་གོ་དོན་ཅུང་མི་འདྲ་བ་ཡོད། ཐེག་དམན་གྱིས་དགའ་བ་ཚད་མེད་ཀྱིས་ཕྲག་དོག་མེད་པར་གཞན་གྱི་བདེ་བར་རྗེས་སུ་ཡི་རངས་བྱེད་པ་དང་བདེ་བ་གོང་དུ་འཕེལ་བར་འདོད། ཐེག་ཆེན་གྱིས་དགའ་བ་ཚད་མེད་ནི་གཞན་རྣམས་རྫོགས་མཐའ་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བདེ་བ་དང་ལྡན་པར་ཤོག་ཅེས་པའི་བསམ་པ་ཞིག་ཡིན།

བཏང་སྙོམས་ནི་ཞེན་ཆགས་དང་། སྡང་འཛིན། སྣང་ཆུང་སོགས་དང་བྲལ་བའི་སེམས་ཀྱི་གནས་སྟངས་ཤིག་ཡིན། གནས་བརྟན་སྨྲ་བའི་ནང་། བཏང་སྙོམས་ནི་བྱམས་པ་དང་། སྙིང་རྗེ། དགའ་བ་བཅས་ཀྱི་འབྲས་བུར་དམིགས་པར་འདོད། ང་ཚོས་གཞན་ལ་རོགས་རམ་བྱེད་ཐབས་བྱེད་པའི་འབྲས་བུ་ནི་ཁོང་ཚོའི་ལས་དང་འབད་རྩོལ་ལ་རག་ལས་ཡོད། ཡིན་ནའང་། ཐེག་ཆེན་ལྟར་གནས་བརྟན་སྨྲ་བས་བསོད་ནམས་གཞན་ལ་གཏོང་བ་སྲིད། ང་ཚོས་གཞན་རྣམས་བདེ་བ་དང་ལྡན་པ་དང་སྡུག་བསྔལ་དང་བྲལ་བར་འདོད་ཀྱང་། དངོས་སུ་གང་བྱུང་བའི་སྐབས་བཏང་སྙོམས་དགོས། གང་ཡིན་ཟེར་ན། དངོས་གཞིའི་ལས་ཀ་སོ་སོས་བྱེད་དགོས་པ་ང་ཚོས་ཤེས་ཀྱི་ཡོད། ཐེག་ཆེན་ནང་བཏང་སྙོམས་ཚད་མེད་ནི་གཞན་སེམས་ཅན་རྣམས་ཞེན་ཆགས་དང་། སྡང་འཛིན། སྣང་ཆུང་གི་བློ་དང་བྲལ་བར་ཤོག་ཅེས་པའི་བསམ་པ་ཞིག་ཡིན། རྒྱུ་མཚན་ནི་ཉོན་མོངས་དེ་དག་གིས་ཁོང་ཚོར་སྔུག་བསྔལ་བཟོ་གི་ཡོད།

མ་གཞི་དགྲ་བཅོམ་པའི་གོ་འཕར་འཐོབ་པར་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་དགོས་ཀྱང་། དེས་ལྷག་པའི་བསམ་པ་དང་བྱང་སེམས་དགོས་ཚུལ་བཏོན་གྱི་མེད། ལྷག་བསམ་ནི་སེམས་ཀྱི་གནས་སྟངས་གང་ཞིག་སེམས་ཅན་ཐམས་ཅད་ཐར་པ་དང་སངས་རྒྱས་ཀྱི་ས་ལ་བདག་གིས་འགོད་པར་བྱེད་ཀྱི་ཡིན་ཐག་ཆོད་པའི་བློ་ཞིག་ཡིན། བྱང་སེམས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཡང་དག་པའི་གོ་འཕར་འཐོབ་བྱེད་པའི་བསམ་པ་ཞིག་ཡིན། ཐེག་དམན་གྱི་གཞུང་ནང་བྱང་སེམས་ཀྱི་སྐོར་ལ་བརྗོད་པ་ཅུང་ཟད་ཡོད་ཀྱང་དེས་དེ་གཉིས་ཀ་བརྗོད་ཀྱི་མེད། ཐེག་ཆེན་གྱིས་དེ་དག་ཡར་རྒྱས་གཏོང་བའི་ཉམས་ལེན་རྒྱས་པོ་བརྗོད་ཀྱི་ཡོད།

དེ་ཡང་ཐེག་དམན་རྣམས་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་ཀྱི་གཉེན་པོ་བསྟེན་ཕྱིར་ཚད་མེད་བཞི་རང་རྒྱུད་ལ་སྐྱེད་ཕྱིར་སྒོམ་དགོས་པ་གཙོ་འདོན་བྱེད།བྱམས་པ་ནི་གནོད་སེམས་ཀྱི་གཉེན་པོ་ཡིན་ཞིང་དེས་རང་རྒྱུད་དུ་གནག་སེམས་གནོད་སེམས་དངངས་སྐྲག་གམ་འཇིག་སེམས་སོགས་གནས་སྐབས་རིང་ཞི་བར་བྱེད།སྙིང་རྗེ་ནི་གཞན་ལ་འཚེ་བའམ་མནར་སེམས་ཀྱི་གཉེན་པོ་ཡིན།དགའ་བའམ་རྗེས་སུ་ཡི་རང་ནི་ཕྲག་དོག་གི་གཉེན་པོ་དང་།བཏང་སྙོམས་ནི་རེ་དོགས་དང་བག་མེད་པ་བཅས་ཀྱི་གཉེན་པོ་ཡིན་པ་དང་།གཞན་ཡང་གནས་བརྟན་སྨྲ་བའི་ལུགས་ལ་དེ་ལྟ་བུའི་ཚད་མེད་བཞི་ནི་སེམས་ཅན་གཞན་ལ་མ་དམིགས་པའི་སྔོན་དུ་ཐོག་མར་རང་རྒྱུད་ལ་སྦྱར་དགོས་པ་ཡིན། ཐེག་ཆེན་གྱི་ལུགས་ལ་གོང་གསལ་བཞི་པོ་རྣམས་རང་སྟེང་དུ་མྱོང་བའི་ཚབ་ཏུ་གཞན་སྟེང་དུ་གྲུབ་ཐུབ་པའི་མྱོང་བ་གཙོ་འདོན་བྱེད་དགོས་པ་བཅས་འདོད་པ་ཡིན།

བདེན་པ་གཉིས།
ཐེག་དམན་གྱིས་ཆོས་ཀྱི་བདག་མེད་དམ་སྟོང་ཉིད་ཀྱི་ལྟ་བ་མི་འདོད་ཀྱང་། ཐེག་དམན་གྱི་དངོས་པོའི་གནས་ལུགས་ཐད་བསམ་ཤེས་མི་བྱེད་པའི་དོན་མ་ཡིན། ཐེག་དམན་གྱི་ཆོས་ཐམས་ཅད་དང་འབྲེལ་བའི་སྒོ་ནས་བདེན་གཉིས་ཀྱི་རྣམ་དབྱེ་འཇོག་གི་ཡོད། ཆོས་རྣམས་ཀྱི་སྟོང་ཉིད་རྟོགས་པའི་གོང་དུ་བདེན་གཉིས་རྟོགས་དགོས། ཐེག་ཆེན་ནང་བདེན་གཉིས་ནི་ཆོས་རྣམས་ཀྱི་གནས་ལུགས་གཉིས་ཡིན་ཅིང་། ཐེག་དམན་ལ་བདེན་གཉིས་ནི་དབྱེ་གཞི་ཁག་གཉིས་ཡིན། དེ་ཡང་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པའོ།

ཐམས་ཅད་ཡོད་པར་སྨྲ་བའི་ནང་ཚན་བྱེ་བྲག་སྨྲ་བས་ཀུན་རྫོབ་བདེན་པ་ནི་ཕྱིའི་དངོས་པོ་དང་ཤེས་པའི་གནས་སྟངས་སུ་འདོད། དོན་དམ་བདེན་པ་ནི་ཕྱིའི་དངོས་པོ་གྲུབ་བྱེད་ཀྱི་རྡུལ་ཕྲན་རྣམས་དང་ཤེས་པ་སྐད་ཅིག་ཕྲ་མོར་འདོད། མཐར་ཐུག་ཏུ་རྡུལ་ཕྲན་ཕྲ་མོ་ཙམ་མ་ཡིན་པར། ང་ཚོས་གང་མཐོང་བ་དེ་དག་ཀུན་རྫོབ་བདེན་པར་ཁས་ལེན་རྒྱུ་གལ་ཆེན་པོ་ཡིན། དེ་ལ་བརྟེན་ནས་ང་ཚོས་སྒྱུ་མ་ལྟ་བུའི་ཀུན་རྫོབ་པའི་ཆོས་ཀྱི་གནས་ལུགས་རྟོགས་པར་ཕན་ཐོགས་ཆེན་པོ་ཡོད།

མདོ་སྡེ་པར་གཞིགས། ཀུན་རྫོབ་བདེན་པ་ནི་སྤྱི་མཚན་གྱི་ཆོས་རྣམས་(དངོས་པོ་རྣམས་ཀྱི་སྟེང་རྟོག་པས་སྤྲོས་པ་རྣམས་)ཡིན་ཅིང་། དོན་དམ་བདེན་པ་ནི་རང་མཚན་གྱི་ཆོས་རྣམས་(དངོས་གནས་ཡོད་པའི་དངོས་པོ་རྣམས་)ཡིན། འདིར་རང་གི་རྟོག་པས་སྤྲོས་པ་རྣམས་སྒྱུ་མ་ལྟ་བུར་ཤེས་པར་འགོ་ཚུགས་ས་ཡོད། གལ་སྲིད་ང་ཚོས་རྟོག་པས་སྤྲོས་པ་མེད་པ་བཟོས་ན། དངོས་གནས་ཡོད་པའི་དངོས་པོ་རྣམས་ཀྱི་སྟེང་གང་ཡོད་མེད་ཤེས་ཐུབ། ང་ཚོའི་རྟོག་པས་སྤྲོས་པ་ནི་སྒྱུ་མ་དང་འདྲ།

གནས་བརྟན་སྨྲ་བ་ལ་གཟིགས་ན། ཀུན་རྫོབ་བདེན་པ་ནི་བཏགས་ཡོད་ཀྱི་ཆོས་དང་། དེ་ནི་ཕྱི་དང་ནང་གང་ཡིན་ཀྱང་གང་ཟག་དང་གཟུགས་ཅན་གྱི་ཆོས་གཉིས་ཀར་གོ ། དོན་དམ་བདེན་པ་ནི་དེ་དག་གི་སྟེང་གང་འདོགས་སའི་གཞི་དེ་ཡིན། ལུས་དང་ཕྱིའི་དངོས་པོ་རྣམས་དེ་དག་གི་འབྱུང་པོ་དང་ཡུལ་ལྔའི་ཐོག་བཏགས་ཡོད། དཔེར་ན་ཚ་ལུམ་མ་ག་རེ་རེད། དེ་མཐོང་ཆོས་རེད་དམ། དྲི་དང་རོ་རེག་བྱ་བཅས་གང་ཡིན་ནམ། ཚ་ལུམ་མ་དེ་དག་གི་སྟེང་བཏགས་པའི་ཆོས་དེ་ཡིན། དེ་ག་ནང་བཞིན་གང་ཟག་ནི་གཟུགས་དང་སེམས་ཀྱི་ཕུང་པོར་བཏགས་ནས་ཡོད། རྣམ་ཤེས་ཚོགས་དྲུག་དང་སེམས་བྱུང་རྣམས་དོན་དམ་བདེན་པ་ཡིན། གང་ཡིན་ཟེར་ན། གང་ཟག་ནི་དེ་དག་གི་སྟེང་བཏགས་པའི་ཆོས་ཤིག་ཡིན།

ཐེག་དམན་གྱི་སྡེ་པ་ཚང་མས་སྟོང་ཉིད་སྐོར་ཤོད་ཀྱི་མེད་ཀྱང་། ཐར་པ་འཐོབ་ཆེད་དོན་དམ་བདེན་པ་རྟོག་མེད་པར་མངོན་སུམ་དུ་རྟོགས་རྒྱུ་གལ་ཆེན་པོར་བརྩི་གི་ཡོད། དེས་ན་གོ་དོན་ནི་ཐེག་ཆེན་དང་ཧ་ལམ་འདྲ་པོ་ཡོད།

གནས་བརྟན་སྨྲ་བ་ལའང་ལས་འབྲས་ཀྱི་སྐོར་འདོད་ཚུལ་མི་འདྲ་བ་ཡོད་ཅིང་ཐེག་ཆེན་དང་ཐམས་ཅད་ཡོད་པར་སྨྲ་བ་ནང་མཐོང་རྒྱུ་མེད། འོན་ཀྱང་དེའི་སྐོར་འདིར་བརྗོད་ཀྱི་མིན།

ངོ་སྤྲོད་འདི་དང་མཉམ་དུ་ང་ཚོས་ཐེག་དམན་གྱི་གྲུབ་མཐའ་གནས་བརྟན་སྨྲ་བ་དང་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ནང་ཆོས་ཀྱིས་བྲོ་བ་དངོས་སུ་མྱོང་གི་ཡོད་པར་རྗེས་སུ་ཡི་རངས་བྱེད་ཐུབ། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་གང་ཡིན་རུང་ནང་ཆོས་མ་རེད་ཅེས་པའི་ཆོས་སྤང་བའི་ལྟུང་བ་སེལ་བར་ཕན་རླབས་ཆེ། ང་ཚོས་ལྟ་གྲུབ་སྣ་ཚོགས་ཀྱི་འདོད་ཚུལ་སྣ་ཚོགས་ཚུལ་བཞིན་དུ་ཤེས་པ་ན། སངས་རྒྱས་ཀྱི་ཆོས་ཀུན་ལ་གུས་བརྩི་ངང་གིས་བྱེད་ཐུབ་པ་ཡོང་གི་ཡོད། འདི་ནི་གལ་ཆེན་པོ་ཡིན།།

ཨེ་ལེག་ཛན་ཌར་ བྷར་ཛིན།
ཇར་མན། སྦེར་ལིན། ཕྱི་ལོ་ ༢༠༠༢།

ཡོང་ཁུངས།  བྷར་ཛིན་བཤད་མཛོད། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*