ཁ་བ་གངས་ཅན་པའི་ཆེས་ཐོག་མའི་དཀར་ཟས་རིང་ལུགས་པ་ཁྱུ་གཅིག


རྩོམ་པ་པོ། མཁན་པོ་ངག་དབང་ཤེས་རབ། 

འཛམ་བུའི་གླིང་གི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་ཆུ་ཚད་གོང་མཐོར་འགྲོ་བ་དང་ཆབས་ཅིག་མིའི་རིགས་ཀྱི་ནང་བསམ་པའི་དཔལ་ཡོན་ཡང་གོང་མཐོར་འགྲོ་བ་ནི་ཆེས་དགའ་འོས་པ་ཞིག་རེད། དེས་ན་དམར་ཟས་སྤངས་ཏེ་དཀར་ཟས་ལ་རོལ་མཁན་ཡང་ཉིན་རེ་ལས་མ་འདས་པར་ཇེ་མང་དུ་འགྲོ་བ་དང་། དཀར་ཟས་རོལ་མཁན་ལ་རིགས་གཉིས་ཡོད་པ་སྟེ། གཅིག་ནི་སེམས་ཅན་ཐམས་ཅད་ཕ་མར་བལྟ་བའི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཀུན་ནས་བསླངས་ཏེ་འགྲོ་བ་གཞན་གྱི་ཚེ་སྲོག་ལ་གནོད་མི་སྐྱེལ་བར་ཚེ་སྲོག་འདྲ་མཉམ་དང་། སྡིག་སྤོང་དགེ་སྒྲུབ། གཞན་ཕན་ཚེ་ཐར་སོགས་ནང་བསྟན་ཐེག་པ་ཆེན་པོའི་ཉམས་ལེན་པ་ཞིག་དང་། གཞན་གཅིག་ཤོས་ནི་འཚོ་བའི་ཆ་རྐྱེན་ཚད་ངེས་ཅན་ལོན་པའི་མི་མང་པོ་ཞིག་ནས་གཙོ་བོར་རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་ལ་དམིགས་པ་དང་ཞོར་དུ་ཞི་མཐུན་དང་ཚེ་སྲོག་འདྲ་མཉམ་སོགས་ཡ་རབས་ཀྱི་བཟང་སྤྱོད་ལ་དམིགས་ཏེ་དཀར་ཟས་མཛད་མཁན་ཞིག་དང་རིགས་གཉིས་ཡོད། དེ་ལས་རིགས་དང་པོ་ཐེག་པ་ཆེན་པོའི་ཉམས་ལེན་པ་ཆེས་ཕུལ་དུ་བྱུང་བ། མི་ལོ་871ཙམ་གྱི་ཡར་སྔོན་དུ་ཕེབས་པའི་བོད་ཀྱི་དཀར་ཟས་རིང་ལུགས་པ་ཞིག་ངོ་སྤྲོད་ཞུས་ན།  ཁོང་ནི་ས་སྐྱ་གོང་མ་རྣམ་ལྔའི་ནང་ཚན་རྗེ་བཙུན་གྲགས་པ་རྒྱལ་མཚན་མཆོག་ཡིན། དེ་ཡང་བོད་རབ་བྱུང་གསུམ་པའི་མེ་ཡོས་སྤྱི་ལོ་1147ལོར་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ས་ཆེན་ཀུན་དགའ་སྙིང་པོའི་སྲས་སུ་སྐུ་འཁྲུངས། ས་སྐྱའི་འཇམ་དབྱངས་བདུན་བརྒྱུད་ཅེས་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་བདུན་བརྒྱུད་མར་ཕེབས་པའི་ཡ་གྱལ་ཡིན་པ་དང་། ས་སྐྱ་དཀར་པོ་རྣམ་གསུམ་གྱི་ཡ་གྱལ་ཡང་ཡིན། དགུང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་མེ་བྱི་དབོ་ཟླ་བའི་ཚེས་བཅུ་གཉིས་སྟེ་སྤྱི་ལོ་1216ལོར་བྱང་ཕྱོགས་གསེར་མདོག་ཅན་གྱི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་གསེར་འོད་རྣམ་པར་རྩེན་པའི་བསྟན་པ་ལ་མངོན་པར་སངས་རྒྱས་པའི་བར་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་ལས་སྐབས་སུ་བབ་པ་ཤ་ཆང་གཉིས་ལ་ཆེད་དུ་དགག་པ་མཛད་པའི་ཚུལ་ནི་ཁོང་གི་གསུང་རབ་རྣམ་ཐར་ནང་དགུང་ལོ་བརྒྱད་ལོན་པ་ན་བྱང་སེམས་ཟླ་བ་རྒྱལ་མཚན་ལས་ཚངས་སྤྱོད་ཀྱི་དགེ་བསྙེན་ནོད་དེ། དེ་ཚུན་ཆད་རབ་ཏུ་བྱུང་བ་བས་ཀྱང་བཙུན་པ་དང་། ཐ་མལ་དུ་ཤ་ཆང་ཞལ་ལ་མི་གསོལ་བ་མ་ཟད་ཤ་ཆང་ནན་ཏན་གྱིས་བཀག་སྡོམ་མཛད་པ་ནི། རྗེ་བཙུན་ཉིད་ཀྱིས། དྲན་པ་ཉམས་པའི་ཆང་དང་གཅིག། སྙིང་རྗེ་ཉམས་པའི་ཤ་དང་གཉིས།། གྲགས་པ་ཉམས་པའི་བུད་མེད་གསུམ།། གསུམ་དེ་གསུམ་རྣལ་འབྱོར་གྱི་ཁོང་སྐྲན་ཡིན།། ཞེས་སྐྲན་ནད་གདུག་པ་ཅན་ལྟར་ཤིན་ཏུ་གནོད་པའི་རྒྱུ་ཡིན་པས་སྤངས་དགོས་པར་གསུངས་པ་དང་། རྗེ་བཙུན་ཉིད་ཀྱི་གཟིམ་ཆུང་ནང་ཐ་མལ་དུ་ཤ་ཆང་རྩ་བ་ནས་འགྲོ་ས་མེད་པས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཟིམ་ཆུང་གི་མཚན་ལ་ཡང་དཔལ་ལྡན་ས་སྐྱའི་སྒོ་རུམ་གཟིམས་སྤྱིལ་དཀར་པོ་ཞེས་དུས་ད་ལྟའི་བར་རང་རེའི་བསོད་ནམས་ཀྱི་བཞུགས་པ་འདི་ཉིད་ཡང་དེ་ནས་བྱུང་བ་བཅས་ལས་བོད་ཀྱི་ཆེས་ཐོག་མའི་དཀར་ཟས་རིང་ལུགས་པ་ཡིན་པ་མཚོན་ཐུབ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྔོན་དུ་བོད་ལ་དཀར་ཟས་གནང་མཁན་བྱོན་མ་མྱོང་བར་བཤད་མི་སྤོབས་ན་ཡང་རྗེ་བཙུན་ལྟར་ཤ་ཡི་ཟས་ལ་ཆེད་དུ་དགག་པ་མཛད་མཁན་ནི་ཆེས་དཀོན་པས་ན་དཀར་ཟས་རིང་ལུགས་ཀྱི་ཆེས་ཐོག་མར་གྲུབ་པ་ཡིན།

མི་ལོ་དྲུག་བརྒྱ་ལྷག་གི་ཡར་སྔོན་དུ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་ཧ་ཅང་དོགས་མཐའ་ནས་ཕྱག་ལེན་མཛད་དེ་ཤ་ཆང་ལ་ཆེད་དམིགས་ཀྱིས་དགག་པ་མཛད་ཅིང་ཤ་ཆང་གི་ཉེས་དམིགས་སྟོན་པའི་བསླབ་བྱ་མཛད་པ་དང་།


དུས་རབས་བཅུ་དགུ་པའི་དུས་མཇུག་དང་དུས་རབས་ཉི་ཤུ་པའི་དུས་འགོར་རྫ་དཔལ་སྤྲུལ་རིན་པོ་ཆེ་དང་།

སྒ་ངག་དབང་ལེགས་པ་རིན་པོ་ཆེས་ཤ་ཡི་ཟས་ལ་ཆེད་དུ་དགག་པ་མཛད་དེ་དཔལ་སྤྲུལ་རིན་པོ་ཆེས་མདོ་ཁམས་རྫ་སྟོད་དང་། སྡེ་དགེའི་ཕྱོགས་ལ་དམར་རྒྱུན་གྱི་སྲོལ་བསྣུབས་པ་དང་། འཇམ་མགོན་ངག་དབང་ལེགས་པས་ཀྱང་སྒ་སྟོད་སྐྱེ་དགུའི་ཕྱོགས་སུ་དམར་ལས་ཀྱི་སྲོལ་བསྣུབས་པར་མཛད་ཡོད། དེས་ན་ཁོང་རྣམ་པ་ལྟ་བུ་ནི་བོད་མི་རིགས་ཀྱི་ཆེས་ཐོག་མའི་དཀར་ཟས་རིང་ལུགས་པ་ཡིན་པས་ངོ་མཚར་ཆེ་བའི་མཛད་རྗེས་འདི་དག་ནམ་ཡང་མི་ནུབ་པར་སྨོན་ནོ། ལོ་རེའི་བོད་ཟླ་གཉིས་པའི་ཚེས་བཅུ་གཉིས་ནི་བོད་མཐོ་སྒང་གི་ཆེས་ཐོག་མའི་དཀར་ཟས་རིང་ལུགས་པ། རྡོ་འཛིན་བྱེ་བའི་གཙུག་རྒྱན་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དགོངས་རྫོགས་ལགས་པས་རྣམ་དཀར་དགེ་བའི་ལས་མང་ཙམ་སྒྲུབ་ཐུབ་རྒྱུར་རེ་སྨོན་དང་བཅས་རྟ་ནག་ངག་དབང་ཤེས་རབ་ནས། །

ཡོང་ཁུངས། ས་སྐྱའི་འཕྲིན་སྟེགས་ནས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*