བཞུགས་ཁྲི་དང་དེའི་མཚོན་དོན་ངོ་སྤྲོད།

ཁྲི་རྒྱབ་དྲུག་འགྱོགས་དང་ལྡན་པའི་བཞུགས་ཁྲི།

དེང་དུས་གསེར་དངུལ་དང་ཤིང་བརྐོས་ལས་གྲུབ་པའི་བཞུགས་ཁྲི་རྒྱབ་ཏུ་དྲུག་འགྱོགས་དང་ལྡན་པ་མང་པོ་བཞེངས་བཞིན་ཡོད་ཀྱང། མང་པོ་ཞིག་གིས་དེའི་མཚོན་དོན་དང་ལོ་རྒྱུས་ཤེས་མཁན་ཅུང་དཀོན་པས་དེའི་སྐོར་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་རྒྱུ་ཡིན། དེ་ཡང་། བྱང་ཕྱོགས་དག་པའི་ཁྲི་འགྱོགས་ལེ་ཚན་བདུན།། ཕྱིན་དྲུག་ངོ་བོ་རྒྱབ་ཡོལ་རྒྱན་དྲུག་སོགས།། བླ་མའི་ཡོན་ཏན་ཡོངས་གཟུང་གི་རྒྱུད་དོན་བཞིན་གདན་ཁྲི་རྒྱབ་ཡོལ་དང་བཅས་པ་ལ། བྱང་ཕྱོགས་ཀྱི་ཆོས་ཀྱི་སྡེ་ཚན་བདུན་དག་པའི་ཆོས་དང་སྦྱར་བ་ཁྲི་འགྱོགས་ལེ་ཚན་བདུན་དུ་གྲགས་པ་ནི། ཁྲི་གདན་ཁྲི་གདོང་ཁྲི་ཡི་རྐང་ཁྲི་རྨང་གཉིས་བ་གམ་ལན་ཀན་བཅས་རྣམ་པ་བདུན་ནོ། འདེགས་བྱེད་སེང་གེ། གླང་པོ། རྨ་བྱ། ཤང་ཤང་རྣམས་དང་། ཉི་ཟླ་པདྨའི་གདན་རྣམས་ནི་རིམ་བཞིན་སྟོབས་དང་དབང་བཅུ། སྨོན་པ་ནས་ཤེས་པ། བྱང་ཆུབ་ཀྱི་ཕྱོགས། དོན་དམ་ཨེ། ཀུན་རྫོབ་ཝཾ། སྒྲིབ་གསུམ་གྱིས་མ་གོས་པའི་ཡོན་ཏན་རྣམས་དང་སྦྱར་རོ། ཕྱིན་དྲུག་གི་ངོ་བོ་རྒྱབ་ཡོལ་ལ་རྒྱན་སྣ་དྲུག་སྟེ། མཁའ་ལྡིང་དང། ཆུ་སྲིན། བྱིས་པ། གླང་པོ་ཆེ། ཤ་ར་བྷ་སྟེ་བསེ་ཁ་སྒོ་དང། ཀླུ་ཕྲུག་རྣམས་ཀྱང་རིམ་བཞིན་ཤེས་རབ་དང། བསམ་གཏན། བརྩོན་འགྲུས། བཟོད་པ། ཚུལ་ཁྲིམས། སྦྱིན་པ་བཅས་ཕ་རོལ་ཏུ་ཕྱིན་པ་དྲུག་ལུགས་ལྡོག་པ་དང་སྦྱར་བའོ།།
ཁྲི་ལ་བརྩེགས་ཉི་ཤུ་རྩ་གཅིག་ལ་སོགས་པའི་སྤྲོས་པ་དང་། རྒྱབ་ཡོལ་རྒྱས་པ་ཕུབ་ལ་ཞོལ་བཏགས་པ་ལྟ་བུ། འབྲིང་པོ་ལ་པད་འདབ་ལྟ་བུ། བསྡུས་པ་ལྕགས་རྩེ་མ་དང་སྒང་གཟུགས་མ་ལ་སོགས་པ་རྒྱས་འབྲིང་བསྡུས་པའི་རྣམ་གཞག་མང་ཞིང་། འབྲིང་པོའི་ཚད་སྟག་ཚང་ལོ་ཙཱ་བའི་དཔལ་འབྱོར་རྒྱ་མཚོ་ལས་ཞིབ་པར་འབྱུང་བ་དང་། བར་ལམ་ཁྲི་རྒྱབ་བྲིས་འབུར་གཉིས་ཀ་བོད་པའི་སྤྱི་ཚོགས་ནང་བཞེངས་མཁན་ཅུང་དཀོན་ནའང་། བོད་མི་རྣམས་ལ་བཙན་བྱོལ་དུ་འབྱོར་བའི་རྗེས་སུ་བཞུགས་ཁྲི་རྒྱས་པ་བཟོ་མཁན་ཧ་ཅང་མང་པོ་བྱུང་ཡོད། འདི་ཡང་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེའི་རྒྱུར་འགྱུར་ཚུལ་ཡང་གཞུང་ཁུངས་ལྡན་དག་ཏུ་གསུངས་ཡོད། བོད་ཀྱི་མཁས་པ་ཁག་ཅིག་གིས་ཁྲི་རྒྱབ་དྲུག་འགྱོགས་འདི་རྒྱ་གར་གྱི་ལྷ་ཁང་གི་སྒོ་རྒྱན་དུ་ཡོད་པས་ལྷ་ཡི་རྒྱབ་ཡོལ་དུ་འཁྲུལ་ནས་བོད་དུ་དེའི་རྒྱུན་འབྱམས་སུ་སོང་བ་ཙམ་ལས་ཁུངས་ཡང་དག་མེད་པར་འདོད་མཁན་ཡོད་པ་དང། དེ་བཤད་པའི་ཁུངས་བླ་མའི་ཡོན་ཏན་ཡོངས་བཟུང་སོགས་ཙ་མིའི་རྒྱུད་གསུམ་པོ་ཡང་རྒྱུད་ཡང་དག་མ་ཡིན་པར་འཆད་མོད། ཁྲི་རྒྱན་གྱི་བཀོད་པ་འདི་ལྟ་བུ་རྒྱ་གར་གྱི་བཟོ་ཡིན་ངེས་འགའ་ཡང་མཐོང་ཞིང་ཁུངས་ཀྱི་རྒྱུད་ཡང་དག་ཏུ་རང་བྱུང་ཞབས་ཀྱིས་བཞེད་པའི་ཕྱིར་ཁོ་བོ་ཅག་ནི་དེ་ལ་ཚད་མར་བྱེད་ཅེས་ཀུན་མཁྱེན་དྷརྨཱ་ཀ་རས་གསུངས་པ་བཞིན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཀྱང་དེ་ཁུངས་དག་ཏུ་བཞེད། དེར་བརྟེན་བཞུགས་ཁྲིའི་མཚོན་དོན་སོགས་གསལ་པོ་ཤེས་ནས། རྒྱན་དང་རྒྱས་སྤྲོས་ཁོ་ནའི་ཆེད་དུ་མིན་པ་ཚང་མས་མཁྱེན་དགོས་པ་གལ་ཆེ་བར་བརྟེན་གཞུང་ཚད་ཐུབ་ལ་ཁུངས་གཏུགས་ནས་ངོ་སྤྲོད་མདོར་བསྡུས་ཙམ་སྔ་འགྱུར་རིག་འཛིན་རྩོམ་སྒྲིག་ཁང་ནས་བསྡུ་སྒྲིག་ཞུས།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*