༸གོང་མ་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་བོད་ཀྱི་སྐད་ཡིག་གལ་ཆེའི་བསྐོར།

སྐྱབས་མགོན་འཁོར་ལོའི་མགོན་པོ་༸ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྩལ་བའི་བཀའ་སློབ་ཚན་པ་གསུམ།
སྒྲ་ཕབ་པ། མཐོ་སྒང་བུ་ཕྲུག

༡༽ཕྱི་རྒྱལ་ལ་ཡོད་པའི་བོད་པ་རྣམས་ལ་དམིགས་བསལ་གྱི་བཀའ་སློབ།
ཕྱི་རྒྱལ་ལ་བཞུགས་མཁན་ཚོ། ང་རང་ཚོ་བོད་མི་ཡོངས་ཀྱི་སྐུ་ཚབ་ལྟ་བུར་ཆགས་བསྡད་ཡོད་རེད། ཁྱེད་རང་ཚོས་སྤྱོད་ལམ་ཡག་པོ་བྱས་པ་ཡིན་ན། བོད་མི་ཡོངས་ཀྱི་མཚན་དང་དགོས་འདོད་ལ་ཕན་པ་ཡོང་གི་རེད། མི་འགའ་ཤས་ཀྱིས་སྤྱོད་ལམ་སྡུག་ཅག་བྱས་པ་ཡིན་ན། སོ་སོ་རང་ཉིད་གཅིག་པུ་མ་ཚད་པ་བོད་མི་ཡོངས་རྫོགས་ལ་མཚན་ཤས་སུ་འགྲོ་ཡ་རེད། དེ་འདྲ་ཆགས་ཀྱི་ཡོད་རེད།

༢༽བོད་མི་རྣམས་མཐུན་པོ་བྱེད་དགོས་པའི་སྐོར།
གལ་ཆེ་ཤོས་ཤིག་ལ་ང་རང་ཚོ་ཚང་མ་ལ་འཆམ་པོ་ཡོང་དགོས་ཡ་དེ་དཔེར་མི་སྲིད་པ་གལ་ཆེན་པོ་རེད། ཆོས་ལུགས་ཀྱི་ཆ་ནས་བྱས་པ་ཡིན་ན་སྟོན་པ་ཐུགས་རྗེ་ཅན་གཅིག་གི་རྗེས་འཇུག་ཤ་སྟག་རེད། མདོ་སྔགས་ཟུང་འབྲེལ་གྱི་སྟོན་པ་ཡིན་པ་གཅིག་པ་རེད་མ་གཏོགས། དེ་ལ་བཟང་ངན་དང་། ཕྱོགས་ཞེན་ཀྱི་ཁྱད་པ་གང་ཡང་ཡོད་མ་རེད། ལྷག་པར་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དེ་རིང་ཁ་སང་ཆོས་ལུགས་ཚང་མ་ལ་ཐུགས་སྣང་དམ་ཚིག་འོ་ཆུ་གཅིག་འདྲེས། ཕན་ཚུན་དག་སྣང་ནོར་བུ་འོད་ཀྱི་ཁྱབ་ནས་ཕལ་ཆེ་ལོ་རྒྱུས་ཀྱི་ཐོག་ཏུ་བྱུང་མ་མྱོང་བ་ལྟ་བུ་ཐུགས་མཐུན་དམ་གཙང་དེ་འདྲ་ཡོད་རེད། ད་ང་རང་ཚོ་མི་རིགས་ཀྱི་ཆ་ནས་བྱས་པ་ཡིན་ན་བོད་ཆོལ་ཁ་གསུམ་ཁོངས་སུ་གཏོགས་པ་ཚང་མ། རྩམ་པ་ཟ་མཁན་ཡིན་པ་གཅིག་པ། མ་ཎི་བགྲང་མཁན་ཡིན་པ་གཅིག་པ། སྐད་ཡིག་གཅིག་པ། གོམ་གཤིས་གཅིག་པ། ཆོས་བརྒྱུད་གཅིག་པ། གང་ལྟར་ཚང་མ་གཅིག་པའི་ཆ་རྐྱང་རྐྱང་མ་གཏོགས་མི་འདྲ་བའི་ཁྱད་པ་ཟེར་ཡ་དེ་ཡོད་མ་རེད། དེ་འདྲ་ཡིན་དུས་ལྷག་པར་དུ་དམིགས་ཡུལ་དང་། བསྒྲུབ་བྱ་གཅིག་ཡིན་དུས། དེའི་ཐོག་ལ་ཚང་མས་ཤུགས་ནན་རྒྱག་ནས་གནས་སྐབས་འཕྲལ་སེལ་གྱི་དོན་དག་ཆུང་ས་ལ་མགོ་མི་འཁོར་བར་གལ་ཆེ་ཤོས་ཀྱི་རྩ་བའི་དམིགས་ཡུལ་བསྒྲུབ་ཐུབ་ལ། དམ་ཚིག་གོང་བུ་གཅིག་གྱུར་ཟེར་ཡ་དེ་ཆོས་ཀྱི་ཆ་ནས་བྱས་པ་ཡིན་ན་དཔེར་མི་སྲིད་པའི་གལ་ཆེན་པོ་རེད།

༣༽བོད་པའི་སྐད་ཡིག་གི་སྐོར།
ནང་མི་སོ་སོའི་ནང་ལ་དམིགས་བསལ་གྱི་འཛིན་གྲྭ་འདྲ་པོ་ཚུགས་མ་ཐུབ་པ་ཡིན་ན་ཡང་། སོ་སོ་མི་རེ་རེའི་ངོས་ནས་ཀྱང་ཡིན་གཅིག་མིན་གཅིག་བོད་སྐད་རྒྱག་རྒྱུ་འབད་དགོས། བོད་སྐད་རྒྱག་ཡ་དེ་དཔེ་གལ་ཆེན་པོ་རེད། ང་ད་ལྟ་བོད་པ་མང་པོ་དང་ཐུག་གི་ཡོད་རེད། ངའི་རྩ་ལ་བོད་པ་མང་པོ་ཡོང་གི་ཡོད་རེད་དེ། མང་ཆེ་བས་བོད་སྐད་གཙང་མ་བཤད་ཀྱི་མི་འདུག །དཔེར་ན་ཉེ་སྔོན་སྤུ་གུའི་ཁ་ལ་ཕུ་རྒྱག་རོགས་ཟེར་མཁན་མང་པོ་བྱུང་། དེའི་སྐབས་ཕ་མ་དེ་ཚོས་༼ Open mouth ༽ཟེར་གྱི་འདུག་མ་གཏོགས་ཁ་གདངས་ཟེར་གྱི་མི་འདུག །དེ་ག་ནང་བཞིན་ཁྱེད་རང་སྤུ་གུ་ཡག་པོ་རེད་ཟེར་བའི་ཚབ་ཏུ་༼ Good boy ༽ཟེར་ཡ་མ་གཏོགས་བོད་སྐད་རྒྱག་གི་མི་འདུག །བྱས་ཙང་ཕ་མ་ཚོས་ཡིན་གཅིག་མིན་གཅིག་རང་གི་ཕྲུ་གུ་ཚོར་རྒྱུན་དུ་བོད་སྐད་གཙང་མ་རྒྱག་བཅུག་རྒྱུ་ཧ་ཅང་གལ་ཆེ། ད་དུང་མི་གཞན་ལ་སྐད་ཆ་ག་དུས་བཤད་ཀྱང་ཞེ་ས་བྱེད་ཡ་དེ་གལ་ཆེན་པོ་ཞེ་དྲགས་རེད་འདུག །སོ་སོ་རང་གི་སྐོར་བཤད་པ་ཡིན་ན་ཞེ་ས་རྩ་བ་ནས་བྱེད་རྒྱུ་ཡོད་མ་རེད། དེ་འདྲ་ཞེ་ས་བྱས་པ་ཡིན་ན་ཁྱད་མཚར་ཞེ་པོ་ཞིག་འདུག །དཔེར་ན་ངའི་རྩ་ལ་ཡོང་མཁན་དེ་འདྲ་ཁ་ཤས་ལ་ཁྱེད་རང་ག་ནས་ཡོང་བ་ཟེར་དུས། ང་ནེའུ་ཡོཀ་ནས་ཕེབས་པ་ཡིན་ཟེར་གྱི་འདུག །ཅེ་སོགས་བཀའ་སློབ་གནང་འདུག
ནོར་འཁྲུལ་དང་ཞེན་ཆ་གང་ཡོད་སྒྲ་ཕབ་པ་མཐོ་སྒང་བུ་ཕྲུག་ལ་ཤེས་ཡོན་དབུལ་བའི་སྐྱོན་ཡིན་པས་དགོངས་ཁྲོལ་གནང་བ་ཞུ།

སྤྱི་ལོ༢༠༡༨/༥/༡༠ཉིན་དབུས་ལྷ་ལྡན་ནས་སྒྲ་ཕབ་ཞུས།

ཡོང་ཁུངས། གསེར་ཐང་རྩོམ་རིག་དགའ་ཚལ་གྱི་སྤྱི་སྟེགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*