ཐང་སྐྱ་དགོན་པའི་ལོ་གཅིག་དུས་གཅིག་གི་རྡོ་རྗེ་ཕུར་པའི་སྒྲུབ་མཆོད།

དེ་ཡང་དེང་སྐབས་ཁམས་ཀྱི་དཔལ་ས་སྐྱའི་ཆོས་སྡེ་ཆེན་མོ་དཔལ་ལྡན་ཐང་སྐྱ་དགོན་དུ་འཚོག་བཞིན་པའི་དཔལ་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཆེན་མོ་འདི་ནི། དུས་འགྱུར་མ་བྱུང་བའི་སྔོན་སྟེ་སྤྱི་ལོ་༡༩༤༠ ཡར་མར་ཞིག་ནས་༡༩༥༨ ཞིག་ལ་རྫོང་སར་མཁན་རབས་བཞི་པ་མཁན་ཆེན་བྲག་གཡབ་བློ་གྲོས་མཆོག་གིས་དབུ་བཙུགས་པ་དང་། སྤྱི་ལོ་༡༩༥༩ནས་བར་སྐབས་ཤིག་གི་རིང་རྒྱུན་ཆད་ཀྱང་སླར་ཡང་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་སྤྱི་ལོ་༡༩༨༣ལོར་བསྟན་པ་སླར་གསོའི་རྗེས་ཏེ་སྤྱི་ལོ་༡༩༨༥ལོར་དཔལ་ལྡན་ཐང་སྐྱ་དགོན་པའི་རྡོར་སློབ་ཆེན་མོ་ཨ་དགེ་བླ་མས་ ༼ མཆན། ཨ་དགེ་བླ་མའི་རྣམ་ཐར་བསྡུས་པ་ཞིག་འོག་ལ་བཀོད་ཡོད། ༽ས་ལུགས་ཕུར་པའི་སྒྲུབ་མཆོད་ཆེན་མོ་སླར་གསོ་གནང་སྟེ། དེང་སྐབས་ལོ་ལྟར་རྒྱུན་ཆད་མེད་པར་འཚོགས་མུས་ཡིན་ཞིང་། ༸སྐྱབས་མགོན་༸ས་སྐྱ་༸གོང་མས་ཀྱངགསེར་མདོག་སྤྲུལ་སྐུ་སྐུ་འཕྲེང་རིམ་བྱོན་རྣམས་སྐུ་ཚེ་ཡུན་རིང་བརྟན་ཆེད་སྐུ་རིམ་གྱི་ཚུལ་དུ་འཛུགས་དགོས་པའི་སྐོར་བཀའ་ཤོག་གནང་བའི་ལོ་རྒྱུས་ཀྱང་མཆིས།

འདི་ལོ་སྟེ་སྤྱི་ལོ་༢༠༡༨ལོའི་སྒྲུབ་མཆོད་འདི་ཚོགས་པའི་དུས་ཚོད་ནི། སྤྱི་ཟླ་༤ཚེས་༡༩ནས་སྤྱི་ཟླ་༥ཚེས་༡བར་བོད་ཟླ་༣ཚེས་༤ནས་དབུ་འཛུགས་ནས། འདི་ཟླའི་བོད་ཚེས་བཅོ་ལྔ་ནས་བཅུ་བདུན་བར་དུ་སྨད་ལས་གར་འཆམ་ཉིན་གཉིས་དང་། དབང་ཉིན་གཅིག་བཅས་ཉིན་གསུམ་ལ་མཆོད་མཇལ་ཡོད་པ་གཏན་ཁེལ་བར་ལགས་ན། དད་ལྡན་ཡོངས་ཀྱི་སྙན་ལམ་དུ་ཞུ་སྙིང་།

མཁྱེན་གསལ་ལྟར་ལོ་རེ་བཞིན་ཕུར་པའི་སྒྲུབ་མཆོད་འདི་ལ་སྟོད་ལས་བྱང་ཆུབ་སྤྱོད་པའི་གར་འཆམ་ཉིན་གཉིས་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་གར་འཆམ་ཉིན་གཉིས། མཐར་ཕུར་པའི་སྒོ་ནས་ཚེ་དབང་ཉིན་གཅིག་བཅས་ཁྱོན་ཉིན་ལྔ་ཡོད་པར་བརྟེན། བར་ཆད་རྐྱེན་རྣམས་རྡོ་རྗེ་ཕུར་པས་བཟློག །གསུང་པ་ནང་བཞིན་ཕུར་པའི་ཚེ་དབང་དང་བཅས་པའི་ཉིན་ལྔ་འདི་ལ་ཆད་ལུས་མེེད་པ་ཡག་པོ་མཇལ་ན་ལོ་གཅིག་གི་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཡ་དང་། མཐུན་རྐྱེན་ཚེ་བསོད་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་བ། བསམ་པའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་མ་ཟད་མ་ཎི་འམ་སྙིང་པོ་ཡི་གེ་དྲུག་མ་དུང་གཅིག་འདོན་པའི་ཕན་ཡོན་ཡོད་པ་དགེ་གོང་མའི་གསུངས་རྒྱུན་འཁྲུལ་མེད་ཡིན།

དེ་ལུགས་མང་ཚོགས་ཡོངས་ཀྱིས་ཡིད་ལ་འཇགས་པ་དང་གཞན་ལ་བརྒྱུད་སྐུར་མང་ཙམ་གནང་རྒྱུ་དང་། ལྷག་པར་དུ་གྲོང་དང་གྲོང་ཁྱེར་དུ་བཞུགས་པའི་དད་ལྡན་རྒན་གཞོན་ཡོངས་དུས་འཛོལ་མི་ཡོང་བའི་ཆེད་ཆ་ཡིག་དང་བརྒྱུད་སྐུར་གང་ཐུབ་གནང་བར་ཞུ།

མཇུག་ཏུ། ཀློག་པ་པོ་ཁྱེད་རང་གཙོས་པའི་འགྲོ་བ་ཡོངས་ཀྱི་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཚེ་བསོད་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཏེ། བསམ་པའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་སྨོན།

ཕྲན་གོ་གྲྭ་ཉི་མ་དབང་ཕྱུག་གམ་དྲ་མིང་དུ་མཐོ་སྒང་བུ་ཕྲུག་འབོད་པ་དེས་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་པ་དགེའོ། །

འོག་གི་རྡོར་སློབ་ཨ་དགེ་བླ་མའི་རྣམ་ཐར་བསྡུས་པ་འདི་ནས་ཐང་སྐྱ་དགོན་པའི་ལོ་རྒྱུས་ལས་བཤུས།

རྡོར་སློབ་ཨ་དགེ་བླ་མ་ནི་བྱ་རུ་རྒྱན་འགྲུབ་ཚང་གི་ཡབ་གྲ་ལྔ་ཚེ་རིང་དང་ཡུམ་ག་ལུག་ལྷ་མོ་གཉིས་ཀྱིས་སྲས་སུ་༡༩༢༣ལོར་སྐུ་གཏམས་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིགས་བདག་ཏུ་བསྟེན། དུས་རྒྱུན་དུ་གློ་ཐུང་རེ་རྒྱག་ན་ཡང་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་མཁྱེན་ཞེས་ཡང་ཡང་འབོད། ཁམས་བྱེ་རྫོང་སར་བཤད་གྲྭའི་མཁན་ཆེན་བྲག་ཡབ་བློ་གྲོས་དང་མཁན་ཆེན་མཁྱེན་རབ་སེངྒེ་གཉིས་ལས་གཞུང་བཤད་དག་ལ་ཐོས་བསམ་མཛད་དེ་ཐང་སྐྱ་བཤད་གྲྭའི་སྐྱོར་དཔོན་མཛད་པ་དང་ཕྱིས་སུ་ཧ་ཅང་གི་མཁས་པ་གྱུར་ཀྱང་དུས་དབང་གིས་མཁན་པོའི་ལས་གནས་མཛད་ཁོམ་མ་བྱུང་དུས་འགྱུར་གྱིས་དབང་གིས་ལོ་དུ་མ་སྐྱ་བོའི་ཚུལ་དུ་བཞུགས་མཛད་ཀྱང་། དམ་ཚིགས་དང་སྡོམ་པ་ལ་ངེས་འབྱུང་གི་བསམ་པ་གཡོ་བ་མེད་པའི་ཟིན་ཡོད་ཙམ་ཕྱིས་ཆོས་སྒོ་གསར་པའི་དབུ་བཙུགས་སྐབས་སུ་ཆོ་གའི་ཕྱག་ལེན་སོགས་ལ་ཧ་ཅང་གི་དཀའ་དྲིན་ཆེ་ལ་དབུ་མཛད་དང་སློབ་དཔོན་ཁྱད་པར་དུ་ས་ལུགས་ཕུར་པའི་སྒྲུབ་མཆོད་ཆེན་མོ་ནི་“བླ་མ་འདིའི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཡིན།”

པར་དེ་ལས་མང་བ། >>>

གསེར་ཐང་རྩོམ་རིག་དགའ་ཚལ་གྱི་སྤྱི་སྟེགས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*