ཚོར་སྐྱེན་དྲན་བའི་འཆར་སྣང་ཞིག

         སྐབས་རེ་འདི་འདྲ་དྲན་མྱོང་ལ་བསམ་ཡང་མྱོང་མོད།

ཡིན་ན་ཡང་དོན་འདི་རྒྱུད་ལ་འབྱོར་བ་ཞིག་ནི་ཡོང་རེ་མི་འདུག་ཨང་།

རྩོམ་པ་པོ། མཁན་པོ་ཆོས་གྲགས་རྒྱ་མཚོ། 

བདག་ལ་གཞན་གྱིས་མི་སྙན་པའི།།
གཏམ་ངན་སྨོད་པའི་བྱ་བ་འམ།།
དངོས་སམ་བརྒྱུད་ནས་གནོད་བྱེད་པ།།
དེ་དག་ནམ་ཡང་དགའ་གྱུར་ཅིག །

བླ་མ་རྣམས་དང་མཆེད་གྲོགས་ཀྱི།།
ཉེས་སྐྱོན་འཚོལ་བའི་བློ་སྣ་བསྟུང་།།
རང་རྒྱུད་གྱོང་པོ་ཆོས་ཀྱིས་ཐུལ།།
འགྲོ་ཕན་ཕྲིན་ལས་འབྱུང་བར་ཤོག།

མི་ཆོས་ཁ་ཆག་སྣ་རལ་སོང་།།
ལྷ་ཆོས་གྲུབ་བཞི་ལམ་འཁྱེར་མཁས།།
སུས་ཀྱང་ཡིད་ལ་མ་འཁོར་བའི།།
ཏིང་འཛིན་མཐུ་ཆེན་རྫོགས་པར་ཤོག།

ཆོས་པའི་མིང་ཙམ་མི་ལྡན་པའི།།
ཡུལ་འཁྱམ་སྤྲང་པོའི་ལམ་སྣེ་ཟིན།།
ལུངས་རྟོགས་ཉི་ཟླའི་རྣ་ཆ་ཅན།།
འགྱུར་ལ་འགལ་རྐྱེན་མེད་པར་ཤོག།

གནམ་ལོ་གསར་པའི་ཉིན་ཞག་ཀུན།།
སངས་རྒྱས་དགྱེས་པའི་ལམ་མཆོག་སྟེ།།
ཐེག་ཆེན་རྒྱ་མཚོའི་སྙིང་པོ་ལ།།
སྤྱོད་པའི་གཡར་དམ་བརྟན་པར་ཤོག།

ཁྲོ་བ་ཐམས་ཅད་ཞི་བར་ཤོག །
འཁོན་པ་ཡོད་ན་མཛའ་བར་ཤོག།
སྒྲོ་འདོགས་མཁན་ཚོ་དགའ་བར་ཤོག །
སྐུར་འདེབས་ཅན་དག་བདེ་བར་ཤོག།

བདག་ལ་སྙིང་ནས་བརྩེ་བ་འམ།།
ལེགས་འདོད་བྱམས་པའི་དུང་བ་ཅན།།
ནོར་དང་ཚིག་གིས་ཕན་བཏགས་པ།།
དེ་དག་ཀུན་ཀྱང་ཤིས་གྱུར་ཅིག །

མདོར་ན་བདག་ལ་དམིགས་པ་ཡི།།
བཟང་ངན་ལས་ཀྱིས་འབྲེལ་ཚད་ཀུན།།
དེང་ནས་ཚེ་རབས་ཐམས་ཅད་དུ།།
འཇིགས་དང་སྡུག་བསྔལ་མེད་པར་ཤོག།

རྐྱེན་ངན་ལམ་གྱི་གྲོགས་སུ་སོང་།།
ན་ཚ་དགེ་བའི་སྐུལ་མར་གྱུར།།
ཉམས་རྟོགས་ཚེས་པའི་ཟླ་བཞིན་འཕེལ།།
ཆོས་ཀྱི་རྒྱལ་མཚན་འཛུགས་པར་ཤོག །

ཚུལ་འཆོས་ཤི་བའི་དུར་ས་ནས།།
ཆོས་ཚུལ་སྟོང་གི་སྙིང་པོ་ལོན།།
འདུ་འཛི་ཞི་བའི་མལ་ས་ནས།།
མཁའ་འགྲོའི་སྙིང་ཁྲག་འཐུང་བར་ཤོག །

—མྱོང་གཏམ་རྙིང་པ་ཞིག་ལས་དྲངས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*