སྟོན་པ་ཤཱཀྱ་ཐུབ་པའི་གསུང་ལ་ཡིད་ཆེས་ཐག་ཆོད་ནས་ཡོང་གི་ཡོད་རེད།

རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་བཀའ་སློབ།

ང་ལ་སྐར་མ་གཉིས་གསུམ་ཞིག་ལས་བཀའ་སློབ་ཟེར་བ་དམིགས་བསལ་མང་པོ་ཞིག་ཞུ་རྒྱུ་མེད། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཟེར་བ་དེ་ཚོའི་རིགས་ནི། ང་ལས་ཀྱང་ཁྱེད་རྣམ་པས་མཁྱེན་ཆེ་ཡི་རེད། དེ་བཞིན་རྒྱུན་ལྡན་གྱི་བཀའ་སློབ་དག་ཏུ་ཐུགས་མཐུན་ཁྲིམས་གཙང་ཞེས་གསུང་སྡོད་པ་དེ་ཚོ་ཡང་། ངས་ཞུ་མི་དགོས་པར་མཁྱེན་པའི་བདག་པོ་ཁྱེད་རྣམས་ཀྱིས་མཁྱེན་གྱི་རེད། དེ་རིང་ཚེ་རིང་ལགས་ཀྱིས་བསྐུལ་བ་ལྟར་དམིགས་བསལ་དབྱིན་ཇིའི་ཟབ་སྦྱོང་ལ་ཕེབས་པའི་མཁྱེན་ལྡན་རྣམ་པར་བཀའ་མོལ་ཁ་ཤས་ཤིག་ཞུས་ན་དྲན་སོང་། གཅིིག་བྱས་ན་སྐད་ཆ་འདི་རྫབ་ཆེན་འདྲ་ཞིག་ཆགས་ཀྱི་རེད་དེ། དགེ་འདུན་ཆོས་འཕེལ་གྱིས་ཁོང་ཚོའི་རིགས་ལ་དོགས་ཟོན་མཛོད་ཅེས་གསུངས་པ་ལྟར། མགོ་སེར་པོ་ཚོར་གཟབ་གཟབ་བྱེད་དགོས་པ་ཞིག་ཆགས་བསྡད་ཡོད་རེད། དེ་ལྟར་ཞུ་དགོས་པའི་རྒྱུ་མཚན་ཅི་རེད་ཅེ་ན། ཁོང་ཚོའི་ཀུན་སློང་སྡུག་ཅག་རེད་ཅེས་ཟེར་གྱི་ཡོད་པ་མ་རེད། འོན་ཀྱང་། ཁོང་ཚོའི་བསམ་བློའི་ནང་ན་ཁོ་ཚོ་དགའ་ཆེན་ཞིག་ཡིན་བསམ་སྡོད་པ་ཞིག་ཡོད་རེད། དེ་ཡང་ཁོང་ཚོས་བཟོས་པའི་གནམ་གྲུ་དེ་དག་འཕུར་གྱི་ཡོད་རེད་ལ། ཁོང་ཚོས་བཟོས་པའི་གྲུ་གཟིངས་དེ་ཚོ་ནུབ་ཀྱི་མི་འདུག་ག ཁོང་ཚོའི་རླངས་འཁོར་དེ་རིགས་འགྲོ་ཡི་ཡོད་རེད། འོན་ཀྱང་། ང་ཚོའི་ལས་ཀ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་ཡོད་རེད་ཟེར་བ་དང་། ཕྱིར་འོང་དང་ཕྱིར་མི་འོང་པའི་རྣམ་བཞག་དེའི་རིགས་ང་ཚོའི་ནང་ལ་བཤད་ཆོག་གི་རེད་དེ། ཧོབ་ཏེ་བལྟས་ན་གཞན་ལ་སྟོན་རྒྱུ་གང་ཡང་མེད་དུས་ཁག་ཡོད་མ་རེད།
ཡང་ཁོང་ཚོའི་རིགས་དེ་ལ་དང་པོ་ནས་བག་ཆགས་ག་རེ་ཡོད་རེད་ཟེར་ན། དབང་སྒྱུར་བྱེད་པའི་བག་ཆགས་ཤུགས་ཆེན་པོ་ཞིག་ཡོད་རེད། རྒྱལ་ཁབ་འདི་ཡང་དབང་སྒྱུར་ཞེ་བོ་ཞིག་བྱས་པ་རེད་བ། དམིགས་བསལ་དབྱིན་ཇིའི་རིགས་ཀྱིས་ས་ཆ་གང་ཞིག་དབང་བསྒྱུར་བའི་རྗེས་སུ། ཁོང་ཚོའི་རིག་གཞུང་དེ་དབང་བསྒྱུར་ཡུལ་དེའི་ཀླད་པའི་གཏིང་ལ་བཅུག་ཚར་ཡོད་རེད། ངས་དུས་རྒྱུན་ལབ་སྡོད་པ་བཞིན། རྒྱ་གར་གྱི་ལུང་པའི་ནང་ལ་དངོས་གནས་བྱས་ན་རྒྱ་གར་གྱིས་ཐོན་སྐྱེད་བྱས་པ་རེད་ཅེས་པའི་མེ་ཐུར་རྐང་གཅིག་ཀྱང་ཡོད་པ་མ་རེད་ལ། དེ་མཚུངས་ང་ཚོས་ཀྱང་རྒྱ་གར་གྱིས་བཟོས་པ་ཡིན་ན་སྡུག་པོ་དང་། ཐ་ན་ལྷམ་ཞིག་ཡན་ཆད་ཨ་རི་དང་ཉི་ཧོང་ངམ་འཇར་པན་གྱིས་བཟོས་པ་རེད་ཟེར་ན་ཡག་པོར་བརྩི་ཡི་ཡོད་རེད།  རྒྱ་གར་གྱི་ལོ་རྒྱུས་ནང་ལ་རྒྱ་གར་གྱི་མིས་བཟོས་ནས་གཞན་ལ་བཙོང་རྒྱུའི་ཅ་ལག་ཅིག་ཧ་ལམ་ཡོད་པ་མ་རེད། ཚངས་པ་དང་། དབང་ཕྱུག ཚོགས་བདག་ཟེར་བ་དག་ནི་མི་མ་ཡིན་པས་རྒྱ་གར་བ་རེད་ཅེས་ལབ་ཐུབ་པ་མ་རེད། དེས་ན། ཁོང་ཚོར་གཅིག་ཁོ་ན་ཡོད་པ་དེ་གཞོན་ནུ་དོན་གྲུབ་བམ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རེད། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལ་ཡུལ་ནས་རེད་ལབ་པ་ཡིན་ན་ཡང་ལབ་ཆོག་གི་རེད་དེ། གང་ལྟར་ང་ཚོས་རྒྱ་གར་བ་རེད་ཅེས་ཟེར་ནའང་ཆོག་གི་མ་རེད་དམ། སྟོན་པ་ཤཱཀྱ་ཐུབ་པའི་གསུང་དེ་ལ་རྒྱུ་མཚན་དང་བཅས་དཔྱད་དེ་ཡིད་ཆེས་བྱེད་མཁན་དེ། རྒྱ་གར་གྱི་དགྲ་ཟླ་རྒྱ་མི་སྟོང་ཕྲག་མང་པོ་རྡོ་རྗེ་གདན་ལ་གུམ་གུམ་གྱིས་ཡོང་གི་ཡོད་རེད། དེ་ཚོ་རྒྱུ་མཚན་ཅི་ཞིག་ལ་བསྟེན་ནས་ཡོང་གི་ཡོད་རེད་ཅེ་ན། ཁོང་ཚོ་ཐལ་བ་འགམ་དུ་ནི་ཡོང་གི་ཡོད་པ་མ་རེད་ལ། བྷི་ཧར་(Bihar)སྤྲང་པོའི་ས་ཆར་ཚོང་གི་དོན་དུ་ནི་དེ་བས་ཀྱང་ཡོང་གི་ཡོད་པ་མ་རེད། འོ་ན་ག་རེ་བྱས་ནས་ཡོང་བ་རེད་ཅེ་ན། སྟོན་པ་ཤཱཀྱ་ཐུབ་པའི་གསུང་ལ་ཡིད་ཆེས་ཐག་ཆོད་ནས་ཡོང་གི་ཡོད་རེད། ཡིན་ན་ཡང་རྒྱ་གར་བ་ཚོས་བདག་པོ་བརྒྱབས་མེད་པ་མ་ཟད། ཁོང་ཚོ་དེ་ལས་ལྡོག་ཏེ་རྗེན་ཨཱ་སི་ཐན་(Jane Austin)དང་། ཞེ་ཁི་སི་ཕེ(Shakespeare)ར། ཁལ་མ་ཁི་སུ་(Karl Marx)སོགས་ལ་རྒྱུས་ཆེ་བ་ཡོད་པ་ལས། ཁོང་ཚོས་མི་མགོན་པོ་ཀླུ་སྒྲུབ་(Nagarjuna)དང་། ཏེ་ལོ་པ། ན་རོ་པ། སངས་རྒྱས་ཤཱཀྱ་ཐུབ་པ། ཤ་རའི་བུ་སོགས་ལ་རྒྱུས་ལོན་ཡོད་པ་མ་རེད།དཔེར་ན། ང་ཚོས་ཧ་ལས་པ་ཞིག་ཏུ་བརྩི་བའི་སེམས་དཔའ་ཆེན་པོ་གྷན་དྷེ་(Gandhi)ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅི་ཞིག་ཡོད་རེད་ཅེ་ན། ཁོང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དེ་འཚེ་མེད་ཞི་བའི་ལམ་ལུགས་ཉམས་སུ་ལེན་པ་དེ་རེད། ལམ་ལུགས་དེ་ཁོང་གིས་གང་ནས་རྙེད་པ་ཁྱེད་རྣམ་པས་མཁྱེན་གྱི་ཡོད་དམ། ཁོང་གིས་ཁྲོལ་སི་ཁྲོ་ཝེ་(Tolstoy)སོགས་ཨུ་རུ་སུའམ་ར་ཤི་ཡ་(Russia)དང་། ཨ་རིའི་མཁས་པ་ཚོ་ལ་སློབ་སྦྱོང་བྱས་ནས་རྙེད་པ་རེད། ཁྲོལ་སི་ཁྲོ་ཝེ་སོགས་ཀྱིས་གང་ནས་སྦྱངས་པ་རེད་ཅེ་ན། ཁོང་ཅག་གིས་ལམ་ལུགས་དེ་སངས་རྒྱས་ལས་བསླབས་པར་འདོད་ཀྱི་ཡོད་རེད། ཁོ་རང་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་མགོ་སེར་པོ་ཚོའི་འཁྲིས་ནས་རྙེད་པའི་གནས་ཚུལ་ཐབས་ཆག་དེ་འདྲ་ཡོད་རེད།འོན་ཀྱང་། གོང་དུ་ཞུས་པ་ལྟར་དུ་མགོ་སེར་ཚོས་ནང་ཆོས་ལ་སློབ་སྦྱོང་བྱེད་སྐབས། དེ་ལས་འཁོར་བར་སྙིང་པོ་མེད་པར་གསུངས་པ་དང་། སྐྱེ་བ་སྔ་ཕྱིའི་རྣམ་བཞག དལ་འབྱོར་རྙེད་དཀའ། མ་ཎི་དང་བཛྲ་གུ་རུ་བགྲང་དགོས་པར་གསུངས་པ་སོགས་ནི་སྐད་ཆ་ཆོ་མེད་པའི་ཁོངས་སུ་བརྩིས་ཏེ་འདོར་བ་དང་། སེམས་ལས་སུ་རུང་བའི་ཐབས་དང་ཞི་གནས་ཀྱི་སྐོར་ལ་དོ་སྣང་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཚོང་གི་དོན་ལས་རྒྱུ་མཚན་གཞན་གང་ཡང་ཡོད་པ་མ་རེད། ཅིའི་ཕྱིར་ཞེ་ན་དེང་སང་འཛམ་བུའི་གླིང་ལ་ཚན་རིག་དང་དཔལ་འབྱོར་གྱི་ཐོན་སྐྱེད་གོང་འཕེལ་ཕྱིན་ཏེ། མི་ཚང་མ་སེམས་པ་འཚབ་འཚུབ་དང་སྨྱོན་པར་གྱུར་བའི་རིགས་མང་བས། སྨྱོན་པ་དེ་རིགས་ལ་སྨན་པའི་སླད་དུ་ང་ཚོའི་འཁྲིས་ནས་ལེགས་ཆ་རྐུ་བའམ། ནང་ཆོས་ལས་བསྟན་པའི་རྣམ་བཞག་དེ་དག་སངས་རྒྱས་ཀྱིས་གསུངས་པ་རེད་ཅེས་ལབ་རོགས་མི་བྱེད་པར། ཁོང་ཚོའི་རིག་པའི་རྩལ་ལས་ཐོན་མདོག་བསྟན་ནས་ཨ་སྒོར་ས་ཡ་མང་པོ་བཟོ་ཡི་ཡོད་རེད། ང་ལ་ད་དུང་རྒྱུ་མཚན་མང་པོ་ཞུ་རྒྱུ་ཡོད་དེ་རྒྱུ་མཚན་གཅིག་དེ་ཡིན།དེས་ན། ཁྱེད་རྣམ་པས་སྐད་ཡིག་སྦྱང་རྒྱུ་དེ་གནད་འགག་ཧ་ཅང་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། སྐད་ཡིག་སྦྱངས་པ་ཙམ་མ་ཡིན་པར་སྐད་ཡིག་གི་རྒྱབ་ལྗོངས་དེ་ཤེས་གལ་ཆེ་བ་རེད། དཔེར་ན། དབྱིན་ཇི་ཡི་ཚིག་ང་ཁྱོད་ལ་དགའ་(I love you)ཞེས་པ་ལྟ་བུའི་ཚིག་གི་དོན་དངོས་གནས་དེ་གང་འདྲ་ཞིག་ཡིན་མིན་མཁྱེན་དགོས་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད། ད་ལྟ་ཁྱེད་ཚོའི་དབྱིན་ཇིའི་ཟ་སྐད་འཐུང་སྐད་ཙམ་ཞིག་ཤེས་ཀྱི་ཡོད་རེད་དེ། དེ་ཙམ་མ་ཡིན་པར་<<Catcher in the Rye>>ཟེར་བ་དེ་ཚོའི་རིགས་ཀྱི་དེབ་སྟོང་ཕྲག་མང་པོ་རེད། དཔེར་ན། རྗེན་སི་ཁྲན་གྱི་དེབ་<<Pride and prejudge>>ཟེར་བ་ཞིག་ཡོད་རེད། ང་ཚོས་དེབ་དེ་བཀླགས་པ་ཡིན་ན། བུ་མོ་གསུམ་དང་མ་རྒན་ཞིག་གིས་ག་དུས་ཡིན་ན་ཁྱོ་ག་འཚོལ་སྡོད་ཀྱི་ཡོད་པའི་རྣམ་པ་ལྟ་བུ་ཞིག་ཡོད་རེད་དེ། འོན་ཀྱང་། དེའི་རིགས་ལ་བརྙས་བཅོས་གཏོང་རྒྱུ་ཡོད་པ་མ་རེད། གང་ཡིན་ཟེར་ན། དབྱིན་ཇི་སོགས་ནུབ་ཕྱོགས་པ་མགོ་སེར་ཚོ་ཡི་བསམ་བློ་གཏོང་ཕྱོགས་དང་འབྲེལ་བའི་ཐ་སྙད་དང་། ཕོ་མོའི་འདུ་ཤེས་སོགས་བསམ་བློ་གཏོང་སྟངས་མང་པོ་ཞིག་དེའི་ནང་དུ་ཚུད་ཡོད་རེད།རྣམ་པ་ཚོས་བྱ་བ་གང་དང་ཅི་ཞིག་བྱས་པ་ཡིན་ན་བྱང་ཆུབ་སེམས་ཀྱི་རྩིས་ཟིན་དགོས་པ་རེད་ཅེས་གསུང་གི་ཡོད་རེད་དེ། ངས་འདི་ནས་དབྱིན་ཡིག་སྦྱོང་སྐབས་བྱང་ཆུབ་སེམས་ཀྱི་རྩིས་ཟིན་དགོས་པར་ཞུ་དགོས་ནའང་། གཅིག་བྱས་ན་ཁོང་ཁྲོ་སློང་བ་ལྟ་བུ་ཞིག་ཏུ་འགྱུར་གྱི་འདུག་སྟེ། གང་ལྟར་ཁྱད་པར་མི་འདུག ངས་དངོས་གནས་ཞུ་རྒྱུའི་དོན་དག་ངོ་མའམ་རྩ་བ་དེ་ང་ཚོའི་ཆོས་དེ་བརླག་འགྲོ་ས་རེད་བསམས་ནས་བཤད་ཀྱི་ཡོད། དངོས་གནས་ལབ་པ་ཡིན། མཚམས་རེར་ཁོང་ཚོས་སྐྱེ་བ་སྔ་ཕྱི་ཟེར་བ་དང་། ཆོ་གའི་རིགས་སོགས་བོད་པ་ཚོའི་གདོད་མའི་ལུགས་སྲོལ་ཙམ་ལས་སངས་རྒྱས་ཀྱི་གསུང་མ་རེད་ཅེས་ཚུར་བཤད་ཡོང་གི་རེད་ལ། ཁོས་ཚོས་བཤད་ཡོང་སྐབས་བཤད་སྒྲོས་དང་གྲ་སྒྲིག་གི་རིམ་པ་ཕུན་སུམ་ཚོགས་པོ་ཡོད་པས་ང་ཚོ་ཕམ་པའི་ཉེན་ཁ་ཡོད་རེད། དེས་ན། ཁྱེད་ཅག་མཁྱེན་པའི་བདག་པོ་དག་གིས་སྐད་ཡིག་སློབ་སྦྱོང་བྱེད་པ་དང་མཉམ་དུ། ཁོང་ཚོའི་བསམ་བློ་གཏོང་སྟངས་ཀྱང་སྦྱང་དགོས་པ་རེད།དཔེར་ན། སྐྱེ་བ་སྔ་ཕྱིའི་རྣམ་བཞག་ལྟ་བུར་མཚོན་ན། ཁོང་ཚོས་བོད་པ་དག་གིས་ཧིན་དྷི་དང་རྒྱ་གར་བའི་གདོད་མའི་བསམ་བློ་རྙིང་པ་དེ་དག་དང་ལེན་བྱས་པ་ཙམ་རེད་ཅེས་བརྙས་བཅོས་ཞེ་བོ་ཞིག་གཏོང་གི་ཡོད་རེད་དེ། འོན་ཀྱང་། ང་ཚོ་ནང་པ་སངས་རྒྱས་པས་སྐྱེ་བ་སྔ་ཕྱིའི་རྣམ་བཞག་དེ་དོན་དམ་པ་ཉིད་དུ་རྩ་བ་ཉིད་ནས་མི་འདོད་པར་མ་ཟད། གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་རེད་ཅེས་བཤད་ཀྱི་ཡོད་པ་རེད་ལ། མྱ་ངན་ལས་འདས་པའི་ཆོས་ཀྱང་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན་པར་གསུངས་པ་དང་། གལ་སྲིད་དེ་ལས་ལྷག་པའི་ཆོས་ཤིག་མཆིས་ཀྱང་ངང་ཚུལ་དེ་ལས་མ་འདས་པར་གསུང་གི་ཡོད་རེད། དེས་ན། ང་ཚོས་སྐྱེ་བ་སྔ་ཕྱི་དེ་ཧ་ཅང་རྩ་ཆེན་ཞིག་ཏུ་བརྩི་ཡི་མ་རེད་བ། འོ་ན། སྐྱེ་བ་སྔ་ཕྱིའི་རྣམ་བཞག་ཅིའི་ཕྱིར་ཁས་ལེན་གྱི་ཡོད་རེད་ཅེ་ན། མ་བརྟགས་མ་དཔྱད་ཉམས་དགའི་སྐབས་སུ་འཇིག་རྟེན་ན་གང་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ་ཟེར་མཁན་གྱི་གྲས་རེད་བ། མི་དང་མཉམ་དུ་སྐད་ཆ་བཤད་པའི་ཆེད་དུ་དེ་རིགས་ཀྱི་སྐོར་ལ་བསམ་བློ་མང་པོ་གཏང་རྒྱུ་ཡོད་ས་རེད། དེ་རིང་སྔ་དྲོ་ནས་སྐད་ཆ་བཤད་སྟངས་དེ་རྣམ་པ་ཚོར་ཐུགས་མཐུན་ཁྲིམས་གཙང་དགོས་རབས་ཀྱི་སྐོར་མ་ཡིན་པར། སྐད་ཆ་འགོ་བཙུག་དུས་ནས་ཁ་ཕོ་རུས་ཀྱི་སྐད་ཆ་འདྲ་པོ་ཞིག་ཆགས་སོང་། དགོངས་འགལ་མེད་པར་ཞུ། ཐུགས་རྗེ་ཆེ།

སྤྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༤ ལ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་སཱ་ར་ནཱ་ཐ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སློབ་གཉེར་ཁང་(Sarnath International Nyingma Institute)གི་དགེ་སློབ་ཡོངས་ལ་སྩལ་བའི་བཀའ་སློབ།

ཤར་སྐྱེས་སམ་བཀྲ་ཤིས་མགོན་པོ་རུ་འབོད་པས་ཟིན་བྲིས་སུ་བཏབ་པ་དགེ །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*