ཡིད་ལྷུང་ལྷ་མཚོའི་གནས་བཤད།


ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །རྒྱལ་བའི་དགོངས་པ་དཔྱད་གསུམ་རྣམ་དག་གིས། །ལེགས་པར་འགྲེལ་ལ་སྨྲ་བའི་ཁྱུ་མཆོག་ཆེ། །ཕྱོགས་ལས་རྣམ་རྒྱལ་འཇམ་མགོན་ས་སྐྱ་པའི། །བསྟན་འཛིན་བསྟན་དང་བཅས་ལ་གུས་ཕྱག་བརྩེགས། །ཐུབ་པའི་དྲུང་དུ་བྱང་སེམས་མཛེས་པའི་ཏོག །འཕགས་པའི་ཡུལ་ན་ཌོམྦི་ཧེ་རུ་ཀ༔ ཏོང་ཀུན་ཡུལ་དུ་མ་ཧཱ་ཡ་ན་སྟེ། །རིན་ཆེན་མི་འགྱུར་རྒྱལ་མཚན་གཙུག་ཏུ་བསྙེན། །དེ་ལ་ས་མཐོ་ཡུལ་གཙང་བཀོད་ལེགས་ཤིང་། །རང་བྱུང་ནོར་བུའི་མཛེས་སྡུག་ཁྱད་འཕགས་པའི། །འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དང་། །ཆོས་ལྡན་བྷོ་ཊའི་ལྗོངས་ཞེས་ཡོངས་སུ་གྲགས། །

དེ་ཡི་བྱེ་བྲག་མདོ་ཁམས་ཤར་གྱི་ཕྱོགས། །སྦས་ཡུལ་རཀྨོ་རྫོང་གི་ཆར་གཏོགས་པའི། །སྡེ་དགེ་བྱང་འབྲོག་ཡིད་ལྷུང་ས་ཡི་ཆར། །སྣ་ཚོགས་མེ་ཏོག་རྒྱས་པའི་སྐྱེད་ཚལ་ན། །སྔོན་དུས་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ། །ཤར་ཕྱོགས་གོང་མ་ཆེན་པོའི་དབུ་བླ་རུ། །བཏེགས་ཚེ་ཞབས་སེན་གསེར་འཁོར་ལེགས་བཀོད་ནས། །རང་ལུགས་འཛིན་པའི་ཆོས་ཀྱི་སྡེ་ཞིག་བཏབ། །ཕྱིས་དུས་འཇམ་མགོན་དཔལ་མཆོག་རྒྱལ་མཚན་དང་། །མཁན་ཆེན་བུདྡྷའི་ཞབས་དང་བཀྲས་ལྷུན་མཚན། །དཔལ་ལྡན་ཆོས་སྐྱོང་སོགས་ཀྱིས་ཞབས་བཅགས་ཏེ། །ཀུན་མཁྱེན་ཨེ་ཝཾ་པ་ཡི་འཕྲིན་ལས་བསྐྱངས། །དེ་ནས་བསྟན་འགྲོའི་ཕན་བདེ་སྤེལ་བ་ལ། །སྐུ་དྲིན་མཚུངས་པའི་ཟླ་བོ་མ་མཆིས་པའི། །ཨེ་ཝཾ་ཤར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག །རྗེ་བཙུན་རིན་ཆེན་མི་འགྱུར་རྒྱལ་མཚན་གྱིས། །བསྟན་པའི་མངའ་བདག་འཇམ་མགོན་ས་སྐྱ་པ། །ཀུན་དགའ་བློ་གྲོས་མཆོག་གི་བཀའ་ལུང་དང་། །མི་དབང་བློ་གྲོས་རྒྱ་མཚོ་ལྕམ་དྲལ་ཆེས། །དགེས་པའི་ལེགས་གསོལ་མཐུན་རྐྱེན་བསྩལ་བ་ལྟར། །བླ་མ་ལྷ་སྲུང་རྣམས་ལ་བརྟག་ཞུས་དང་། །མཁན་ཆེན་ཆོས་ཀྱི་རྒྱལ་པོའི་དགོངས་བཞེད་བཞིན། །དགེ་མཚན་ནོར་བུའི་ཁུར་གྱིས་ལེགས་ལྕི་བའི། །ལྷ་རྒྱལ་སྲང་ཞེས་འབོད་པའི་ནོར་འཛིན་མར། །ཆོ༷ས་སྡེ༷་ཆེན༷་པོ༷་ཡིད༷་ལྷུང༷་ལྷ༷་རྒྱལ༷ས་སྲང༷་། །ལྷུན་འགྲུབ་བདེ༷་ཆེ༷ན་མཁ༷འ་ལ་སྤྱོད༷་པའི་གླིང༷་། །སྲིད༷་གསུམ༷་དགེ༷་ལེ༷གས་ཡོ༷ངས་འདུ༷འི་ཆོས་གྲྭ་ཆེ། །བསྟན་དང་འགྲོ་བའི་དཔལ་དུ་བཞེངས་པར་མཛད། །

གནས་འདིར་འཁྱིལ་བའི་ལྷ༷་ཡི་མཚོ༷་མོ་ཆེ། །ཆོས་སྡེ་ལྷ༷་རྒྱལ༷་སྲང༷་གི་བླ༷་མཚོ༷་རུ། །སྐྱེས་མཆོག་དུ་མས་ལུང་དུ་བསྟན་པ་ཡི། །གྲགས་པའི་རྫ་རྔ་ཕྱོགས་རྣམས་ཀུན་ཏུ་བརྡུངས། །ལྷ་ཡི་ཕོ་བྲང་ལྷ༷་མཚོ༷་དཀར་མོ་དང་། །གཉ༷ན་གྱི་རྫིང་བུ་འཛིན་མཚོ༷་ཕྱུག་མོ་དང་། །ཀླུ༷་ཡི་བསྟི་གནས་ཡིད་མཚོ༷་སྔོན་མོ་སྟེ། །ཀུན་ལས་ཁྱད་པར་འཕགས་པ་ལྷ་ཡི་མཚོ། །དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་ཞིང་། །སྐྱེ་རྒུ་ཀུན་ལ་དགའ་བདེའི་དཔལ་སྟེར་བ། །ལྷུན་ཆགས་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་ཆེ། །མ་ལུས་འགྲོ་བ་ཀུན་གྱི་དཔྱིད་དུ་གྲུབ། །

ཕྱི༷་ལྟར་ཡན་ལག་བརྒྱད་ལྡན་བདུད་རྩིའི་རྫིང་། །ན༷ང་ལྟར་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གས༷ང་བར་ལྷུན་འགྲུབ་སྤྲུལ་པའི་ཕོ་བྲང་ཆེ། །ཡང༷་གས༷ང་ཆོས་དབྱིངས་དཀྱིལ་འཁོར་གཏིང་མཐའ་བྲལ། །མཚོ་ལ་མཚོ་མིག་བརྒྱ་ཕྲག་དང་ལྡན་ཞིང་། །སྲིད་ན་རྙེད་དཀའི་ནོར་རིགས་དུ་མ་དང་། །སྐུ་གསུང་ཐུགས་ཀྱི་རྟེན་མཆོག་གྲངས་མེད་སོགས། །ཆོས་ནོར་རྫས་ཀྱི་གཏེར་ཁ་དུ་མ་བཞུགས། །
སྟོད༷་ན༷་དཀར་གསལ་གངས་ཀྱི་རི་བོ་ལ། །གསེར་མདོག་ཉི་མའི་སྣང་བས་མཛེས་འབར་བ། །གཏན་ཆགས་སྲིད་པའི་གང༷ས་ཁྲོད༷་བདེ༷་ཆེན༷་ཕུག༷ །མཁའ༷་ཁྱབ༷་ཆོས༷་ཀྱི་སྐུ༷་ཡི་ཞིང༷་དུ་གསལ། །སྐེ༷ད་པ༷ར་རྔམ་ཆེན་རྫ་བྲག་མཁར་རྫོང་ཆེར། །སྨུག་སྤྲིན་དར་འཕྱང་བླ་བྲེ་བྲེས་འདྲ་བ། །ཨེ༷་ཝཾ༷་རྡོ༷་རྗེ༷འི་བྲག༷་གི་རྫོང༷་ཆེན་པོ། །བདེ༷་ཆེ༷ན་ལོ༷ངས་སྤྱོད༷་རྫོག༷ས་སྐུའི༷་ཞིང༷་ཁམས་མཆོག །འད༷བ་ན༷་སྤང་ཐང་ཕྱོགས་མཐར་ལེགས་བརྡལ་བར། །སྣ་ཚོགས་མེ་ཏོག་ཚོམ་བུ་རྣམ་བཀྲ་བ། །རང་བྱུང་སྐྱེད་ཚལ་ཨེ༷་ཝཾ༷་ཆོ༷ས་སྒ༷ར་སྟ྄ེ༷ང་། །འགྲོ༷་འདུལ༷་སྤྲུལ༷་པ༷འི་སྐུ༷་ཡི༷་ཞིང༷་དུ་གྲུབ། །སྐྱ་ཆག་མདའ་དར་ཕྱུག་མོ་འཇམ་པའི་དབྱངས། །དབུ་རྩེ་གངས་དཀར་ལྷུན་པོ་སྤྱན་རས་གཟིགས། །རྫ་རི་ཕྱག་རྡོར་འབོད་པ་གསང་བདག་སྟེ། །རིགས་གསུམ་སེམས་དཔའི་གནས་ཀྱི་བཀོད་པ་རྫོགས། །དེ་དག་རྣམས་ལ་སངས་རྒྱས་སྟོང་རྩ་དང་། །ཉེ་སྲས་བརྒྱད་སོགས་སངས་རྒྱས་བྱང་སེམས་ཀྱི། །གསང་གསུམ་རྣམ་འཕྲུལ་སྐུ་དང་ཡིག་འབྲུ་དང་། །ཕྱག་མཚན་སོགས་ཀྱི་རང་བྱོན་དཔག་མེད་བཞུགས། །འཕགས་མཆོག་རྒྱལ་སྲས་རིགས་གསུམ་མགོན་པོ་དང་། །གྲུབ་པའི་སྐྱེས་མཆོག་པདྨ་སཾ་བྷ་ཝས། །གཏེར་ཁ་དུ་མས་རི་ཀླུང་ཡོངས་སུ་བཀང། །བྱིན་གྱིས་བརླབས་ཏེ་འགྲོ་དོན་དཔག་མེད་མཛད། །གཞན་ཡང་གྲུབ་མཆོག་བརྩོན་འགྲུས་བཟང་པོ་དང་། །མཐུ་སྟོབས་ཟླ་མེད་དབང་སྡུད་སྙིང་པོ་སོགས། །སྐྱེས་མཆོག་དུ་མས་དངོས་དང་རྫུ་འཕྲུལ་གྱིས། །ཞབས་བཅགས་གསང་བ་གསུམ་གྱིས་བྱིན་གྱིས་བརླབས། །

སྒུག་ར་གོང་མར་ཕྱོགས་ཀྱི་གླང་པོ་དང་། །མཁྱེན་བརྩེའི་ཞབས་དང་གསང་བདག་བློ་གཏེར་མཚན། །སངས་རྒྱས་དཔལ་འབྱོར་དཀོན་མཆོག་ཕུན་ཚོགས་ཞབས། །མཁས་མཆོག་གུ་ཎའི་མཚན་ཅན་ལ་སོགས་དང་། །སྒུག་ར་འོག་མར་བསོད་གྲགས་ཕུན་ཚོགས་མཚན། །ངག་དབང་ཆོས་འབྱོར་ངག་དབང་ཆོས་གྲགས་སོགས། །དམ་པ་མང་པོས་བསྙེན་སྒྲུབ་ཉམས་བཞེས་ལ། །རྩེ་གཅིག་བརྩོན་པས་གྲུབ་པའི་ས་ཆེན་བརྙེས། །མཚོ་མགོ་ཨེ་ཝཾ་རྡོ་རྗེའི་བྲག་རྫོང་དུ། །རྗེ་བཙུན་རིག་བྱེད་དབང་མོའི་ལུང་བསྟན་ལྟར། །ཤར་ཆེན་རིན་ཆེན་མི་འགྱུར་རྒྱལ་མཚན་གྱིས། །གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྒྲུབ་པ་མཛད། །

དེ་ཚེ་རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །རང་བཞིན་གདོད་ནས་དག་པའི་མཚོ་མོ་ཆེར། །བདེ་མཆོག་ཡབ་ཡུམ་གཉིས་པོ་མངོན་གཟིགས་ཏེ། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཉིད་དུ་བསྔགས། །ལྕེ་བཙུན་ངག་དབང་བློ་གྲོས་སྙིང་པོའི་ཞབས། །ཞབས་དྲུང་འཇམ་དབྱངས་ཤེས་རབ་རྒྱལ་བའི་མཚན། །བརྟན་མཁས་ལྡན་པ་རབ་དཀར་ལྷུན་འགྲུབ་མཆོག །སྙན་བརྒྱུད་འཛིན་པ་ཀུན་དགའ་དཔལ་ལྡན་སོགས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཨེ་ཝཾ་པའི། །མཁས་གྲུབ་མང་པོས་རིམ་གཉིས་གསང་ལམ་ལས། །གྲུབ་གཉིས་ནོར་བུའི་མཛོད་ལ་དབང་བསྒྱུར་ཏེ། །མཐའ་ཀླས་གདུལ་བྱ་སྨིན་ཅིང་གྲོལ་བར་མཛད། །

ཁྱད་པར་རྒྱལ་སྲས་ཆོས་ཀྱི་ཉི་མའི་ཞབས། །འཆི་མེད་བསམ་གཏན་གྲུབ་པའི་གཟིམ་ཆུང་དུ། །བགྲང་བྱ་བཅུ་ཕྲག་བརྒལ་བར་ལེགས་བཞུགས་ཏེ། །རྒྱུད་སྡེ་རྒྱ་མཚོའི་བསྙེན་སྒྲུབ་ཟབ་རྒྱས་མཛད། །ལྷ་མཚོར་བདེ་མཆོག་དཀྱིལ་འཁོར་གཟིགས་པ་དང་། །རྡོ་རྗེའི་བྲག་ལ་རྗེས་དང་ཕུར་པ་བཏབ། །འཛད་མེད་གྲུབ་པའི་ཆུ་གཏེར་བཞེས་པ་སོགས། །གྲུབ་པའི་མཚན་མ་ཀུན་ལ་གསལ་བར་བྱས།།

ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཡིས། །ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་རུ། །རང་བྱུང་ཆུ་སྐྱེས་པདྨའི་སྡོང་པོ་ལས། །མཚོ་སྐྱེས་རྡོ་རྗེ་འཁྲུངས་པའི་གཟིགས་སྣང་དང་། །གཞན་ཡང་འགྲོ་བའི་འདྲེན་མཆོག་དུ་མ་ཡིས། །གཡུ་ལོ་བཀོད་པར་སྒྲོལ་མ་ཉེར་གཅིག་དང་། །ཉེ་སྲས་བརྒྱད་དང་གནས་བཅུ་རིག་འཛིན་བརྒྱད། །གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་སོགས། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་བཀོད་པ་དང་། །མཆོག་གསུམ་སྐུ་གསུམ་རྩ་གསུམ་ལ་སོགས་པ། །ངོ་མཚར་མཐོང་སྣང་བྱུང་བའང་བསམ་མི་ཁྱབ། །མཚོ་འདབ་རྒྱལ་ཆེན་སྡེ་བཞིའི་ཉེ་ཞོལ་དུ། །མཆོག་སྤྲུལ་སྙན་གྲགས་བསྟན་པའི་དབང་ཕྱུག་གིས། །རྒྱུད་སྡེའི་ཆོས་འཁོར་བསྐོར་བའི་སྒྲུབ་གནས་དང་། །གཟུགས་སྐུའི་བཀོད་པ་བསྡུས་པའི་གནས་མཆོག་བཞུགས། །མཚོ་དར་ཆགས་དང་འཇིག་པའི་རེ་ཁཱ་ལས། །མི་དབང་ཆོས་ཀྱི་རྒྱལ་པོའི་ཆོས་སྲིད་སོགས། །སྣོད་དང་བཅུད་ཀྱི་འཕོ་འགྱུར་ལེགས་ཉེས་རྣམས། །མཚན་མ་རྫས་ཀྱི་ཚུལ་དུ་འབྱུང་འགྱུར་བསྟན། །ཤར་གྱི་སྒོ་སྲུང་རྡོ་རྗེ་གཡུང་དྲུང་རྩལ། །ལྷོ་ཡི་སྒོ་སྲུང་ཀླུ་སྨན་དུང་གི་མདོག །ནུབ་ཀྱི་སྒོ་སྲུང་བཙན་རྗེ་འབར་བ་རྩལ། །བྱང་གི་སྒོ་སྲུང་བདུད་རྒྱལ་བ་དན་ཅན། །

སྐུ་ཡི་སྤྲུལ་པ་ལྷ་ཆེན་བྱ་རྒོད་མགོ། །གསུང་གི་སྤྲུལ་པ་བཙན་རྗེ་འབར་བ་རྩལ། །ཐུགས་སྤྲུལ་ལྷ་སྨན་ཕྱུག་མོ་ལ་སོགས་པ། །ཡུལ་རི་གནས་ཀྱི་བདག་པོ་དུ་མ་དང་། །གཞན་ཡང་སྐུ་ལྷ་གེ་མཛོ་གཉན་པོ་དང་། །སྟག་རྩེ་ཁྱུང་ཟེ་རྡོ་རྗེ་བློ་ལྡན་རྩལ། །རྡོ་རྗེ་གཡུ་སྒྲོན་བྲག་ནག་རྡོ་རྗེ་གཞོན། །བོང་ཝ་ཡཀྵ་གཟི་འབར་ལ་སོགས་པ། །རྡོ་རྗེའི་བཀའ་གསུང་ཐོད་དུ་བཅིང་པ་ཡི། །གནས་སྲུང་ཟོ་དོར་གཉེན་པོས་མཐའ་བསྐོར་ནས། །སྐྱེ་འགྲོ་རྣམས་ལ་ལེགས་ཉེས་སྟངས་འཛིན་གྱི། །འཕྲིན་ལས་ཚུལ་བཞིན་བསྒྲུབས་པའི་གྲགས་པ་མཐོ། །

ཡེ་ཤེས་མགོན་པོ་ལྕམ་དྲལ་གདོང་བཞི་པ། །དམག་ཟོར་རྒྱལ་མོ་བེག་རྩེ་གྲི་ཤན་སོགས། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་ཀྱི། །དམ་ལ་གནས་པའི་དམ་ཅན་རྒྱ་མཚོ་ཡིས། །དམ་ལོག་དམ་སྲིའི་རིགས་རྣམས་ཚར་བཅད་དེ། །མི་འདོད་ཉེར་འཚེའི་ཆོ་འཕྲུལ་སྟོན་པ་དང་། །དམ་ལྡན་བུ་ལ་སྲུང་སྐྱོབ་སྡོང་གྲོགས་སོགས། །འཕྲིན་ལས་ཚུལ་བཞིན་བསྒྲུབས་པའི་གཏམ་གྱིས་ཁྱབ། །བཅོམ་ལྡན་འདས་ཀྱིས་འདུལ་བའི་མདོ་དག་ལས། །བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་ཞིང་ཁམས་སུ། །ཤེས་ལྡན་མ་ཟད་ས་རྡོ་བེམ་པོས་ཀྱང་། །སེམས་ཅན་དོན་བྱེད་ཡོད་པར་ལུང་དུ་བསྟན། །ཞེས་དང་གུ་རུས་ལུང་བསྟན་བཀའ་རྒྱ་མར། །ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ནི། །ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རང་བྱུང་བྱོན། །དེ་མཐོང་ཐོས་དང་གང་འབྲེལ་ངན་སོང་མེད། །ཕྱོགས་ནི་མ་ངེས་ཕྱོགས་མཚམས་དབུས་ལ་སོགས། །ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱོན་པར་འགྱུར། །དེ་བཞིན་དུས་ལ་མ་ངེས་ནམ་ཡང་འབྱོན། །ཡུན་ལ་ཚད་བཟུང་མེད་དེ་འཁོར་མཐའི་བར། །ཞེས་དང་སླར་ཡང་ལུང་བསྟན་དེ་ཉིད་ལས། །
དེ་བཞིན་གནས་དང་གནས་ཕྲན་ལ་སོགས་དང་། །ཡུལ་དང་ཡུལ་འདྲ་སྦས་པའི་ཡུལ་རྣམས་སུ། །བསྒྲུབ་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ། །ཕལ་ཆེར་གནས་སུ་ལོ་གཅིག་བསྒྲུབས་པ་བས། །དེ་དག་རྣམས་སུ་ཟླ་གཅིག་འགྲུབ་ཐག་ཉེ། །དེ་དོན་ཡིན་པར་མཛོད་ཅིག་རྗེས་འཇུག་རྣམས། །ཞེས་སོགས་སྲས་བཅས་རྒྱལ་བས་ལན་མང་གསུངས། །མཚོ་གནས་འདི་ལ་གནས་འབྲེལ་སུས་བྱས་ན། །ངན་སོང་འཁོར་བའི་སྐྱེ་སྒོ་ཁེག་པ་དང་། །ནད་གདོན་བགེགས་ཀྱི་གནོད་པ་མི་འབྱུང་ཞིང་། །བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པ་སོགས། །ཕན་ཡོན་བསམ་མི་ཁྱབ་པར་འཐོབ་པ་དང་། །མ་ཕམ་གཡུ་མཚོ་བྱང་གི་གནམ་མཚོ་དང་། །ཡར་འབྲོག་གཡུ་མཚོ་ལ་སོགས་མཚོ་ཆེན་ལ། །ཕྱག་མཆོད་མཇལ་བསྐོར་རིམ་གྲོ་བགྱིས་པ་དང་། ཁྱད་པར་མེད་པའི་བསོད་ནམས་འཐོབ་པར་གསུངས། །དེ་ལྟར་ལྷ་མཚོ་བདེ་མཆོག་ཕོ་བྲང་གི། །གནས་ཀྱི་ཁ་བྱང་མདོར་བསྡུས་བཀོད་པའི་དགེས། །བརྩེ་ཆེན་རྒྱལ་བའི་བསྟན་པ་རྒྱས་པ་དང་། །འགྲོ་རྣམས་བདེ་ལྡན་ཐར་པའི་ས་འཐོབ་ཤོག །

ཅེས་ཡིད་ལྷུང་ལྷ་མཚོའི་གནས་ཀྱི་ཁ་བྱང་མདོར་ཙམ་འདིའང་། ལྷ་མཚོའི་ཉེ་འགྲམ་རང་གནས་བདེ་སྐྱིད་དགའ་ཚལ་ལམ་འཇམ་དཔལ་དགྱེས་པའི་གླིང་དུ་བོ་དྷི་བྷ་དྲའམ་མིང་གཞན་འཇམ་དབྱངས་ཆོས་ཀྱི་རྒྱ་མཚོར་འབོད་པས། དགེ་བྱེད་ཀྱི་ལོ་སྣྲོན་ཟླའི་དཀར་ཕྱོགས་ཀྱི་རྫོགས་པ་གཉིས་པར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཐུན་མཚམས་ལ་གང་དྲན་ཡི་གེར་བཀོད་པ་དགེ་ལེགས་འཕེལ།། སརྦ་མངྒ་ལམ།། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*