ཚན་རིག་པ་དང་སངས་རྒྱས་པའི་བེམ་རིག་འཇོག་ཚུལ་ལ་དཔྱད་པ་རིག་པའི་རལ་གྲི།


རྩོམ་པོ།  ཚ་བ་ཟླ་བ་རྒྱལ་མཚན།

འུ་ཅག་འགྲོ་བ་ཡོངས་རྫོགས་དེ་འདིའི་རྣམ་བཞག་དང་ས་མཚམས་དབྱེ་བ་ཇི་བཞིན་མ་ཤེས་པ་ལ་བརྟེན་ནས་དཀའ་རྙོག་དང་དགག་སྒྲུབ་བར་མ་ཆད་པར་ཆུ་བོའི་རྒྱུན་ལྟར་དུ་འབྱུང་འདུག་ཡོད་པ་རེད། དེ་ཙམ་དུ་མ་ཟད་སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་འགལ་ཟླ་དང་། ཚན་རིག་དང་ནང་པའི་བར་གྱི་འགལ་འདུ་དང་། མུ་སྟེགས་པ་དང་སངས་རྒྱས་པའི་བར་གྱི་འགལ་བ། ལྷག་ཏུ་དངོས་སྨྲ་བའམ་རྒྱང་འཕེན་པ་དང་སེམས་གཙོ་སྨྲ་བའི་བར་སོགས་འདོད་ཚུལ་མི་མཐུན་པ་ཕལ་མོ་ཆེ་འདིའི་རྣམ་བཞག་འཇོག་སྟངས་ཀྱི་ཕྱོགས་ནས་ཐུག་བསྡད་ཡོད་པ་རེད། སྤྱིར་ནང་པའི་ཚད་མ་རིག་པ་ཁག་གི་གཞི་བརྟེན་ནམ། མ་མ་ལྟ་བུ་དེ་དཔལ་ཕྱོགས་གླང་ཡབ་སྲས་ཀྱི་ཚད་མའི་བསྟན་བཅོས་རྣམས་ལ་ཐུག་བསྡད་ཡོད་པ་རེད་དེ་དག་ནི་སྤྱིར་ཡོངས་ཀྱི་བསམ་བློ་ཞིབ་མོས་དཔྱད་ན་དོན་སྙིང་ལྡན་པ་དང་། དོན་ལ་ཅུང་ཙམ་བརྟག་ན་གོ་རྒྱུ་ཡོད་པ་དེ་བཞིན་གཞན་གྱི་ཕྱོགས་སྔ་དག་གི་བརྒལ་ལན་ཡང་དག་ཅིག་འཕྲོད་བསྡད་ཡོད་པར་ཡིད་ཆེས་ཀྱི་གདིང་བ་ཞིག་སྔར་ནས་གཏིང་ཡོད། འོན་ཀྱང་། ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ།། ཕྱོགས་སྔའི་འབེན་དུ་བྱས་ཏེ་མཚོན་བསྣུན་པའི།། རང་སྡེ་མཁས་པའི་དགྲ་ལྷའི་དཔང་བསྟོད་འདིས།། ཕྱོགས་སྔའི་དགྲ་བོ་ད་དུང་བསད་མ་ཡིན།། ཞེས་གསུངས་ལྟར། རང་ཉིད་ཀྱི་བསམ་བློའི་བུ་གའི་ནང་དུ་མ་ཆུད་པ་དང་། རྣམ་དཔྱོད་རྣམ་པར་ཕྲ་བས་མ་རྟོགས་པའི་དོགས་འདྲི་འགའ་ཞིག་དབང་མེད་དུ་འཆར་རྒྱུ་ཡོད་པ་ནི་རྒྱུན་ལྡན་ཡིན། བྱིངས་ཀྱི་དངོས་པོ་ཞེས་པའི་ཆོས་ཐམས་ཅད་བེམ་པོ་དང་ཤེས་པ་རྣམ་པ་འདིའི་གཉིས་ཀྱི་ནང་དུ་འདུས་པས་དཀའ་རྙོག་ཡོད་ཀྱང་སྲིད་པ་ཞིག་རེད། འདི་ལྟར་སྨྲས་འོང་དུས་མང་པོ་ཞིག་གིས། འོ་ན། ལོ་དང་ཟླ་བ་དུས་ཚོད་དང་དེ་བཞིན་བེམ་པོ་ཡིན་ཟེར་མཐའ་གཅིག་ཏུ་ཐག་གཅོད་མི་ཐུབ་ཅིང་ཤེས་པ་ཡིན་ཟེར་ཡང་ཐག་གཅོད་མི་གཏུབས་པའི་དངོས་པོ་སྤྱི་ལྡོག་པ་མང་པོ་ཞིག དཔེར་ན་དངོས་པོ་དང་མི་རྟག་པའི་སྤྱི་ལྡོག་ཅིག་ཡོད་སྣང་ཡིད་ཡུལ་དུ་རྟོག་པས་བཟོ་ནས་འདི་ཚོ་ཅི་ཞིག་རེད་སྙམ་མཁན་ཡང་མི་ཉུང་བར་ཡོད་པ་རེད། འོན་ཀྱང་དེ་དག་ཐེ་ཚོམ་གྱི་སྡོང་རུལ་བྲེགས་པའི་རལ་གྲི་སོ་རྣོན་ཞིག་མཁས་ཆེན་བསྟན་པ་རབ་རྒྱས་ལགས་ཀྱིས་མཛད་པའི་གནམ་ལྕགས་ཐོག་གི་མདའ་མོའི་ནང་དུ་གསལ་བས་འདིར་ངལ་བ་མི་དགོས་སོ།། མིང་ཙམ་ལ་{བེམ་པོ}{ཤེས་པ}ཟེར་བ་འདི་བརྗོད་སླ་བ་ཙམ་ལས་དོན་དུ་དཀའ་རྙོག་ཆེ་བའི་གནས་ཤིག་རེད། ཡང་ཁག་གཅིག་གིས་བེམ་པོ་དང་ཤེས་པའི་རྣམ་བཞག་མི་ཤེས་པ་ཅི་ཡོད་དེ། རྡུལ་རྫས་བརྒྱད་འདུས་ཀྱི་དངོས་པོ་ཞིག་ལ་བེམ་པོ་དང་། གསལ་ཞིང་རིག་པའི་དངོས་པོ་གཅིག་ལ་ཤེས་པ་ཟེར་བ་རེད་འདིའི་རྣམ་བཞག་འདི་ཅི་ཡང་མི་དཀའ་འོ་སྙམ་པའི་བསམ་བློ་སྐྱིད་པོ་དེ་འདྲ་ཐ་ན་བསྡུས་གྲྭ་ཅུང་ཤེས་མཁན་ཞིག་གི་ཡན་ཆོད་ཀྱི་མཚན་ཉིད་པ་རྣམས་ལ་འཁོར་སྲིད། མཚན་ཉིད་རིག་པ་བ་ཚོས་རིགས་ལམ་སྤྱི་འགྲོའི་རྣམ་བཞག་ཅིག་གི་ཐོག་ནས་ཟེར་སྒྲོས་དང་གླེང་ཕྱོགས་ཤིག་གི་ཐོག་ནས་འགྲོ་བ་ལ་འདིའི་རྣམ་བཞག་དེ་ཙམ་དཀའ་བར་མི་སྣང་ཡང་། འདིའི་དོན་ངོ་མ་ཇི་བཞིན་དུ་རྟོགས་མཁན་དང་ཉམས་སུ་མྱོང་མཁན་ཧ་ཅང་དཀོན་པར་འདོད། རྒྱུ་མཚན་ནི་འདིའི་གཏིང་ཀློང་ན་ཆེས་ཤིན་ཏུ་རྟོགས་དཀའ་བའི་གནས་ཚུལ་མང་པོ་ཞིག་གབ་བསྡད་ཡོད་པ་རེད། དེ་བས། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་དཔལ་ལྡན་ཆོས་ཀྱི་གྲགས་པ་སོགས་ཀྱིས་ཀྱང་གཙོ་བོ་དངོས་པོ་འདི་གཉིས་རྣམ་བཞག་གཏན་ལ་ཕབ་ཚུལ་དུ་དཀའ་ཚེགས་མི་ཉུང་བར་བསྐྱོན་ནས་བསྟན་བཅོས་མང་པོ་བརྩམས་གནང་ཡོད་པ་རེད། ང་ཚོའི་དེ་དག་རྣམས་ཀྱིས་གསུངས་བཞག་པའི་ཡུལ་ཤེས་བྱ་དེར་ཡུལ་ཅན་འཕྲད་ཚུལ་ལ་སོགས་ལ་མཚོན་བྱ་དང་མཚོན་བྱེད་ངོ་བོ་རྣམ་པ་སོགས་རྗེས་ཟློས་ཤེས་མ་ཤེས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། མི་རུང་དང་མི་ཉན་བསམ་པ་ཁོ་ནས་སྔོན་གྱི་བཤད་སྲོལ་ཙམ་གྱི་རྗེས་སུ་རྒྱུགས་རྐྱང་བྱེད་པ་ལས་བཀའ་རྒྱ་བཙན་པོ་ཞིག་གིས་སྟེང་ནས་གནོན་ཏེ། གཞུང་ལུགས་གང་ཡིན་ཡང་དོགས་འདྲི་དང་དོགས་དཔྱོད་དེ་བཞིན་རིག་པའི་ལམ་ནས་དཔྱད་བསྡུར་བྱེད་མི་ཐུབ་པ་ནི་མཚན་ཉིད་པ་རྣམ་གི་གྲས་སུ་འགྲོ་ཐུབ་པ་མ་རེད། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། གཞན་གྱིས་སྒྲོས་དང་འགལ་གྱིས་དོགས་པའི་ཞུམ་པ་ཆེར་བྱས་ཚེ། ཤེས་རབ་འཕེལ་ནུས་པའི་གོ་བ་ཡང་མི་སྐྱེད་ཅིང་། ཞེས་གསུངས་པ་བཞིན་ནོ།། འདི་ལྟར་བཤད་དུས་ཡང་ཁག་གཅིག་གིས་དེ་ལྟར་རྗེས་བརྗོད་བྱེད་པ་ཙམ་མ་ཡིན་པར་ང་རང་གིས་བློ་རྟོག་པས་ཚང་མ་ཤེས་ཀྱི་ཡོད་སྙམ་སྐྱེ་མཁན་ཡོང་སྲིད་པ་རེད། དེ་ཡང་བསམ་བློ་ཞིབ་ཏུ་དཔྱད་ན་རྟོགས་མེད་པར་སེམས། དཔེར་ན། ཚད་མ་རྣམ་འགྲེལ་གྱི་སྐབས་སུ། རང་ལས་རང་གི་ངོ་བོ་རྟོགས།། ཞེས་པའི་ཚིག་འདི་གཅིག་པུ་ལ་ཆ་བཞག་ན། འདིའི་སྐབས་སུ་གང་ཞིག་བསྟན་པ་རེད་ཅེ་ན། ཤེས་པ་ཞིག་ཡིན་ནས་བཟུང་སྟེ་ཤེས་པ་དེའི་རང་གི་ངོ་བོ་ཤེས་ཤིང་རང་ཉིད་ཀྱིས་གསལ་བར་ཉམས་སུ་མྱོང་བའི་སྒོ་ནས་རྟོགས་ཡོད་པ་རེད་ཅེས་གསུངས་པ་དེར། འོ་ན་དེ་ལྟར་ཁྱོད་ཉིད་ཀྱིས་ཟེར་སྒྲོས་ཙམ་མ་ཡིན་པར་རང་ཉིད་ཀྱིས་རྒྱུད་ལ་ཡོད་པའི་ཤེས་པ་ཞེས་པའི་དོན་དེའི་ཆ་ཤས་སེམས་བྱུང་སོགས་དཔེར་ན་འདོད་ཆགས་ཞེ་སྡང་དག་རང་རང་གི་ངོ་བོ་རང་རང་གིས་ཤེས་པ་ཞིག་ཇི་ལྟར་ཉམས་སུ་མྱོང་བའི་སྒོ་ནས་རྟོགས་པ་ཤེས་སམ། ཞེ་ན། ལན་གང་འདྲ་ཞིག་འདེབས་རྒྱུ་རེད། གཅིག་བྱས་ན་རང་ཉིད་ཀྱི་བཤད་མི་ཤེས་པའི་ཚོར་བ་སྨྲ་མེད་ཅིག་བྱིས་པས་ལྷ་ཁང་མཐོང་བ་བཞིན་དུ་འབྱུང་གི་འདུག་ཅེས་སྨྲ་ནའང་ཐང་། དེ་བཞིན་ཤེས་པའི་ངོ་བོ་ནི་གསལ་ཞིང་རིག་པ་འདོད་མཁན་དང་ཡུལ་རིག་པ་འདོད་པ་ཅི་རིགས་པ་བྱུང་་ཡོད། གསལ་ཞིང་རིག་ཅེས་པ་དེ་ནི་ཁས་སྨྲ་བདེ་བ་དང་ནམ་རྒྱུན་རྟོགས་པ་ལ་གསལ་ཞིང་རིག་པ་ཞེས་པ་ནི་ཤེས་པའི་མཚན་ཉིད་ཡིན་པར་རློམ་བདེ་མོ་ཞིག་རེད་ཀྱང་། འོན་ཀྱང་དོན་ངོ་མའི་ཤེས་པས་ཡུལ་ཚང་མ་གསལ་ཞིང་རིག་ཚུལ་ནི་དཔེར་ན། རྟོག་བཅས་དང་རྟོག་མེད་རྣམ་པ་གཉིས་སུ་ཕྱེས་ཏེ། རྟོག་མེད་དུ་འབོད་པའི་དཔེར་ན་མིག་ཤེས་དེ་ཉིད་ཀྱིས་གཟུགས་དང་རྣ་ཤེས་ཀྱི་སྒྲ་སྣ་ཤེས་ཀྱི་དྲི་ལྕེ་ཤེས་ཀྱི་རོ་ལུས་ཤེས་ཀྱིས་རེག་བྱ་དེ་དག་མྱོང་བ་རིག་པ་ལ་ཅུང་ཙམ་གསལ་བའི་སྒོ་ནས་མིག་གིས་གཟུགས་མཐོང་བ་དང་སྣས་དྲི་ཚོར་བ་སོགས་ལ་རིག་ཅེས་པའི་ཐ་སྙད་དེ་ཅུང་སྦྱར་བདེ་བར་སྣང་། དེ་ཡང་ཞིབ་ཏུ་དཔྱད་ན་མིག་གི་དབང་པོའམ་ཕྱི་ལོགས་ནས་ཁྲ་ཁྱུག་ཁྱུག་ལྟར་གྱི་མིག་རྡོག་འདིས་མཐོང་གི་ཡོད་པ་དང་། དེའི་ནང་ལོགས་སུ་མིག་ཤེས་ཞེས་པ་ཞིག་གིས་མཐོང་གི་ཡོད་པའང་སོ་སོར་འབྱེད་ཐུབ་ཀྱི་མེད་པ་རེད། དེ་ལས་ཀྱང་ཆེས་ཤིན་ཏུ་དཀའ་བ་ནི་འདི་ལྟ་སྟེ། ཤེས་པའི་ཆ་ཤས་རྟོག་པ་ཞེས་པའི་བློ་དེ་དག་གིས་ཡུལ་དེ་ཉིད་གསལ་བར་རིག་ཚུལ་ནི་རྩ་བའི་ཆ་ནས་བཤད་རྒྱུ་མེད་པ་རེད། འདིའི་ཐད་ལ་དངོས་ཁམས་ཚན་རིག་དང་རྒྱང་འཕེན་པ་སོགས་དང་འགལ་ཟླ་ཙམ་མ་ཡིན་པར་བོད་རང་གི་ནང་པའི་གཞུང་ལུགས་སུ་ཡང་འགལ་འདུ་ཡོད་པ་དེ་རེད། དཔེར་ན། འགའ་ཞིག་གིས་འདིའི་སྐབས་སུ་འདི་ལྟར་ཤར་ཏེ་སྔོན་ལ་མཐོང་མྱོང་བའི་བུམ་པ་ཞིག་རྗེས་ནས་གསལ་བར་དྲན་པ་ཡོད་པ་རེད་དེ་བས། རྟོག་པ་ཡུལ་དེ་དག་གསལ་བར་རིག་ཅེས་སྨྲ་བའང་འབྱུང་གི་ཡོད་པ་རེད། འོན་ཀྱང་གསལ་བར་རིག་མེད་པ་གང་གིས་ཤེས་ཞེ་ན་ཡུལ་ཅན་གསལ་བར་རིག་བྱེད་ཁོ་རང་གང་དུ་ཡོད་པ་རྩ་བས་ཤེས་མེད་པས།.དེས་ཡུལ་ཞིག་གསལ་བར་རིག་མི་ནུས་པ་དོན་གྱིས་ཧ་གོ་བར་འདོད་དོ།། དེ་སྔོན་གནའ་བོའི་ཕྱོགས་སྔ་ལ། རྣམ་ཤེས་ཞེས་པ་ལུས་ཀྱི་ཆ་ཤས་སམ་ལུས་ཀྱི་ནུས་པ་སྟེ་དཔེར་ན་ཆང་གི་སྦང་མ་དང་ཆང་ནང་བཞིན་གྱང་དང་གྱང་གི་རི་མོ་བཞིན་སོགས་མང་པོ་བསྟན་ཡོད་པ་དང་། མཆོངས་དང་དྲོད་སོགས་ཇི་བཞིན་དུ།། ཞེས་སོགས་ཀྱི་སྐབས་ལ་ལན་དུ་རྣམ་ཤེས་ཞེས་པ་དེ་གཟུགས་ཅན་གྱི་དངོས་པོ་དག་དང་མི་མཚུངས་པར་ཡོན་ཏན་མཐའ་མེད་འཕེལ་བ་ཡོད་གསུངས་པ་དེར། གནའ་བོའི་ཕྱོགས་སྔ་གཞན་གྱིས་ཅི་ཙམ་མཆོངས་བའི་རྩལ་ཡོད་ཀྱང་འཕུར་འགྲོ་བ་དང་། ཆུ་ཁོལ་ལ་དྲོད་ཅི་ཙམ་ཆེ་ཡང་མེ་རུ་འབར་བ་མི་སྲིད་པ་སོགས་ཀྱང་། མདོར་བསྡུས་ན་ཤེས་པ་ཞེས་པ་དེའི་གནས་ལུགས་མ་གཏོགས་པས་རེད། འགའ་ཞིག་གིས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་རེད་ཅེས་སྨྲ་ཡང་དོན་ལ་གནས་པར་མི་སེམས་ཏེ་རང་གི་བློའམ་ཤེས་པ་དེ་དོན་ངོ་མ་གང་འདྲ་ཞིག་ཡིན་པ་ཤེས་མི་ནུས་སོ།། དེ་སང་ཚན་རིག་པ་འགས་བཤད་པ་ལྟར་ན། ཀླད་ཆེན་ནང་གི་ཀླད་པའི་དབང་རྩའམ་རྩ་ཕྲན་རྣམས་ཀྱི་བྱེད་ལས་ལ་བརྟེན་ནས་ཡུལ་དེ་ཉིད་ཧ་གོ་བའམ་འཛིན་པར་བྱེད་པ་ལས། གསལ་དྭངས་དྭངས་ཀྱི་རིག་པ་ཞིག་མེད་པར་སྨྲ་བ་དང་། ཡང་འགའ་ཞིག་གིས། རྒན་དར་གཞོན་གསུམ་ལ་རྣམ་ཤེས་ཡོད་པ་འདྲ་ཡང་རྣམ་ཤེས་ཀྱི་བྱེད་ལས་མི་མཚུངས་པས་འབྱུང་བ་ས་སོགས་ལ་མི་མངོན་པར་དེའི་ཀློང་དུ་ཡོད་པར་འདོད་པ་གནའ་བོའི་ཕྱོགས་སྔ་རྣམས་དང་མཐུན་པར་ཡོད། ཡང་འདི་ལྟར་ཤེས་དགོས་གནའ་བོའི་མུ་སྟེགས་པ་དང་དེང་སང་གི་ཚན་རིག་པ་ཡོངས་རྫོགས་ཀྱིས་རྣམ་ཤེས་དང་བེམ་པོ་གཉིས་རྫས་གཅིག་གམ། ཡང་ན་རྣམ་ཤེས་ཀྱི་བྱེད་ལས་ཚང་མ་ཀླད་པའི་རྩ་ཕྲན་ལས་བྱུང་བར་འདོད་དམ་ཞེ་ན་དེ་ལྟར་མིན་ཏེ། དུས་རབས་བཅུ་བདུན་པའི་ཚན་རིག་གི་མཁས་དབང་ཌེས་ཀར་ཊི་ཡིས། ཤེས་པ་ནི་ཀླད་པ་མིན་པ་དང་། ཤེས་པའི་བྱེད་ལས་ནི་དབང་རྩའི་བྱེད་ལས་མིན་པར། ཀླད་པ་ནི་ཤེས་པ་རྟེན་སའི་གནས་སམ་ཁང་པ་ལྟ་བུ་ཞིག་ཏུ་འདོད་ཀྱི་ཡོད་པ་རེད་ཟེར། གང་ལྟར་ནང་ཆོས་དང་ཚན་རིག་གཉིས་ཀའི་རིག་པའི་ཆ་ནས་ཅུང་ཙམ་བསམ་གཞིགས་བྱས་ན། ཤེས་པ་ནི་ཀླད་པའི་རྩ་ཕྲན་དག་དང་རྫས་གཅིག་དང་ཡང་ན་ཤེས་པ་ཀླད་པའི་རྩ་ཕྲན་གྱི་ངོ་བོ་མ་ཡིན་པ་ཤེས་པར་འདོད་དེ། གལ་སྲིད་ཀླད་པ་ཤེས་པའི་བྱས་ལས་སམ་རྣམ་དཔྱོད་ཆེ་ཆུང་དེ་གཟུགས་ཅན་གྱི་དངོས་པས་ལས་བྱུང་བ་ཡིན་ན། ཤེས་ཡོན་ཅན་གྱི་ཀླད་པའམ་བསམ་བློའི་འཁོར་སྤྱོད་ཆེ་བའི་མི་དག་གི་ཀླད་པ་དང་ཀླད་པའི་རྩ་ཕྲན་རྣམས་གཞན་བསམ་བློའི་འཁོར་སྤྱོད་ཆུང་བའི་བླུན་པོ་དག་ལས། ཀླད་ཆེན་དང་རྩ་ཕྲན་རྣམས་ཁྱད་པར་བ་ཞིག་ཡོད་དགོས་པ་ཤེས་གསལ་རེད། དཔེར་ན་ལུས་ཀྱི་སྒྱུ་རྩལ་ཆེ་བའི་མི་དང་མི་སྤྱིར་བཏང་པ་རྣམས་ཀྱི་ལུས་གཟུགས་མི་མཚུངས་པ་བཞིན་ནོ།། འདིར་དབང་རྩ་སྤྱིན་རྒྱུ་ཕྲ་ཕུང་ཅི་ཙམ་མང་ན་རིག་པ་དེ་ཙམ་རྣོ་བར་འདོད་ཀྱང་། དེ་ཡང་ངེས་པ་མེད་པ་ནི་དཔེར་ན་འཛམ་གླིང་ན་ཆེས་སྐད་གྲགས་ཆེ་བའི་མཁས་དབང་ཨེ་ཡན་སི་ཐན་གྱི་ཀླད་པ་ལ་ཡང་མི་སྤྱིར་བཏང་བ་ལས་གཞན་གང་ཡང་མི་འདུག་ཅེས་བཤད་པ་རེད། དེ་ཡང་། ཨ་རིའི་ཉིག་ཡོག་ཕེ་སི་སློབ་ཆེན(Pace University)གྱི་སེམས་ཁམས་རིག་པ་བ་ཐེ་ལན་སི་ཧེན་སིས་ཚེས14ཉིན་རིག་གཞུང་དུས་དེབ《ཀླད་ཆེན་དང་གོ་རྟོགས》སུ་བཀོད་པ་ལྟར་ན། ཨེན་སི་ཐན་གྱི་ཀླད་ཆེན་གྱི་ཕྲ་ཆུང་དང་གྲུབ་ཚུལ་གང་ཐད་ནས་ཁྱད་པར་བ་ཅི་ཡང་མི་འདུག་ཅེས་བཤད་པའོ།། སྤྱིར་བཏང་ནང་པས་སྐྱེ་བ་སྔ་ཕྱི་སྒྲུབ་པའི་སྐབས་སུ་གོམས་པ་སྔོན་སོང་གི་རྟགས་ཀྱིས་སྒྲུབ་པ་ཞིག་ཡོད་པ་རེད། དེ་ལ་དཔེར་ན་སྔོན་གོམས་པའི་སྟོབས་ཀྱིས་ཕྱིས་སུ་དེ་ཉིད་སླར་ཡང་དྲན་གསོའི་ཚུལ་དུ་ཡོང་བ་རེད་ཅེས་བཤད་ཡོད་པ་རེད།  དཔེར་ན། བེའུ་སོགས་སྔར་བེའུའི་ལུས་བླངས་ནས་རང་གི་མའི་འོ་མ་སོགས་ནུ་མྱོང་བ་ལ་བརྟེན་ནས་བེའུ་སྐྱེ་མ་ཐག་པ་ནས་རང་གི་མའི་འོ་མ་ནུ་འདོད་ཀྱི་གོམས་པ་དེ་སྐྱེ་བ་སྔོན་མ་ནས་གོམས་པའི་སྟོབས་ཀྱིས་བྱུང་བར་འདོད། འདི་ལ་ཡང་དེ་སྔོན་བོད་ནང་ནས་རྩོད་རྙོག་མང་པོ་བྱུང་བ་རེད། འགའ་ཞིག་འདི་ལྟར་སྨྲ་སྟེ་གལ་སྲིད་རང་ཉིད་སྐྱེ་བ་སྔོན་མར་བེའུ་ལུས་བླངས་མྱོང་བས་ཕྱིས་བེའུ་ལུས་སུ་སྐྱེ་མ་ཐག་པར་དེ་ཉིད་དྲན་ཡོང་པ་ཡིན་ན། འོ་ན་བེའུ་ལུས་སུ་སྐྱེས་པའི་བེའུ་དེ་ཉིད་བྱ་ལ་སོགས་པའི་ལུས་བླངས་མྱངས་པས་བྱ་སོགས་ཀྱི་སྤྱོད་ལམ་དེ་ཉིད་དེའི་སྐབས་སུ་མི་དྲན་པའི་རྒྱུ་མཚན་གང་ཞེས་པའི་དོགས་འདྲི་ལ། འདི་ལྟར་ལན་ཞིག་བཏབ་ཡོད་པ་མཐོང་མྱོང་དེ་དང་མཚུངས་པ་མ་རེད་ཟེར། དཔེར་ན། མི་ཞིག་ཤར་ཕྱོགས་ཀྱི་ཁང་པ་གཅིག་དང་ནུབ་ཕྱོགས་ཀྱི་ཁང་པ་གཉིས་ཀའི་ནང་དུ་དེ་སྔོན་འགྲོ་མྱོང་བ་ལ། ཤར་ཕྱོགས་ཀྱི་ཁང་པ་ནང་དུ་སླར་ཡང་འགྲོ་སྐབས་སྔོན་ཁང་པ་དེའི་ནང་དུ་སོང་བ་དྲན་གསོ་བྱེད་པ་ལས། ནུབ་ཕྱོགས་ཀྱི་ཁང་པ་དེའི་ནང་དུ་སྔར་འགྲོ་མྱོང་ཡོད་ཀྱང་དེའི་སྐབས་སུ་དྲན་པ་མེད་པ་ལྟ་བུ་རེད་ཅེས་མཐོང་མྱོང་ཡོད། འདིའི་ཚིག་ཇི་བཞིན་དུ་ངས་སྔར་མཐོང་མྱོང་བ་དེ་དང་རེད་ཡོད་མིན་མི་ཤེས་སོ།། དེ་བཞིན་ཚན་རིག་པ་ཁག་འགའ་ཞིག་གིས་འདི་ལྟར་བཤད་པ་ཞིག་ཀྱང་མཐོང་སྟེ། སྐྱེས་ནས་ཉིན་ཤས་ལས་མ་སོང་བའི་བྱིས་པ་ཚོས་ཀྱང་རང་གི་ཡུལ་སྐད་ཀྱི་གདངས་དང་མཚུངས་པའི་ཐོག་ནས་ངུ་སྒྲ་འབྱིན་ཤེས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང། ཉམས་ཞིབ་མཁན་ཚོས་ནུས་པ་འདི་ནི་མ་ཡི་མངལ་གྱི་སྐབས་སུ་སྦྱོང་རྡར་བྱུང་བ་ཞིག་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད། སྐྱེས་ནས་བདུན་ཕྲག་གཅིག་ཀྱང་མ་ཕྱིན་པའི་ཕྲུ་གུ་ཚོས་སྨྲ་བརྗོད་མི་ཤེས་ཀྱང་རང་གི་ཡུལ་སྐད་ཀྱི་སྒྲ་གདངས་དང་མཚུངས་པའི་ངུ་སྒྲ་འབྱིན་ཐུབ་ཀྱིཡོད། སྤྱིར་སྐད་ཀྱི་སྒྲ་གདངས་དངོས་སུ་འདོན་ཤེས་པར་བདུན་ཕྲག་བཅུ་གཉིས་ཙམ་འགོར་གྱི་ཡོད། ལོ་ན་དེ་ལས་ཆུང་བའི་བྱིས་པ་ཚོས་རང་གི་མགྲིན་པར་སྟངས་འཛིན་བྱེད་མི་ཤེས་ལ་སྒྲ་བྱེ་བྲག་ཅིག་སྐྲུན་པར་ཁ་སྒོའི་བཟོ་དབྱིབས་སྟངས་འཛིན་བྱེད་པའི་ཤ་རྒྱུས་ཀྱི་ནུས་པ་ལོན་མེད། ཉེ་དུས་ཉམས་ཞིབ་པ་ཁག་ཅིག་གིས། བཙས་མ་ཐག་པའི་འཇར་མན་གྱི་བྱིས་པ་སུམ་ཅུ་དང་ཕྷེ་རེན་སིའི་བྱིས་པ་སུམ་ཅུ་ལ་བརྟག་དཔྱད་ཞིག་བྱས་པ་དང་། དེ་ཡང་བྱིས་པ་དེ་དག་གྲོད་ཁོག་ལྟོག་པའི་སྐབས་སུ་ངུ་སྒྲ་འབྱིན་ཚུལ་སྒྲ་སྡུད་ནང་བཅུག་ནས་དེའི་སྒྲ་གདངས་ལ་བརྟག་དཔྱད་བྱེད་སྐབས། འཇར་མན་གྱི་བྱིས་པ་ཚོས་ངུ་སྒྲ་འབྱིན་ཚུལ་དང་ཕྷེ་རེན་སིའི་བྱིས་པ་ཚོའི་ངུ་སྒྲ་འབྱིན་ཚུལ་གྱི་བར་ལ་སྒྲ་གདངས་ཀྱི་ཁྱད་པར་ཆེན་པོ་ཡོད་པ་དང། རྗེས་སོར་དཔྱད་ཞིབ་རིམ་པར་བྱེད་སྐབས་ཕྷེ་རེན་སིའི་བྱིས་པ་ཚོས་ཐོག་མར་ངུ་སྒྲའི་སྒྲ་གདངས་དམའ་བ་ཞིག་ནས་རིམ་གྱིས་སྒྲ་གདངས་ཇི་མཐོར་གཏོང་གི་ཡོད་ཀྱང་འཇར་མན་གྱི་བྱིས་པ་ཚོས་དེ་ལས་ལྡོག་ཏེ། ཐོག་མར་སྒྲ་གདངས་ཤིན་ཏུ་མཐོ་བ་ཞིག་ནས་རིམ་གྱིས་སྐད་ཤུགས་ཇེ་ཆུང་དུ་གཏོང་གི་ཡོད། དེ་ནི་རྒྱུན་ལྡན་ཡུལ་ལུང་དེ་གཉིས་ཀྱི་སྐད་ཆའི་འགྲོས་དང་མཐུན་པ་ཞིག་ཏེ། འཇར་མན་བ་ཚོས་སྐད་ཀྱི་རང་གཤིས་སུ་སྐད་ཆ་གང་བཤད་ཀྱང་ཐོག་མར་སྒྲ་མཐོ་བ་ཞིག་ནས་རིམ་གྱིས་དམའ་རུ་འགྲོ་བ་དང་ཕྷེ་རེན་སའི་མི་ཚོས་ཐོག་མར་སྐད་གདངས་དམའ་བ་ཞིག་ནས་འགོ་བཙུག་ནས་རིམ་བཞིན་ཇེ་མཐོར་གཏོང་གི་ཡོད། དེ་ནི་ཡུལ་སྐད་འདི་གཉིས་ངག་ནས་བརྗོད་པའི་སྐབས་སུ་ཐུན་མོང་མ་ཡིན་པའི་གདངས་ཀྱི་འགྱུར་འགྲོས་ཤིག་ཆགས་ཡོད། འོ་ན་བྱིས་པ་དེ་དག་སྐྱེས་ནས་ཉིན་ཤས་ལས་སོང་མེད་པས་ཁྱད་ཆོས་འདི་འདྲ་ཞིག་གོམས་འདྲིས་བསྟེན་པའི་དུས་ཚོད་ག་དུས་བྱུང་བ་རེད་དམ་ཞེ་ན། ཚན་རིག་པ་ཚོས། བྱིས་པ་དེ་དག་མ་ཡི་མངལ་དུ་ཟླ་ངོ་གསུམ་ཙམ་ལོན་པའི་སྐབས་ནས་མ་ཡི་ངག་གི་བརྗོད་པའི་ཚིག་རྩ་ཟིན་མི་ཐུབ་ཀྱང་ཚིག་གྲུབ་གཅིག་གི་གཞི་རྩའི་གོ་རིམ་དང་སྒྲ་གདངས་འགྱུར་འགྲོས་ཐོས་ཐུབ་པ་དང་་དེར་ཡུན་རིང་གོམས་འདྲིས་བྱུང་བ་ལ་བརྟེན་ནས་རྗེས་སུ་སྒྲ་གདངས་དེ་དང་མཐུན་པའི་ངུ་སྒྲ་འབྱིན་ཤེས་ལུགས་བཤད་ཀྱི་ཡོད། ཅེས་སོ།། གལ་སྲིད་འུ་ཅག་ནང་པ་བ་ཞིག་ཡིན་ན་སྐྱེ་བ་སྔོན་མར་དེའི་ཡུལ་ལྗོངས་དེར་སྐྱེས་ནས་སྐད་གོ་མྱོང་བའི་སྟོབས་ཀྱིས་རེད་ཅེས་བཤད་ན་ཐང་། དཔེར་ན་སྐྱེ་བ་སྔོན་མར་ཡུལ་གང་ལ་ཞེན་ན་ཕྱིས་སུ་ཡང་དེའི་ཕྱོགས་སུ་འཁོར་བཤད་པ་རེད། དེ་ཡང་ཕལ་ཆེར་ཡིན་ན་ཐང་སྟེ་སྤྲུལ་སྐུའི་རྣམ་པའི་ཡང་སྲིད་དེ་བོད་སར་སྐྱེ་ཞིང་བོད་ས་ནས་འདས་པར། སླར་ཡང་བོད་ཡུལ་ཁོ་ནར་འཁྲུངས་པ་མ་གཏོགས་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་འཁྲུངས་མྱོང་བའི་ལོ་རྒྱུས་མེད་པ་རེད། གཅིག་བྱས་ན་རྣམ་ཤེས་དེ་ཉིད་ཡུལ་ལྗོངས་གཞན་ལ་ས་ཐག་རིང་བས་མི་ཕྱིན་པས་སླར་ཡང་འཁོར་བ་ཡིན་ཡང་སྲིད་ཨ་ལ་ཀུ་རེ་ཙམ།  ཤེས་པ་ཞེས་པ་དེ་འབྱུང་ཁུངས་ཀྱི་ཆ་ནས་གནའ་བོའི་ཕྱོགས་སྔ་དག་ལས། བློ་ནི་ལུས་ལ་བརྟེན་པའི་ཕྱིར།། ལ་སོགས་པའི་སྐབས་སུ་བློའམ་ཤེས་པ་དེ་ཉིད་ཐོག་མར་འབྱུང་སའི་རྫས་རྒྱུན་རྒྱུ་ལ་ཡང་དཀའ་རྙོག་ཤིན་ཏུ་མང་། དེ་བཞིན་སྐྱེ་བ་འཕྲེང་བརྒྱུད་ཀྱི་ལྟ་བ་ཡོད་མིན་ཡང་འདིའི་གོ་བ་ལེན་ཕྱོགས་ནས་འགྲོ་བཞིན་ཡོད་པ་རེད། གནའ་བོའི་ཕྱོགས་སྔས་རྣམ་ཤེས་དང་ཚེ་སྲོག་འདི་དག་ནི་རང་རང་གི་རྒྱུ་འབྱུང་བ་དང་ཕ་མའི་ཐིག་ལེ་དཀར་དམར་ལ་བརྟེན་ནས་ཚེ་སྲོག་དང་རྣམ་ཤེས་ཀྱི་འགོ་དེ་ནས་བཟུང་བར་འདོད་པ་ལ། རྣམ་ཤེས་མིན་པའི་རྣམ་ཤེས་ཀྱིས།། ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ།། ཅེས་པའང་དེའི་ཕྱིར་བྱུང་བ་ཡིན་པས། ཡར་དེད་ན་འཁོར་བ་ལ་ཐོག་མ་ཡོད་མིན་ཡང་འདིའི་གནད་དུ་ཐུག་ཡོད། དེ་ཙམ་མ་ཟད་ཆོས་ལུགས་ཕལ་མོ་ཆེ་དང་ནང་པའི་ལྟ་གྲུབ་ཀྱི་གཞི་རྩ་ཡང་སྐྱེ་བ་འཕྲེང་བརྒྱུད་དུ་འདོད་པ་ལ་ཐུག་ཡོད། འདི་ལ་ད་སྐབས་ཚན་རིག་པ་དང་་མི་མཐུན་ས་ནས། རང་བྱུང་འདེམས་སྒྲུག་གི་འཕེལ་འགྱུར་རིག་པའི་ལྟ་བ་བཤད་སྐབས། ལྟ་བ་འདི་ནམ་ཙམ་བྱུང་མིན་ལ་བོད་འགྱུར་ཁག་ནང་ཅུང་མི་མཐུན་པར་སྣང་ཡང་། འདི་ནི1859ལོར། ཏཱ་ཨེར་ཝུ་(Chares Darwin)1809.02.12—1882.04.19ཁོང་གིས་འཕེལ་འགྱུར་སྨྲ་བའི་ལྟ་ཚུལ་བཏོན་ནས་དབུ་བརྙེས་པར་བཤད། འདི་ལ་རྣམ་པ་ལྔ་ཙམ་བཤད་ཚོད་འདུག་སྟེ། ཐོག་མའི་འཇིག་རྟེན་འཕེལ་རིམ། སྐར་མའི་འཕེལ་རིམ། རྫས་ཀྱི་འཕེལ་རིམ། སྒྱུ་སྐར་རམ་གཟའ་ཡི་འཕེལ་རམ། སྐྱེ་ལྡན་གྱི་འཕེལ་རིམ་ཏེ་རྣམ་པ་ལྔ་ལས།
རྡུལ་མང་ཚོགས་པའི་སྟོབས་ཀྱིས་དངོས་པོ་རགས་པ་འབྱུང་བར་འདོད་ཅིང་དེ་བཞིན། རྣམ་ཤེས་སམ་ཚེ་སྲོག་ནི་ཐོག་མར་དེ་ཉིད་གྲུབ་བྱེད་རྡུལ་འདུས་པ་ལས་བྱུང་བར་བཤད་དེ། ཚན་རིག་གི་རྣམ་བཤད་ལས། དེ་ཡང་། ཚེ་སྲོག་གི་འབྱུང་ཁུངས་གང་ཡིན་ནམ། ཞེས་པའི་དྲི་བ་འདིས་དྲངས་ཏེ། དཔྱོད་ཞིབ་པ་ཚོས་ཀླད་རྩའི་དྲ་བ་མ་རལ་བར་དུ་ཉམས་ཞིབ་དང་ཚོད་ལྟ་བྱས་པས། ཁོ་ཚོས་མཐའ་སྡོམ་ཅི་ཞིག་རྙེད་མིན་དང་། འཆར་དོན་ཇི་ལྟར་འགྲེལ་མིན་དེ་དག་སྤོམ་བཤད་ཙམ་བྱས་ནས་འཇོག་པར་རེ་རེ་བཞིན་འདིར་འབྲི་ན། སྤྱི་ལོ། 1920ལོར་འཆར་དོན་ཚད་རྩིས་སྨྲ་བ་ཨོ་པ་རིན་(Aleksandroparin)དང་། ཇོན་ཧེལ་དཱེགཉིས་(John Haldane)ཀྱིས། གདོད་མའི་དུས་སྐབས་ཀྱི་མཚོ་ནི་ཉི་མའི་ནུས་ཤུགས་ཀྱི་བརྒྱུད་ནས་སྐྱེ་ལྡན་བཟོ་བསྐྲུན་བྱེད་སའི་བཟོ་གྲྭ་ལྟ་བུར་གྱུར་ཡོད་ལ། སྐབས་དེའི་རླུང་ཁམས་ནི་འཚོ་རླུང་གིས་སྟོང་ཞིང་། ནག་རྫས་འབར་རླངས། ཟེ་ཚའི་རླངས་རླུང་(Ammonia)།སྨུག་ཕྱིའི་འོད། (Ultraviolet radiation)བཅས་ལ་འབྲེལ་སྦྱོར་ལས། སྐྱེ་ལྡན་འདུས་རྡུལ་(or-ganic compound)བྱུང་བ་དང་། མཚོ་དེ་ནི་སྐྱེ་ལྡན་གྲུབ་རྫས་གཉིས་འདུས་དང་། སྐྱེ་ལྡན་གྲུབ་རྫས་ཁེར་འདུས་ཅན་དུ་འགྱུར་ཞིང་། དེ་ལ་ཧེལ་ཌེན་(John Haldane)གྱིས། སྔོན་འགྲོའི་སྐྱེ་ལྡན་གྱི་ཁུ་བ་(Prebiotic soup)ཞེས་བརྗོད་ཅིང་། ཁོང་གཉིས་ཀྱི་ལྟ་ཚུལ་དེ་ནི་ནུས་པ་ལྡན་པའི་སྐྱེ་ལྡན་གྱི་ཐོག་མའི་འབྱུང་ཁུངས་ཀྱི་མཚོན་རྟགས་སུ་གྱུར། ཞེས་དང་། དེ་བཞིན་ད་དུང་སྐྱེ་དངོས་འཕེལ་འགྱུར་རིག་པས་དཔྱད་ཞིབ་བྱས་པ་ལྟར་ན་འཛམ་བུ་གླིང་འདིའི་ལ་ཡོད་པའི་སྐྱེ་དངོས་ཡོད་ཚད་རྩ་རྫས་ལས་གྲུབ་ཅིང་། དེ་ཐོག་མར་ཆེས་ཤིན་ཏུ་ཕྲ་བའི་མེས་པོ་གཅིག་རྐྱང་ལས་འདུས་སྙིང་རྒྱ་བསྐྱེད་ནས་རིམ་གྱིམ་འཕེལ་བར་འགྱུར་ནས་དུས་ཡུན་ཐུང་ཐུང་ནང་དུ་བྱུང་ཞིང་། མེས་པོའི་གཅིག་རྐྱང་ལས་དུས་དང་། བར་སྣང་། བེམ་གཟུགས་གསུམ་བྱུང་བར་བསྟན་ཡོད། དེ་བཞིན་ད་དུང་། རྣམ་བཤད་ལས། (Austria)ཨོས་ཊི་ནས་ཡིན་པའི་ཡེ་ཤུའི་གྲྭ་པ་མེན་ཌལ་ཞེས་པ་དེས་སྲན་མའི་རྩི་ཤིང་བཞི་ནས་གཅིག་ལ་རིགས་བརྒྱུད་བསྐྱེད་ནུས་པའི་སྦུག་ཕྲནཨ་ལེལ་རེ་ཡོད་པ་དང་། བཞི་ནས་གཉིས་ནི་འདྲེས་མའམ་ཕུང་གསུམ་པ་ཡིན་ཞིང་། གཅིག་ནི་རིགས་བརྒྱུད་བསྐྱེད་པའི་ནུས་ཤུགས་ཆེ་བ་ཡོད་པར་རྙེད། ཅེས་པའང་ཡོད། ཡང་སྤྱིར་ན་བོད་འདི་ཉིད་ཐོག་མཐར་བར་གསུམ་ལ་ཨ་གསར་རྡོག་ཁྲེས་ཕོག་མ་མྱོང་མཁན་ཞིག་ཡིན་སྟབས་ཚང་མས། དེང་སང་གཞན་རྫས་འགྱུར་རིག་པ་དང་དངོས་ཁམས་འཕེལ་འགྱུར་རིག་པ་དེ་བཞིན་ཕྱི་གླིང་མཁས་པས་ཅིག་ཅིག་བཤད་པ་དང་ནུབ་ཕྱོགས་ཀྱི་ཚན་རིག་པས་ཉིག་ཉིག་བཤད་པ་ལ་རྣ་བ་གཡར་ལ་དགའ་བ་དང་།.རང་ཉིད་ཀྱང་དེ་དག་གི་ཕྱོགས་སུ་འབྲང་ནས་བཤད་ཅི་ཐུབ་ལ་འབད་པ་ལས་འོས་མ་མཆིས་སོ།། དེ་སྔོན་འདྲ་ཡིན་ན་ཕྱི་གླིང་པ་ལ་སོགས་པར་མགོ་སེར་དང་ཀླ་ཀློ་སོགས་ཟེར་ནས་བོད་འདི་ཉིད་མི་དགའ་བའི་སེམས་ཚོར་མང་པོ་ཡོད་པ་རེད། འོན་ཀྱང་དེང་སང་ཡོད་ཚད་དེ་འདི་དག་གི་གསུངས་པ་སོགས་ལ་ཚད་འཛིན་ཡིད་ཆེས་ཇེ་མཐོར་འགྲོ་བཞིན་ཡོད་པ་རེད། ཚན་རིག་པའི་ལྟ་བའི་ཕུགས་ཀྱི་གནད་དོན་མ་རྟོགས། དོན་ལ་བསམ་གཞིག་མི་བྱེད་པར། ས་རྡོ་རི་བྲག་སོགས་ལ་བསམ་གཞིག་རང་རྐྱ་བ་ཡོད་ཀྱང་སེམས་ཅན་བཞིན་དུ་རྐྱེན་ལྡན་མེད་ཚུལ་འཕེལ་འགྱུར་རིག་པའི་ཚན་རིག་པས་བཤད་ཚུལ་རྫུན་གཏམ་གང་མང་ཞིག་སྨྲས་ཡོད་པ་རེད། སྤྱིར་ཚན་རིག་ཅེས་པ་འདི་ལ་སྐྱོན་དང་དགེ་མཚན་གཉིས་ཆར་ཡོད་པ་དེ་ཆོས་ཉིད་རེད། ལྷག་པར་དགེ་མཚན་གཅིག་ཡོད་པ་དེ་ནི་ཁོ་ཚོས་ནོར་བ་དེ་ནོར་བ་ཡིན་པར་ཁས་ལེན་གྱིན་ཡོད་པ་དེ་རེད། དཔེར་ན་ལོ་བརྒྱ་ཕྲག་འགའ་སོང་ཟིན་རྗེས་ཁོ་ཚོས་ལྟ་བ་དེ་འཐད་ཀྱི་མི་འདུག་སྙམ་ན་བསྒྱུར་བཅོས་དང་འདོར་ལེན་བྱེད་པས་ཡ་མཚན་པ་ཞིག་རེད་འདོད། བོད་འདི་ལ་དེ་ལྟར་འདོར་ལེན་ཕོད་པའི་སྙིང་སྟོབས་ཤིག་ཡོད་འདུག་བསམ་པ་ཡོད། རྒྱུ་མཚན་ནི་སྔོན་མ་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་དེ་བསྐྱུར་ནས་ཐུབ་པའི་བསྟན་གྱི་ལུགས་སུ་འགྱུར་བ་རེད། ད་ཡང་ད་ལོ་ན་ནིང་སོགས་ལ་ཡེ་ཤུ་དང་ཁ་ཆེར་སོགས་ལ་མང་པོ་ཞིག་གིས་དད་མོས་བྱེད་ཀྱི་འདུག་ཟེར། དེ་དག་ལ་འགྱུར་ན་ཐང་ཡང་འགའ་ཞིག་ལྷ་མེད་དང་ཆོས་མེད་སྨྲ་མཁན་མདོ་དབུས་ཁམས་གསུམ་གང་སར་ཡོད་པ་དེ་བཤད་མ་དགོས་སོ།། གང་ལྟར་འདི་ལྟར་བྱེད་པ་ཡང་ཚན་རིག་པ་ཚོས་རྒྱུ་མཚན་ཞིག་རྙེད་ནས་འདོར་ལེན་བྱེད་པ་རེད། བོད་པ་ཚོ་ཅལ་འདྲོགས་ཁོ་ནའི་རྗེས་སུ་རྒྱུགས་པ་ལས་དཔྱོད་ཤེས་ཀྱི་རྩལ་ལས་འདོར་ལེན་དང་བརྗེ་བསྒྱུར་བྱས་པ་མ་རེད་སྙམ་མོ།།   གཉིས་པ། བེམ་པོ་ཞེས་པ་འདི་ལ་རྙོག་གྲ་གང་ཞིག་ཡོད་ཅེ་ན་འདི་ནི་གོང་གི་ཤེས་པ་བཞིན་དུ་དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བ་གཉིས་ལ་བླ་ལྷག་ཏུ་འགལ་ཡོད་པ་ཞིག་མིན་ཡང་། མཚན་ཉིད་རིག་པ་ཚོས་བེམ་པོ་ཞེས་པ་འདི་ནི་རྣམ་ཤེས་སམ་བློ་རིག་བྲལ་ཚར་བའི་དངོས་པོ་གཅིག་ལ་བེམ་པོ་ཞེས་འདོགས་ཀྱི་ཡོད་པ་རེད། དེ་བཞིན་བེམ་པོའི་མཚན་ཉིད་དུ་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཞིག་ངོས་འཛིན་ཡོད་པ་རེད། འདི་ནས་རྡུལ་རྫས་བརྒྱད་འདུས་ཞེས་པ་འདི་ཡང་ལུང་ཞིག་དང་བཤད་ཚུལ་ཙམ་ལ་མ་བརྟེན་པར་དོན་ངོ་མ་བེམ་པོ་ཞིག་ཡིན་ན་རྡུལ་རྫས་བརྒྱད་འདུས་ཚུལ་དག་ཇི་བཞིན་དཔྱད་པའི་རྟགས་ཤིག་དགོས་རྒྱུ་དེ་དེང་གི་གནས་བབས་ཤིག་ཡིན་པར་སྣང་། ནང་པ་མདོ་སྡེ་པ་དང་གནའ་བོའི་དངོས་གཙོ་སྨྲ་པ་ཚོས་འཇིག་རྟེན་གྱི་དངོས་གཟུགས་རྣམས་ས་རྡུལ་ཆུ་རྡུལ་མེ་རྡུལ་རླུང་རྡུལ་བཅས་རྡུལ་བཞི་དང་། ས་རྫས་ཆུ་རྫས་མེ་རྫས་་བཤད་ཚུལ་གྱི་རྡུལ་རྫས་བརྒྱད་ལས་བྱུང་བར་བཤད་ཅིང་། མངོན་པ་མཛོད་ལས། ཕྲ་རབ་རྡུལ་དང་ནི།། རྡུལ་ཕྲན་དང་ནི་དེ་བཞིན་དུ།། ལྕགས་ཆུ་རི་བོང་ལུག་དང་གླང་།། ཉེ་ཟེར་རྡུལ་དང་སྲོག་མ་དང་།། ཞེས་གསུངས་པ་སོགས་རྡུལ་ཕྲན་འདི་དག་ཕན་ཚུན་བརྩི་ཚུལ་ཡང་མཚུངས་མིན་དཔྱད་ན། ནང་པས་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག་སོགས་རིམ་བཞིན་བདུན་བདུན་སྦྱར་ནས་བཤད། དེང་གི་རྡུལ་ཕྲན་དངོས་ཁམས་ཚན་རིག་པ་ཚོས་འཇིག་རྟེན་གྱི་ཁམས་སུ་སྣང་དུ་རུང་བའི་ཡུལ་དུ་ཡོད་པའི་ཆོས་ཐམས་ཅད་ཆ་མེད་ཀྱི་རྡུལ་དྲུག་ཅུ་རྩ་གཉིས་ཀྱི་འདུས་སྦྱོར་ཅི་རིགས་ལས་གྲུབ་པར་བཤད་དོ།།  ནང་པའི་ལུགས་སུ་བུམ་པ་སོགས་ལ་རགས་པ་ཞེས་ཐ་སྙད་འདོགས། རྡུལ་ཕྲན་སོགས་ལ་ཕྲ་བ་འདོད་བཞིན་ཡོད། དོན་ངོ་མ་རགས་པ་རྣམས་ཕར་བལྟས་ཚོད་ལ་རགས་པའི་གོང་བུ་ཆེན་པོ་ཞིག་སྣང་བ་ལས། ཚད་མ་རྣམས་འགྲེལ་ལས། རང་རང་ངོ་བོ་ལ་གནས་ཕྱིར།། ཞེས་གསུངས་པ་ལྟར། རྡུལ་ཕྲན་མང་པོ་ལྷན་གཅིག་ཏུ་འདུས་པ་ཙམ་ལས་བརྟགས་ཤིང་དཔྱད་ན་རྡུལ་ཕྲན་ཐམས་ཅད་རྡུལ་ཕྲན་གྱི་ངོ་བོར་གནས་པ་ལས། རྡུལ་ཕྲན་རྣམས་རགས་པར་འགྱུར་བ་མེད་དོ་སྙམ། དེ་བས་ནང་པའི་ལུགས་སུ་ཡང་རྡུལ་ཕྲན་འདི་དག་ནི་གཟུགས་ཅན་ཐམས་ཅད་བསྐྲུན་པའི་རྒྱུ་ཆ་ཆེས་གལ་ཆེན་ཞིག་གོ ། དེ་བཞིན་ཚན་རིག་པས་ཀྱང་གལ་ཆེན་དུ་སྣང་བར་སེམས་ཏེ། ནུབ་ཕྱོགས་ཤེར་རྟོགས་རིག་པའི་ཞིབ་འཇུག་པ་ནི་ཨེ་ཊ་ལིའི་པུ་རུ་ནུའོ་ནས་རྡུལ་ཕྲན་ཆ་མེད་ནི་དངོས་རྫས་དང་ཤེས་པ་ཡི་གཅིག་གྱུར་གྱི་ཕུང་པོ་ལ་འདོད་པ་མ་ཟད། ནང་གི་གསར་གཏོད་ཀྱི་ནུས་ཤུགས་ལྡན་པ་ཞིག་ཏུ་ངོས་འཛིན་པ་དང་། འཇར་མེན་གྱི་ཤེར་རྟོགས་རིག་པ་བ་དང་རྩིས་རིག་གཏན་ཚིགས་ཀྱི་སྲོལ་འབྱེད་པ་ལད་པུ་ནེ་ཚེས་རྡུལ་ཕྲན་ཆ་མེད་དེ་ཤེས་པའི་གཟུགས་ཤིག་ཏུ་ཁས་ལ་བླངས་པ་མ་ཟད་དཀོན་མཆོག་ནི་ཆེས་མཆོག་ཏུ་གྱུར་པའི་རྡུལ་ཕྲན་ཞིག་ཏུ་འདོད་དོ།། ཅེས་སོ།། བེམ་གཟུགས་རྡུལ་ཕྲན་གྱི་རང་བཞིན་དུ་འདི་ལྟར་བཤད་པ་ཡང་འདུག་སྟེ། བེམ་གཟུགས་ཚང་མ་སྲ་གཟུགས་ལྟ་བུར་སྣང་ཡང་དེ་ཚོ་གཞི་རྟེན་ནི་དུམ་བུ་ཆུང་ངུ་ལས་གྲུབ་ཅིང་། དེ་དག་ཕལ་ཆེ་བ་བར་སྣང་སྟོང་པ་ཡིན། དེ་ཚོ་ནི་རྡུལ་ཕྲན་རྣམས་ཡིན། རྡུལ་ཕྲན་རྣམས་འདུས་ཏེ་རྡུལ་རྫས་(Molecules)སུ་གྲུབ་ཅིང་། དེ་དག་ཀྱང་འདུས་ཏེ་བསགས་(comPound)དང་བེམ་གཟུགས་ཀྱི་རྫས་རྣམས་གྲུབ་པ་ཡིན། ཞེས་དང་། རྡུལ་ཕྲན། Atom དངོས་པོ་རྣམ་པ་ཡོངས་སུ་རྫོགས་པ། དཔེར་ན། ལྷམ་དང་གྲུ་གཟིངས། ལ་ཆ། ལན་འཁོར་པད་ཚལ། རྒྱལ་པོ། གཞན་ཡང་རྣམ་རྟོག་ནང་བསྐྱེད་པའི་དངོས་པོ་ཐམས་ཅད་རྡུལ་ཕྲན་ལས་གྲུབ་པ་ཡིན་ཞེས་སྨྲས་སོ།། གང་ལྟར་མཐོང་སྣང་མི་གཅིག་པའི་ཐ་སྙད་ཚད་མའི་ཡུལ་དུ་ཡོད་པ་ཆོས་འདི་དག་འདི་དང་འདི་ཞེས་མཐའ་གཅིག་ཏུ་ཁས་ལེན་པར་བཤད་མི་གཏུབས་པར་རྒྱུ་མཚན་ཡོད་དེ། ཐ་སྙད ཙམ་དུ་རང་རང་ལ་གཏན་ཚིགས་དང་གནས་ལུགས་རེ་ཁྱེར་རྒྱུ་ཡོད་པས་རེད་འདོད་དོ།།

མངོན་གྱུར་ཡུལ་དུ་མངོན་སུམ་འཕྲད་པ་དང་།།
ལྐོག་གྱུར་ཆོས་ལ་རྗེས་དཔག་འཇུག་ཚུལ་སོགས།།
ཞིབ་ཏུ་མ་རྟོགས་མཚན་ཉིད་རིང་ལུགས་པ།།
མགོ་བོ་འཐུམས་པའི་དངོས་རྒྱུ་ཉག་ཅིག་གོ །

(ཡོངས་ཁུངས་།  རིགས་སྲས་ལུགས་གཉིས་ཕོ་ཉའི་གླིང་།)

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*