མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྤྱིའི་དོན་ཉེར་མཁོ་བསྡུས་པ། ག ༽

བྱའི་ལམ་གྱི་ཁྱད་པར་དང༌། དེ་ཇི་ལྟར་ཤེས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། གཞུང་འདིར་འབྱུང་བ་དང༌། ཐེག་པ་ཆེན་པོའི་མངོན་པ་ནས་འབྱུང་བའོ། །དང་པོ་ལ་ཁྱད་པར་གཉིས་ལྡན་དུ་བཤད་པ་དང༌། གསུམ་ལྡན་དུ་བཤད་པའོ། དང་པོ་ནི། ལམ་བགྲོད་ཚུལ་དང༌། ཆོས་སྟོན་ཚུལ་གྱི་ཁྱད་པར་གཉིས་ཀྱིས་འཆད་ལ། གཉིས་ཀ་ཡང་སྲིད་པ་ཐ་མའི་དབང་དུ་བྱས་པ་ཡིན་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་ལ་སོགས་པའི་ཚེ་ནི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། རང་གིས་ཀྱང་གཞན་ལ་ཆོས་སྟོན་པའི་ཕྱིར་རོ། །འདི་ཡང་བསེ་རུ་ལྟ་བུ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། ཚོགས་ན་སྤྱོད་པ་ལ་ཁྱད་ཆོས་གཉིས་པོ་དེ་མེད་པའི་ཕྱིར། གཉིས་པ་ནི། གཟུང་རྟོག་སྤོང་བའི་ཁྱད་པར། འཛིན་རྟོག་མི་སྤོང་བའི་ཁྱད་པར། རྟེན་རིགས་ཀྱི་ཁྱད་པར་རོ། །དང་པོ་ནི། གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་སྟེ། དེའི་དོན་ཡང་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ཙམ་ལ་འཆད་པ་རྣམ་རྫུན་པའི་ལུགས་དང༌། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ལ་འཆད་པ་དབུ་མ་པའི་ལུགས་གཉིས་ལས། ཕྱི་མ་ལྟར་བཤད་ན་ལེགས་པ་ཡིན་ཏེ། སྐབས་བཞི་པར་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་མེད་འཆད་པ་ན། གཟུང་འཛིན་གཉིས་སྟོང་དུ་རྟོགས་པ་གསལ་བར་བཤད་པའི་ཕྱིར། དེ་ལ་ཡང་དེ་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་དང༌། རྣམ་གྲོལ་གྱི་དབྱེ་བས་གཉིས་དང༌། དང་པོ་ལ་མཐོང་སྒོམ་གྱི་དབྱེ་བས་གཉིས་དང༌། གཉིས་པ་ལ་ནི་མི་སློབ་པའི་ལམ་དང་གསུམ་མོ། །གཉིས་པ་ནི། འཛིན་པ་ཆོས་ཀྱི་བདག་མེད་མངོན་སུམ་དུ་མ་རྟོགས་པ་སྟེ་དེའི་དོན་ཡང་ཡང་དག་མིན་རྟོག་གི་མིང་ཅན་གཟུང་བའི་རྣམ་པ་བདེན་མེད་ལ་འཛིན་པ་ཆོས་ཀྱི་བདག་མེད་ཀྱི་དོན་དུ་འཆད་པ་རྣམ་རྫུན་པའི་ལུགས་དང༌། གཉིས་མེད་ཀྱི་ཡེ་ཤེས་བདེན་མེད་ལ་དེར་འཆད་པ་དབུ་མའི་ལུགས་གཉིས་ལས། སློབ་དཔོན་གྱི་གཞུང་འདིར་ནི་སྔ་མ་དང་མཐུན་ཤས་ཆེ་ལ། སྤྱིར་ནི་ཕྱི་མ་ལྟར་བཤད་ན་ལེགས་པ་ཡིན་ཏེ། རང་སྟོང་འཆད་པ་དག་གི་ལུགས་ལ་འཛིན་པ་ཆོས་ཀྱི་བདག་མེད་ཀྱི་གོ་དོན་ཕྱི་མ་ལྟར་བཤད་དགོས་པའི་ཕྱིར་རོ། །གསུམ་པ་ནི། རྟོགས་པ་དེའི་རྟེན་དུ་གྱུར་པའི་རང་བཞིན་གནས་རིགས་ལ་བྱ་བ་ཡིན་ལ། དེ་ཡང་ཐོས་པའི་བག་ཆགས་འབྲིང་གིས་གསོས་བཏབ་པའི་རང་བཞིན་གནས་རིགས་དེ་ཉིད་དོ། །གཉིས་པ་ནི། ས་སྡེ་ལས། རིགས་དང༌། ལམ་དང༌། ཡང་དག་པར་འགྲུབ་པ་དང༌། ཚོགས་དང༌། གནས་པ་དང༌། རྒྱུ་བ་དང༌། སྒྲ་བཤད་པ་དང༌། བདུན་གྱི་སྒོ་ནས་བཤད་པ་ལས། གཙོ་བོར་གྱུར་པ་ལམ་ལ་གསུམ་ལས། དང་པོ་ནི། ཚེ་སྔ་མ་ཕན་ཆེད་དུ་བསྐལ་པ་བརྒྱར་ཚོགས་སོག་པ་དང༌། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པ་སོགས་ཀྱིས་རང་བྱང་ཆུབ་ཏུ་རྒྱུད་ཡོངས་སུ་སྨིན་པར་བྱས་ནས། སྲིད་པ་ཐ་མ་པ་ལ་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས། དྲོད་ནས་ཟད་ཤེས་ཀྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་པའོ། །ལམ་གཉིས་པ་ནི། ཚེ་སྔ་མ་ཕན་ཆད་སྔ་མ་ལྟར་བྱས་ཤིང༌། ངེས་འབྱེད་ཆ་མཐུན་དང་པོ་གསུམ་སྐྱེད་ཟིན་ནས་སྲིད་པ་ཐ་མ་པའི་ཚེ་བཟོད་མཆོག་ནས་ཟད་ཤེས་ཀྱི་བར་མངོན་དུ་བྱེད་པའོ། །ལམ་གསུམ་པ་ནི། སྔ་མ་ལྟར་བྱས་ཤིང༌། ལན་གཅིག་ཕྱིར་འོང་ཙམ་ཚེ་སྔ་མ་ལ་སྐྱེད་ནས་སྲིད་པ་ཐ་མ་པ་ལ་འབྲས་བུ་ལྷག་མ་རྣམས་མངོན་དུ་བྱེད་པའོ། །འདི་གཉིས་ལ་སྟན་གཅིག་པའི་ངེས་པ་མ་བཤད་ཅིང༌། སྔ་མ་གཉིས་བསེ་རུ་ལྟ་བུའི་ལམ་དང༌། ཕྱི་མ་གཉིས་ཚོགས་དང་ལྷན་ཅིག་སྤྱོད་པའི་ལམ་དུ་བཤད་དོ། །དེའི་ཕྱིར་རང་རྒྱལ་ལ་འདོད་པའི་རྟེན་ཅན་གྱིས་ཁྱབ་པ་ཡིན་ཏེ། རང་རྒྱལ་དུ་འདོད་པའི་ལམ་ནི་དེ་གསུམ་ཁོ་ནར་ངེས་པའི་ཕྱིར། ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་ནས་ཁམས་གོང་གི་རྟེན་ལ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པའི་ལམ་མི་འཆད་པ་ཅི་ཞེ་ན། རྟེན་དེ་ལ་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལུགས་འབྱུང་དང༌། ལུགས་ཟློག་ལ་ཡོངས་སུ་རྟོག་པ་མེད་པའོ། །ཞེས་བྱ་བ་འདི་ངེས་པའོ། །གཉིས་པ་ནི། སྔ་མ་ཉན་ཐོས་ཀྱི་སྐབས་བཞིན་ནོ། །ཤེས་བྱའི་ལམ་དང་ཡུལ་ཅན་སོ་སོར་མི་འབྱེད་པ་དེ་ནི་རིགས་པ་མ་ཡིན་ཏེ། འདིར་ཡང༌། ཡང་དག་བསྡུས་ཞེས་པ་ཡན་གྱིས་ཤེས་བྱའི་ལམ་དང༌། ཤེས་པར་བྱ། ཞེས་པས་ཡུལ་ཅན་ལམ་ཤེས་བསྟན་ཞིང༌། འདི་ལ་ཡང༌། རྣམ་པ་མི་དམིགས་སྒོ་ནས་ནི། །རང་རྒྱལ་ལམ་འདི། ཞེས་སྦྱོར་དགོས་པར་འགྲེལ་པ་ལས་གསལ་བའི་ཕྱིར་རོ། །གཉིས་པ་རྒྱུ་ངེས་འབྱེད་ཆ་མཐུན་ཇི་ལྟར་བསྟན་པའི་ཚུལ་ཡང་སྔ་མའི་རིགས་པས་བྱ་ལ། དེ་ལྟར་ན་ཐེག་ཆེན་གྱི་སྦྱོར་ལམ་ལ་རྟོགས་རིགས་གསུམ་ཀ་ཚང་བ་ལས་སྐབས་གཉིས་པ་འདིར་ནི་དང་པོ་གཉིས་སོ་སོར་བཤད་ནས། གསུམ་པའི་ལྡོག་ཆ་ནས་མི་སྟོན་པའི་ཤེས་བྱེད་ནི་སྐབས་དང་པོ་ཉིད་དུ་བཤད་ཟིན་པའི་ཕྱིར། ཞེས་འགྲེལ་ཆེན་དུ་བཤད་ལ། འོ་ན་འདིར་མཐོང་སྒོམ་ལམ་ཡང་སྟོན་མི་དགོས་པར་མཚུངས་སོ་སྙམ་ན། མ་ཡིན་ཏེ། དེ་གཉིས་ནི་དགོས་པའི་དབང་གིས་སྟོན་པའི་ཕྱིར། དགོས་པ་དེ་ཡང་གང་ཞེ་ན། གསར་དུ་ལྷག་པའི་འཁོར་རྣམས་ལ་སྔར་བཤད་པའི་རྣམ་མཁྱེན་གྱི་རྒྱུས་འབྲས་བུ་མཚོན་པའི་དོན་དུའོ། །གསུམ་པ་ལ། མཐོང་ལམ་དང་སྒོམ་ལམ་གཉིས་ལས། དང་པོ་ལ་རྟེན་དང༌། བརྟེན་པའི་རྣམ་གཞག་གོ །དང་པོ་ལ་ལུས་ཀྱི་རྟེན་ནི། རང་སྟོབས་ཀྱིས་སྐྱེད་པའི་དབང་དུ་བྱས་ན། སྤྱིར་འདོད་པའི་རྟེན་ཅན་དང༌། བྱེ་བྲག་ཏུ་ཉོན་མོངས་པ་དང༌། ལས་དང༌། རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ་བའི་གང་ཟག་གསུམ་མ་གཏོགས་པའོ། །སེམས་ཀྱི་རྟེན་ནི་བསམ་གཏན་དྲུག་པོ་གང་རུང་ལ་བརྟེན་པའི་ཚུལ། སྔར་སྙོམས་འཇུག་གི་སྐབས་སུ་བཤད་པའི་ཞིབ་ཆ་ཅུང་ཟད་དང་བཅས་པའོ། །གཉིས་པ་ལ། མཚན་ཉིད། མཚན་གཞིའི་དབྱེ་བ། དེས་སྤང་བྱ་ཇི་ལྟར་སྤོང་བའི་ཚུལ། མཐོང་ལམ་དུ་གྱུར་པའི་རྗེས་ཐོབ་ཡོད་མེད་དཔྱད་པའོ། །དང་པོ་ནི། ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་སྤྱིར་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་དོ། །གཞན་དག་ཆོས་ཉིད་སྔར་མ་མཐོང་གསར་མཐོང་དགོས་པར་འདོད་པ་ནི་མི་འཐད་དེ། སྐད་ཅིག་གཉིས་པ་ཕན་ཆད་ལ་དེ་མེད་པའི་ཕྱིར་དང༌། ཉེས་པ་དེ་སྤང་བར་འདོད་ནས་སྐད་ཅིག་མ་གཅིག་ཏུ་འདོད་ན་བཅུ་དྲུག་ཏུ་ཕྱེ་བ་མི་འཐད་པར་ཐལ་བ་དང༌། དེ་ཡང་སྤང་བར་འདོད་ནས་བཅུ་དྲུག་པོ་ངོ་བོ་གཅིག་ཏུ་འདོད་ན་མཐོང་སྤངས་ལས་གྲོལ་བའི་རྣམ་གྲོལ་གྱི་ལམ་མི་སྲིད་པར་ཐལ་བ་དང༌། དེ་སྒོམ་ལམ་དུ་འདོད་ན་མཐོང་སྒོམ་གཉིས་ཀྱི་བར་དུ་རྗེས་ཐོབ་ཀྱིས་མ་ཆོད་པར་ཐལ་བ་དང༌། དེ་ཡང་དེ་ལྟ་ན་བྱང་སེམས་མཐོང་ལམ་པ་དབང་འབྲིང་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་འབྲས་བུའི་གཏན་ཚིགས་ཡང་དག་མི་སྲིད་པར་ཐལ་བ་དང༌། བྱང་ཆུབ་སེམས་དཔའི་ཞུགས་གནས་ཀྱི་རྣམ་གཞག་མཛད་པ་རྣམས་མི་རིགས་པར་ཐལ་བ་རྣམས་འཇུག་གོ །གལ་ཏེ་འོ་ན་སྐད་ཅིག་ཕྱི་མ་རྣམས་སྒོམ་པའི་ལམ་དུ་ཐལ་བར་འགྱུར་ཏེ། ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ལམ་ཡིན་པའི་ཕྱིར་ཞེ་ན། དེ་ཙམ་གྱིས་དེར་ཐལ་བ་མ་ཡིན་ཏེ། དེར་འཇོག་པ་ལ་རྗེས་ལ་མངོན་རྟོགས་ཡིན་པ་ཞིག་ཀྱང་དགོས་པའི་ཕྱིར། དེར་འཇོག་པ་ལ་ཁྱད་པར་གྱི་ཆོས་ཇི་ལྟ་བུ་ཞིག་དགོས་ཞེ་ན། ཆོས་ཉིད་གསར་དུ་མཐོང་བའི་དུས་ཀྱི་མཉམ་གཞག་ཐུན་གཅིག་པོ་དེ་ལས་ལངས་པའི་རྗེས་སུ་བྱུང་བའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བློ་ཞིག་གོ །གཉིས་པ་ནི། བཟོད་པ་བཟོད་པ་བརྒྱད་དང༌། ཤེས་པ་བརྒྱད་དེ་བཅུ་དྲུག་གོ །དེ་དག་ཀྱང་རིམ་ཅན་ཁོ་ནར་བྱུང་བ་ཡིན་ཏེ། བཅུ་དྲུག་པ་ལ་བྱང་སེམས་ཀྱི་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་ལ་གནས་པ་དང༌། བཅོ་ལྔ་པ་ལ་གནས་པ་རྣམས་དེ་དང་དེའི་ཞུགས་པར་འཕགས་སེང་གིས་བཤད་པའི་ཕྱིར། དེ་དག་གི་ནང་ནས་ཆོས་བཟོད་བཞི་ནི་མཐོང་སྤང་ལ་ལྟོས་པའི་བར་ཆད་མེད་པའི་ལམ་མོ། །ཆོས་ཤེས་བཞི་ནི་དེའི་རྣམ་པར་གྲོལ་བའི་ལམ་མོ། །རྗེས་སུ་ཤེས་པའི་བཟོད་ཤེས་བརྒྱད་ནི་ཁྱད་པར་ནི་ལམ་མོ། །དེ་ཡང་རྒྱན་རྩ་འགྲེལ་འདིར་བསྟན་ཚུལ་ལ་སྐབས་གཉིས་པ་དང༌། གསུམ་པ་དང༌། ལྔ་པ་རྣམས་སུ་མཉམ་གཞག་གི་ཆ་ནས་བསྟན་ལ། སྐབས་དང་པོ་དང་བཞི་པར་རྗེས་ཐོབ་ཀྱི་ཆ་ནས་བསྟན་ནོ། །དེ་ཡང་ལྔ་པར་ནི་སྐད་ཅིག་མ་གཅིག་པུ་བསྟན་ལ། གཞན་རྣམས་སུ་ནི་བཅུ་དྲུག་ཏུ་ཕྱེ་བ་ཡིན་ནོ། །དེ་ཡང་མཉམ་གཞག་གི་ཆ་ནས་ངོས་འཛིན་པ་ཉིད་གཙོ་བོ་ཡིན་ཏེ། དེ་ལ་མཉམ་གཞག་གིས་ཁྱབ་པའི་ཕྱིར་རོ། །དེ་ལ་གསུམ་ལས། དང་པོ་སྐབས་གཉིས་པར་བསྟན་ཚུལ་ནི། རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་མཉམ་གཞག་ཐུན་གཅིག་ལ་སྐད་ཅིག་མ་བཅུ་དྲུག་གི་ཆར་ཕྱེ་བ་ཡིན་ཏེ། བཅུ་དྲུག་པོའི་བར་དུ་རྗེས་ཐོབ་ཀྱིས་ཆོད་པའི་བཤད་པ་མེད་པའི་ཕྱིར། བཅུ་དྲུག་ཏུ་འབྱེད་པའི་རྒྱུ་མཚན་ནི། དེ་མཐོང་ཚུལ་ཙམ་གྱིས་ཕྱེ་བ་མ་ཡིན་ཏེ། ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་གྱི་སྒོ་ནས་དེར་བཞག་པའི་ཕྱིར། དེ་ལྟར་ན་མཐོང་བ་ལ་སྐད་ཅིག་མ་གཅིག་དང༌། རྟོགས་པ་ལ་བཅུ་དྲུག་གོ །དེའི་ཁྱད་པར་ཅི་ཞེ་ན། མཐོང་བ་ནི་སྣང་ཡུལ་གྱི་དབང་དུ་བྱས་པ་སྟེ་ཆོས་ཉིད་ཀྱི་ཤེས་རྣམ་མོ། །རྟོགས་པ་ནི་གང་ལ་ངེས་པ་དྲངས་ནས་སྒྲོ་འདོགས་ཆོད་པའི་འཇུག་ཡུལ་གྱིས་དབང་དུ་བྱས་པ་སྟེ། ཆོས་ཅན་སོ་སོ་བ་དང་འབྲེལ་བའི་ཡུལ་སྟོང་པ་ཉིད་དོ། །དེ་ཡང་དཔེར་ན། བཅུ་དྲུག་པོ་ཐམས་ཅད་ཀྱིས་རང་བཞིན་རྣམ་དག་གི་ཆོས་ཉིད་ཙམ་མཐོང་བ་ལ་ཁྱད་པར་མེད་ཅིང༌། མཐོང་ཚུལ་ཡང་སྐད་ཅིག་དང་པོས་དེ་ལ་ངེས་པ་རང་སྟོབས་ཀྱིས་དྲངས་པས་རང་ལས་ངེས་ཀྱི་མངོན་སུམ་དང༌། སྐད་ཅིག་གཉིས་པ་ཕན་ཆད་སྔ་མས་སྒྲོ་འདོགས་བཅད་ཟིན་གྱི་འཇུག་ཡུལ་མེད་དགག་གི་ཆ་ལ་ནི་བསྟན་ནས་འཛིན་པའི་ཕྱིར་ན་བཅད་ཤེས་སོ། །དེ་ལྟ་ན་ཡང་སྣང་ཡུལ་ལ་ནི་བཅད་ཤེས་མ་ཡིན་ཏེ། མངོན་སུམ་ཡིན་པའི་ཕྱིར་དེ་བཞིན་དུ་འཇུག་ཡུལ་རང་མཚན་ལ་ཡང་དེ་མ་ཡིན་ཏེ། མངོན་སུམ་སྔ་མས་འཇུག་ཡུལ་དུ་བྱས་པའི་རང་མཚན་དེ་ཕྱི་མའི་དུས་ན་མེད་པའི་ཕྱིར་རོ། །ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ཡེ་ཤེས་སྔ་མས་སྒྲོ་འདོགས་བཅད་མ་ཟིན་པ་རང་ཉིད་ཀྱིས་ངེས་པ་འདྲེན་དགོས་པ་རྣམས་ལའང་བཅད་ཤེས་མ་ཡིན་ཏེ། མངོན་སུམ་གྱི་ཚད་མ་ཁོ་ནར་ངེས་པའི་ཕྱིར། ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་ནི། ཡུལ་དེ་བཞིན་ཉིད་དང་ཡུལ་ཅན་སངས་རྒྱས་དབྱེར་མེད་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ནི་སྡུག་བསྔལ་ལ་ཆོས་བཟོད་དེ། སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་སྤོང་བའི་བར་ཆད་མེད་ལམ་མོ། །གཟུགས་སོགས་ཆེན་པོར་གྱུར་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ནི་སྡུག་བསྔལ་ལ་ཆོས་ཤེས་ཏེ་དེ་ལས་དངོས་སུ་རྣམ་པར་གྲོལ་བའི་ལམ་མོ། །གཟུགས་སོགས་དངོས་སུ་འཇལ་བྱེད་ཀྱི་ཚད་མ་མེད་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ནི་སྡུག་བསྔལ་ལ་རྗེས་བཟོད་དེ། དེའི་ཁྱད་པར་གྱི་ལམ་མོ། །དེ་བཞིན་དུ་དེ་ཚད་མེད་པ་ལ་དེ་འདྲེན་པ་ནི་དེ་ལ་རྗེས་ཤེས་ཏེ། དེ་ཡང་དེའི་ཁྱད་པར་གྱི་ལམ་མོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་བས་བཅུ་དྲུག་གོ །གཞན་དག་ན་རེ། སྐད་ཅིག་མ་བརྒྱད་པའི་ཚེ་རྗེས་ཐོབ་ཏུ་ལྡང་དགོས་ཏེ། ཇི་སྐད་དུ། ཚད་མེད་པ་བཞི་སྒོམ་པར་བྱ་སྟེ། ཞེས་བཤད་པས་སོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ངོ་བོ་ཉིད་མེད་པའི་བྱམས་སོགས་དང༌། སྟོང་པ་ཉིད་རྟོགས་པའི་མཉམ་གཞག་མི་འགལ་བའི་ཕྱིར། དཔེར་ན། དམིགས་མེད་ལ་དམིགས་པའི་སྙིང་རྗེ་བཞིན་ནོ། །གཉིས་པ་སྐབས་གསུམ་པར་བསྟན་ཚུལ་ནི། སྡུག་བསྔལ་ལ་ཆོས་བཟོད་ཀྱིས་ནི་སྡུག་བསྔལ་བདེན་པའི་སྟེང་གི་རང་བཞིན་རྣམ་དག་གི་ཆོས་ཉིད་ལ་ངེས་པ་འདྲེན་ཞིང་དེ་ལ་དབྱེ་ན། རྟག་མི་རྟག་དང་བདེ་སྡུག་དང་སྟོང་མི་སྟོང་དང༌། བདག་ཡོད་མེད་ཀྱི་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་ཞིང༌། ངེས་པ་འདྲེན་ཚུལ་གྱི་ལྡོག་པའི་དབྱེ་བས་སྡུག་བསྔལ་བཟོད་ཤེས་བཞིའི་མིང་གིས་བཏགས་ནས་བསྟན་པ་ཡིན་གྱི། དེ་ལས་གཞན་དུ་ན། སྡུག་བསྔལ་ཆོས་བཟོད་ཀྱིས་སྡུག་བདེན་གྱི་ཆོས་ཉིད་ལ་ངེས་པ་འདྲེན་མི་ནུས་པར་འགྱུར་ཏེ། སྒྲོ་འདོགས་ལྷག་མ་དྲུག་དང་བྲལ་བའི་སྤྲོས་བྲལ་དེ་རང་སྟོབས་ཀྱིས་འདྲེན་པར་མ་ནུས་པའི་ཕྱིར། འདོད་ན་སྡུག་བསྔལ་མཐོང་སྤང་སྤོང་མི་ནུས་པར་འགྱུར་རོ། །དེའི་ཕྱིར་འདིར་བསྟན་པའི་བཅུ་དྲུག་པོ་ཐམས་ཅད་བར་ཆད་མེད་པའི་ལམ་ཁོ་ནའོ། །འདིར་བསྟན་པ་ལ་རྣམ་པར་གྲོལ་བའི་ལམ་གྱི་དབྱེ་བ་མེད་པ་ལ་བསམས་ནས་སྐབས་དང་པོར་ཞུགས་གནས་ཀྱི་རྣམ་གཞག་འཆད་པ་ན། ལམ་ཤེས་ཀྱི་མཐོང་ལམ་དམིགས་ཀྱིས་བཀར་ནས་གསུངས་ཤིང༌། དེའི་ཚིག་ཟུར་གྱིས་སྐབས་གསུམ་པ་དང་ལྔ་པར་བསྟན་པའི་མཐོང་ལམ་ལ་ཞུགས་གནས་ཀྱི་དབྱེ་བ་མེད་པར་གསལ་ལོ། །གསུམ་པ་ལྔ་པར་བསྟན་ཚུལ་ནི། སྤྱིར་བཟོད་པ་དང༌། དེའི་ནང་ཚན་ཆོས་བཟོད་ལ་ཆོས་ཅན་བདེན་པ་བཞི་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་གྱི་དབྱེ་བས་བཞིར་ཕྱེ་བ་དེ་ཁོ་ན་མཐོང་ལམ་རྩེ་སྦྱོར་དུ་བསྟན་པ་ཡིན་གྱི། ཤེས་པ་བརྒྱད་དང༌། རྣམ་པར་གྲོལ་བའི་ལམ་གྱི་དབྱེ་བར་མ་བསྟན་ནོ། །དེ་ལྟ་ན་ཡང་དེའི་ཁྱད་པར་གྱི་ལམ་ལ་མཉམ་རྗེས་གཉིས་སུ་ཕྱེ་ནས་གསལ་བར་བཤད་ལ། དེར་བཤད་པའི་མཉམ་གཞག་སེང་གེ་རྣམ་སྒྱིངས་དེ་ཡང་བཅུ་དྲུག་པའི་རྗེས་ཐོགས་སུ་འབྱུང་བ་ཡིན་གྱི། མཐོང་ལམ་གྱི་མཉམ་གཞག་ཏུ་གཏོགས་པ་ནི་མ་ཡིན་ཏེ། བཅུ་དྲུག་པའི་སེམས་རྟེན་གཞན་དུ་འཕོ་བ་མེད་པའི་ཕྱིར་རོ། །གཉིས་པ་སྤང་བྱ་སྤོང་ཚུལ་ལ་ནི། དངོས་དང༌། ཞར་ལ་སྒོམ་སྤང་ཉོན་སྒྲིབ་སྤོང་ཚུལ་ལོ། །དང་པོ་ལ། དམན་ལམ་སྔོན་དུ་སོང་བའི་སྤོང་ཚུལ་ནི། སྔར་སྐབས་དུ་མར་བཤད་ཟིན་ལ། དེ་མ་སོང་བའི་དབང་དུ་བྱས་ན་ཆོས་བཟོད་དང་པོས་ནི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་མཐའ་དག་དང༌། དེའི་སྟེང་གི་ཡང་སྲིད་འཕེན་བྱེད་ཀྱི་ནུས་པ་མ་ལུས་པ་དང༌། སྡུག་བདེན་གྱི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་མཐའ་དག་དྲུངས་འབྱིན་པར་ནུས་པ་ཡིན་ཏེ། དེའི་ཆོས་ཉིད་མངོན་སུམ་དུ་གསར་དུ་མཐོང་ནས་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། དེས་ཉོན་མོངས་པའི་བག་ལ་ཉལ་མ་ལུས་པ་འཇོམས་པའི་ནུས་པ་ཡོད་ཀྱང་འཇོམས་པ་ནི་མ་ཡིན་ཏེ། དེའི་གཉེན་པོ་ཆེད་དུ་གཉེར་ནས་མི་སྒོམ་པའི་ཕྱིར། དེའི་གཉེན་པོ་ནི་གང་ཟག་གི་བདག་མེད་དང༌། ཞི་རགས་ཀྱི་རྣམ་པ་ཅན་གང་རུང་དུ་ངེས་ཏེ། དེ་གཉིས་ནི་སྲིད་པ་འཕེན་འགྲུབ་ཀྱི་རྒྱུའི་གཉེན་པོར་གྱུར་པའི་ཕྱིར་རོ། །ཅིག་ཤོས་ལ་ནི་མི་མཚུངས་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་སེམས་ཅན་ལ་ཆགས་པའི་སྙིང་རྗེ་དང་ངེས་པར་ལྷན་ཅིག་ཏུ་འཇུག་ལ། ཅིག་ཤོས་ལ་དེ་མེད་པའི་ཕྱིར་རོ། །དེ་བས་ན་མཐོང་སྤང་དུ་གྱུར་པའི་ཉོན་མོངས་པའི་བག་ལ་ཉལ་ནི་ཐེག་ཆེན་གྱི་མཐོང་ལམ་ཁོ་ནས་སྤོང་བར་ངེས་ལ། དེའི་སྟེང་གི་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་སྒོམ་སྤང་དུ་གྱུར་པ་རྣམས་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤོང་ནུས་མོད། ཐེག་དམན་འཕགས་པ་ལ་དེས་དེ་སྤོང་བ་མེད་ལ། བྱང་འཕགས་ལ་ནི་ཡོད་དེ། འདོད་པའི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་ཟག་མེད་མ་ཐོབ་པའི་བྱང་སེམས་གཟུགས་ཁམས་སུ་སྐྱེ་བ་ལེན་པའི་ཚེ་བཞིན་ནོ། །སྡུག་བསྔལ་ལ་རྗེས་བཟོད་ནི་ཡེ་ཤེས་སྔ་མ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་མིན་དུ་སྒྲོ་འདོགས་པ་བསལ་ནས། དེ་ལ་ངེས་པ་འདྲེན་པ་ཞིག་གམ་ཡང་ན་སྐབས་གཉིས་པ་དང༌། གསུམ་པ་ནས་བཤད་པའི་སྒྲོ་འདོགས་དེ་དང་དེ་སེལ་བྱེད་ཞིག་ཡིན་མོད་ཀྱང༌། མཐོང་སྤང་ལ་ལྟོས་པའི་བར་ཆད་མེད་ལམ་དུ་མི་བཞག་སྟེ། སྒྲོ་འདོགས་དེ་དང་དེ་དག་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་མ་ཡིན་པའི་ཕྱིར། མཐོང་ལམ་པ་དང་སྒོམ་ལམ་པས་སྤང་བྱ་གཉིས་པོ་གང་རུང་མ་ཡིན་པའི་སྤང་བྱ་སྤོང་བ་ནི་ཤིན་ཏུ་མང་སྟེ། ཤེས་བྱ་ཇི་སྙེད་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དང༌། སྙོམས་འཇུག་གི་སྒྲིབ་པ་དང༌། ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་སྒྲིབ་པ་དང༌། དབང་པོ་འཕོ་བའི་དུས་ཀྱི་སྒྲིབ་པ་སྤོང་ཚུལ་བཞིན་ནོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པའི་བག་ལ་ཉལ་གྱི་གཉེན་པོ་ཆེད་དུ་གཉེར་ནས་མི་སྒོམ་སྟེ། དེ་སྤངས་པའི་ཞི་བ་དོན་དུ་མི་གཉེར་བའི་ཕྱིར་རོ། །འོ་ན་ཅི་ཞིག་སྤོང་ཞེ་ན། ཤེས་སྒྲིབ་ཏུ་གྱུར་པའི་རྣམ་པར་རྟོག་པ་ཁོ་ན་སྤོང་ལ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་འདུལ་བ་ནི་རྣམ་པར་རྟོག་པ་ཁོ་ན་འདུལ་བྱེད་དུ་གསུངས་སོ། །འོ་ན་དེས་དེ་གཏན་མི་སྤོང་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེས་དེའི་སྤང་བྱ་ཤེས་སྒྲིབ་ཀྱི་རྟོག་པ་བརྒྱ་རྩ་བརྒྱད་ཆེད་དུ་གཉེར་ནས་སྤངས་པ་ན་དེ་དང་དུས་མཉམ་དུ་ཉོན་མོངས་པའི་བག་ལ་ཉལ་བརྒྱ་རྩ་བརྒྱད་ཀྱང་སྤངས་པའི་ཕྱིར། དེ་ལྟ་ན་ཡང་དེའི་གཉེན་པོ་ཟག་མེད་ལོགས་སུ་སྒོམ་མི་དགོས་པ་ལ་དགོངས་ནས། སྒོམ་སྤང་ཉོན་སྒྲིབ་ཀྱི་གཉེན་པོ་ལོགས་པ་མེད་པའི་ཤེས་བྱེད་དུ། སློབ་དཔོན་གྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །ཞེས་དབྱིག་གཉེན་ཞབས་ཀྱི་ལུང་ཤེས་བྱེད་དུ་དྲངས་སོ། །སྒོམ་སྤང་ཉོན་སྒྲིབ་ཀྱི་སྤོང་ཚུལ་དེ་ལྟར་ཤེས་པ་ན། བདག་ཉིད་ཆེན་པོ་བཟང་པོའི་ཞབས་ཀྱིས། ཆགས་བྲལ་སྔོན་དུ་མ་སོང་བ་ལ་ཞུགས་གནས་ཀྱི་རྣམ་གཞག་འཇོག་ཚུལ་བཤད་པ་རྣམས་འཕགས་པ་དང་མི་འགལ་ཞིང༌། ལོ་ཆེན་དཔོན་སློབ་ཀྱིས་སྐྱོན་བརྗོད་པ་རྣམས་ཀྱང་མི་འཇུག་པའི་ཚུལ་ལ་ངེས་པ་རྙེད་པར་འགྱུར་རོ། །འོན་ཀྱང་དགྲ་བཅོམ་ཞུགས་པའི་འཇོག་མཚམས་ནི་སྲིད་རྩེར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་བག་ལ་ཉལ་སྤོང་བ་ལ་བརྩོན་པ་ནས་འཇོག་ཏུ་མི་རུང་སྟེ། བྱང་སེམས་འཕགས་པས་ནི་འདོད་སྲིད་ཀྱི་བག་ལ་ཉལ་དགུ་པ་དགུ་ཅིག་ཆར་དུ་སྤོང་བའི་ཕྱིར། འོ་ན་ཅི་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒྲིབ་པ་གཉིས་ཀྱི་གནས་ངན་ལེན་སྤོང་བ་ལ་བརྩོན་པ་དེ་ནས་དེར་གཞག་གོ །དེ་བས་ན་ཉོན་མོངས་པའི་བག་ལ་ཉལ་ལ་དེའི་བག་ཆགས་ཀྱི་མིང་ཅན་ཤེས་བྱའི་སྒྲིབ་པར་གྱུར་པ་གཅིག་དང༌། སྲིད་པར་སྐྱེ་བའི་རྒྱུར་གྱུར་པ་བག་ལ་ཉལ་གྱི་ཉོན་སྒྲིབ་ཞེས་བྱ་བ་ཞིག་སྟེ་གཉིས་ཡོད་དོ། །ཞེས་ངེས་པར་བྱའོ། །བཞི་པ་ནི། ཆོས་མངོན་པ་ལས་ནི་མཐོང་ལམ་དང༌། རྗེས་ཐོབ་ཀྱི་གཞི་མཐུན་བཤད་པ་མེད་དེ། དེའི་ངོ་བོར་གྱུར་པའི་ཀུན་རྫོབ་ཀྱི་ཤེས་པ་རྣམས་མི་སྐྱེ་བའི་ཆོས་ཅན་དུ་མངོན་པ་གོང་འོག་མཐུན་པར་བཤད་པའི་ཕྱིར་རོ། །རྒྱན་རྩ་འགྲེལ་དུ་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་དང༌། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་ལ་བསམས་ནས། བོད་སྔ་མ་རྣམས། ལུགས་འདིར་ནི་དེ་འདྲའི་གཞི་མཐུན་ཡོད་དོ། །ཞེས་ཟེར་བ་དེ་ཡང་མི་འཐད་དེ། འདིར་མཐོང་ལམ་ལ་ཤེས་བཟོད་བཅུ་དྲུག་ལས་ལྷག་པ་མ་བཤད་པའི་ཕྱིར་དང༌། དེའི་མིང་ཅན་གྱི་རྗེས་ཐོབ་རྣམས་ནི་བཟོད་ཤེས་བཏགས་པ་བར་བཤད་པའི་ཕྱིར་དང༌། ཤེས་བཟོད་དངོས་ལ་མཉམ་གཞག་གིས་ཁྱབ་པ་ནི། ཇི་སྐད་དུ། དེ་ལྟ་མ་ཡིན་ན་རྣལ་འབྱོར་པའི་སོ་སོ་རང་གིས་རིག་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པའི་མཚན་ཉིད་དག་ཡིན། ཞེས་བསྟན་པའི་ཕྱིར་དང༌། ཕྱིར་མི་ལྡོག་པའི་རྟགས་སུ་བཤད་པའི་རྗེས་ཐོབ་ཀྱི་སྤྱོད་པ་ཁྱད་པར་ཅན་རྣམས་གང་ལ་ཡོད་པ་ནི་ཐེག་ཆེན་སྒོམ་ལམ་པ་ཡིན་ལ། དེས་རང་གི་རྒྱུ་ཐབས་ཤེས་ཁྱད་པར་ཅན་རྗེས་སུ་དཔག་ནས། རྒྱུ་དེ་ལ་གནས་པའི་བྱང་སེམས་མཐོང་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པར་བྱེད་པ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་དང༌། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་ཡང་མཐོང་ལམ་གྱི་རྣམ་གྲོལ་ལམ་རྫོགས་ཤིང༌། སྒོམ་སྤང་རྟོག་པའི་གཉེན་པོར་གྱུར་པའི་སྦྱོར་བ་ཉེར་བསྡོགས་མ་སྐྱེས་པའི་བར་དེར་འབྱུང་བ་ལ་བསམས་ནས། སློབ་དཔོན་གྱིས་མཐོང་ལམ་རྩེ་སྦྱོར་གྱི་སྡེ་ཚན་དུ་བསྡུས་པ་ཡིན་གྱི། མཐོང་ལམ་དངོས་མ་ཡིན་པའི་ཕྱིར་རོ། །འདིར་སྨྲས་པ། མཐོང་ལམ་རྣམ་གཞག་བཤད་དཀའ་བ། །མཐོང་ཟིན་བློ་ཡིས་སྔོན་བཤད་པ། །མཐོང་བྱའི་ལམ་དུ་མ་གྱུར་ནས། །མཐོང་ཐོས་རྟོགས་པའི་བློ་ཡིས་བཤད།།  །།གཉིས་པ་སྒོམ་པའི་ལམ་ལ་གཉིས་ལས། དང་པོ་རྟེན་ལ་ལུས་ཀྱི་རྟེན་སྔར་མེད་གསར་དུ་སྐྱེ་བ་ནི་འདོད་པ་ཁོ་ནར་ངེས་ཏེ། མཐོང་ལམ་གང་དུ་སྐྱེས་པའི་རྟེན་དེ་ཉིད་ལ་སྐྱེ་དགོས་པའི་ཕྱིར། སྐྱེས་ཟིན་གནས་པ་ནི་ཁམས་གསུམ་ཆར་ཡིན་ལ། བྱང་སེམས་ལམ་པ་ནི་དེར་མི་སྐྱེ་སྟེ། གཞན་དོན་བྱེད་པའི་གནས་མ་ཡིན་པའི་ཕྱིར། གཟུགས་མེད་ཉེར་འགྲོའི་མིང་ཅན་ཡང་གཟུགས་ཁམས་སུ་སྐྱེ་བའི་རྒྱུ་སྤངས་པས་གཟུགས་མེད་དུ་སྐྱེ་བའི་ནུས་པ་ཡོད་པ་ལ་འཆད་པ་ཡིན་གྱི། དེར་སྐྱེ་དགོས་པ་མ་ཡིན་ཏེ། མདོ་ལས། སྤྲུལ་པས་ཞིང་སྣ་ཚོགས་སུ་སངས་རྒྱ་བར་བཤད་ཀྱི། གཟུགས་མེད་དུ་སྐྱེ་བར་མ་བཤད་པའི་ཕྱིར་རོ། །ཀུན་ལས་བཏུས་ཀྱི་འགྲེལ་པར། མཐུའི་ཁྱད་པར་མ་ཐོབ་པ་དག་དེར་སྐྱེ་བར་བཤད་པ་དེའི་དོན་ཡང༌། གཟུགས་མེད་དངོས་གཞིའི་སེམས་ལས་མ་ཉམས་བཞིན་དུ། འདོད་གཟུགས་སུ་སྐྱེ་བའི་མཐུ་མེད་ཅིང༌། རྟེན་དེ་ལ་འཚང་རྒྱ་བར་མི་ནུས་པའོ། །དེ་མི་ནུས་པའི་དོན་ཡང་དེར་སྐྱེ་བའི་རྒྱུ་སྤངས་པ་ཡིན་ལ། དེ་ཡང་དེ་ལ་ཆགས་བྲལ་སྔོན་དུ་སོང་བ་ཞིག་གོ །དོན་དེ་ལ་བསམ་ནས་དེ་ལྟར་བཤད་མོད། རིགས་པ་ནི་མ་ཡིན་ཏེ། མདོ་སྡེའི་རྒྱན་ལས། ཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །ཅེས་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་སྤངས་ཀྱང༌། སྤྲུལ་པས་འདོད་པར་སྐྱེ་བའི་ཚུལ་བསྟན་ཏེ། ཚོགས་སོག་པར་བཤད་དོ། །སེམས་ཀྱི་རྟེན་ནི་མངོན་པ་ལས་ཟག་མེད་ས་དགུར་བཤད་ཅིང༌། འདིར་འདོད་པ་དང་སྲིད་རྩེ་ལ་རྟེན་པར་བཤད་པ་དེ་བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་པ་ཡིན་ཞེས་སློབ་དཔོན་གྱིས་གསུངས་ལ། སློབ་དཔོན་ཤཱནྟི་པ་ནི། ས་དགུ་ལ་ནི་ཆེན་པོ་ཡི། ཞེས་སོགས་ཀྱི་གཞུང་དེས་སྤང་བྱའི་རྟེན་ས་དགུ་བསྟན་པ་ཡིན་གྱི། གཉེན་པོའི་རྟེན་བསྟན་པ་མ་ཡིན་ནོ། །ཞེས་གསུང་ཡང༌། སྔ་མ་ཉིད་རྩ་བའི་དགོངས་པ་ཡིན་ཏེ། དངོས་གཞི་ཐོད་རྒལ་ཆེན་པོ་སྒོམ་སྤང་རྟོག་པའི་སྤོང་གཉེན་དུ་བཤད་པ་དང་མཐུན་པའི་ཕྱིར། ཐབས་ལ་མཁས་པའི་དོན་ཡང་འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་ཞེས་བྱ་བ། དེར་སྐྱེ་བའི་རྒྱུ་དེ་དང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་གཉིས་གནོད་བྱ་གནོད་བྱེད་མ་ཡིན་པ་དང༌། གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་ལ་ནི་ཕུང་པོ་ལ་སྲེད་པ་བཀག་པའི་དགག་པའི་རྣམ་པ་ཅན་གྱི་ཡེ་ཤེས་གསལ་པོ་དགོས་ལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་ནི་སྤྲོས་པའི་མཐའ་གང་དུ་ཡང་མི་འཛིན་པའི་རང་རིག་པའི་ཡེ་ཤེས་ཙམ་གྱིས་ཆོག་པའི་ཕྱིར། གཉིས་པ་རྟེན་པ་སྒོམ་ལམ་གྱི་རྣམ་གཞག་ལ་གསུམ་སྟེ། མཚན་ཉིད། མཚན་གཞི་དབྱེ་བ། སྤང་བྱ་སྤོང་ཚུལ་ལོ། །དང་པོ་ནི། ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་འཁོར་དང་བཅས་པའོ། །འཁོར་བཅས་ཀྱིས་ནི་ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་ཆོས་ཉིད་ཁོ་ནའི་ཡུལ་ཅན་དུ་མ་གྱུར་པའི་ལམ་ཐམས་ཅད་བསྡུས་པ་ཡིན་ཏེ། སྒོམ་ལམ་པའི་རྒྱུད་ཀྱི་ཐར་ལམ་ཇི་སྙེད་པ་སྒོམ་ལམ་དུ་སྡུད་དགོས་པའི་ཕྱིར། དེས་སྦྱོར་མཐོང་གཉིས་ཀྱང་མཚོན་ནོ། །ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ལམ་ཡིན་པ་ཙམ་གྱིས་ཐེག་ཆེན་གྱི་སྒོམ་ལམ་དུ་གཞག་མི་ནུས་ཏེ། ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་ཕྱི་མ་རྣམས་བཞིན་ནོ། །འོ་ན་དེ་དག་མཐོང་ལམ་ཡིན་པར་གང་གིས་འཆད་ཅེ་ན། མཐོང་སྤང་རྟོག་པ་ལ་ལྟོས་པའི་གཉེན་པོ་བཞི་པོ་གང་རུང་ཡིན་པ་ལས་སོ། །གཉིས་པ་ནི། ཟག་པ་དང་བཅས་པའི་དང༌། ཟག་པ་མེད་པའི་སྒོམ་པའི་ལམ་མོ། །གཉིས་པོའི་ཁྱད་པར་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་བཅས་པ་དང༌། དེ་དང་བྲལ་བའི་སྒོམ་པའི་ལམ་མོ། །ཀུན་ཏུ་རྟོག་པ་ནི་གང༌། དེ་དང་བྲལ་མ་བྲལ་གྱི་དོན་ནི་ཅི་ཞེ་ན། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པའི་རྟོག་པ་ཡིན་ལ། དེ་དང་ཤེས་རྒྱུད་གཅིག་ལ་ཅིག་ཆར་དུ་འཇུག་པ་དང་མི་འཇུག་པ་ནི་བཅས་མ་བཅས་ཀྱི་དོན་ནོ། །དེ་ཡང་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ནི་དེ་དང་བཅས་པ་ཞེས་བྱ་སྟེ། རང་རྒྱུད་ལྡན་གྱི་གང་ཟག་དེའི་སྒོ་ལྔའི་ཤེས་པ་ལ་མ་རིག་པའི་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བཞིན་པའི་དུས་ཀྱི་ཤེས་པ་ཡིན་པའི་ཕྱིར། སྒོམ་པའི་ལམ་ཞེས་བྱ་སྟེ། སྣང་བ་དེ་སྒྱུ་མ་ལྟ་བུར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་སྒོམ་ལམ་པའི་མཁྱེན་པ་ཡིན་པའི་ཕྱིར། དེའི་ཚེ་སྣང་ཆ་ནས་ནི་ལམ་དུ་མི་འཇོག་སྟེ། དེའི་ཆ་ནས་ཡང་དག་མིན་རྟོག་ཏུ་སོང་བས་སྤང་བྱ་ཁོ་ནར་ངེས་པའི་ཕྱིར། ཡེ་ཤེས་ཀྱི་རང་ལྡོག་ནས་གཟུང་འཛིན་གཉིས་སུ་སྣང་བར་ཁས་མི་ལེན་ཏེ། གཉིས་སུ་སྣང་མཁན་གྱི་ཤེས་པ་དེ་ཡིན་ན་ཡེ་ཤེས་སུ་འགལ་བའི་ཕྱིར། དབང་ཤེས་ལ་འགལ་མོད། ཡེ་ཤེས་ལ་མ་ཡིན་ནོ། །ཞེ་ན། དེ་ཡང་འགལ་བ་ཡིན་ཏེ། སྤྱིར་བག་ཆགས་ཀྱི་དབང་གིས་གཉིས་སུ་སྣང་བའི་ཤེས་པ་ཡིན་ན། རྣམ་ཤེས་ཡིན་དགོས་ལ། དེ་ཡིན་ན་ཡེ་ཤེས་སུ་འགལ་བའི་ཕྱིར། འོ་ན་འཕགས་སེང་གིས་མཉམ་གཞག་ཀྱང་སྣང་བཅས་སུ་བཞེད་པས་ཟག་བཅས་སུ་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེར་ནི་སྒོ་ལྔའི་དབང་ཤེས་ལ་གཟུང་འཛིན་གཉིས་སུ་སྣང་བ་མེད་པའི་ཕྱིར་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ལ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་དེ་ལ་དཔྱད་གཞིར་གཟུང་ནས་སྦྱོར་བའི་དུས་སུ་སྒྲོ་འདོགས་གཅོད་པ་ཡིན་ཀྱང༌། དངོས་གཞིའི་དུས་སུ་ཡེ་ཤེས་དེ་དང་རྒྱུད་གཅིག་པའི་ཤེས་པ་ལ་གཟུང་འཛིན་རྒྱངས་ཆད་ཀྱི་སྣང་བ་མི་འཆད་པའི་ཕྱིར། དེ་སྐད་དུ་ཡང༌། ཡང་དག་ཉིད་པ་ཡང་དག་ལྟ། །ཞེས་སྦྱོར་བའི་དུས་སུ་སྣང་བ་ལ་དམིགས་པ་དང༌། ཡང་ཇི་སྐད་དུ། སྒོམ་པའི་སྟོབས་གྲུབ་པ་ན་འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་ཞེས་པས། དངོས་གཞིའི་དུས་ཀྱི་ཡིད་ལ་བྱེད་ཚུལ་བཤད་པ་ཡིན་ནོ། །འོ་ན་མཉམ་གཞག་སྣང་མེད་དུ་ཁས་ལེན་པ་དག་དང་ཁྱད་པར་ཅི་ཞེ་ན། དང་པོ་ནས་གཉིས་མེད་ཀྱི་ཡེ་ཤེས་ཉིད་སྒྲོ་འདོགས་གཅོད་པའི་གཞིར་འཛིན་པ་དང༌། གཟུང་འཛིན་གཉིས་སུ་སྣང་བ་དེ་སྒྲོ་འདོགས་གཅོད་པའི་ཁྱད་པར་ལས་ཕྱེ་བ་ཡིན་ཏེ། སྒྲུབ་པའི་དམིགས་པ་ངོས་འཛིན་ཚུལ་མི་མཐུན་པ་ལས། སྣང་བཅས་པ་དང་སྣང་མེད་པའི་ཐ་སྙད་སོ་སོར་འཇོག་པའི་ཕྱིར། གཞན་དག་སྒྲ་དོན་འཛིན་པའི་རྟོག་པ་དང་བཅས་མ་བཅས་ལས་ཟག་བཅས་ཟག་མེད་ཀྱི་ཁྱད་པར་འཇོག་པ་ཡང་མི་འཐད་དེ། ཐེག་ཆེན་གྱི་སྒོམ་ལམ་དང་སྒྲ་དོན་འཛིན་པའི་རྟོག་པ་གཉིས་ལ་གཞི་མཐུན་མི་སྲིད་པའི་ཕྱིར་དང༌། དེ་གཉིས་མཚུངས་ལྡན་རྣམ་པ་ལྔས་མཚུངས་པ་ཡང་མི་སྲིད་པའི་ཕྱིར་དང༌། ཤེས་རྒྱུད་གཅིག་ལ་ཅིག་ཆར་དུ་འབྱུང་སྲིད་པ་ཙམ་གྱིས་དེར་འཇོག་ན། མ་དག་སའི་ཟག་མེད་སྒོམ་ལམ་རྣམས་ཀྱང་དེར་ཐལ་བར་འགྱུར་ཏེ། ཡང་དག་པའི་རྟོག་པ་དང་ཤེས་རྒྱུད་གཅིག་ལ་ལྷན་ཅིག་ཏུ་འཇུག་པའི་ཕྱིར་དང༌། ས་བརྒྱད་པ་ཡན་ཆད་ན་སྒྲ་དོན་འཛིན་པའི་རྟོག་པ་མེད་པའི་ཕྱིར་ཡང་མི་འཐད་དོ། །ལུགས་སྔ་མ་ལ་ནི་མི་མཚུངས་ཏེ། མཉམ་གཞག་དངོས་གཞིའི་དུས་སུ་ནི་འཛིན་སྟངས་ཀྱི་བཟུང་བྱ་འབའ་ཞིག་ལ་མཉམ་པར་འཇོག་པ་ཡིན་གྱི། ཀུན་རྫོབ་ཀྱི་དམིགས་པ་དཔྱད་གཞིར་བཟུང་ནས་དེ་ལ་དཔྱོད་པ་མ་ཡིན་པའི་ཕྱིར་ཏེ། དུས་དེར་སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱང་ཡེ་ཤེས་ཀྱི་མེས་བསྲེག་པའི་ཕྱིར། མདོར་ན་ཕྱི་རོལ་དོན་དུ་སྣང་བའི་ཡང་དག་མི་རྟོག་དང་ཤེས་རྒྱུད་གཅིག་ལ་ལྷན་ཅིག་ཏུ་འཇུག་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། ཐེག་ཆེན་གྱི་ཟག་པ་དང་བཅས་པའི་སྒོམ་ལམ་གྱི་མཚན་ཉིད་དོ། །དབྱེ་ན། མོས་པ་དང༌། བསྔོ་བ་དང༌། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་སྒོམ་ལམ་དང་གསུམ་མོ། །དང་པོ་ལ། མོས་པ་ནི་ཤེས་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་དད་པའོ། །དེ་ཡང་སྤྱིར་སྒྲ་དོན་འཛིན་པའི་རྟོག་པ་ཡིན་མིན་གཉིས་ཡོད་ཀྱང༌། འདིར་ནི་གཉིས་སྣང་གི་ཆ་ནས་རྟོག་བཅས་སུ་འཇོག་མོད། སྒྲ་དོན་འཛིན་པའི་ཆ་ནས་དེར་མི་བཞག་སྟེ། ཡིད་ཀྱི་ཤེས་པ་གཅིག་གི་སྟེང་དུ་དེ་གཉིས་ཅིག་ཆར་དུ་མི་འབྱུང་བའི་ཕྱིར། མོས་པ་དེ་དང་ལྷན་ཅིག་མཚུངས་པར་ལྡན་པའི་ཡེ་ཤེས་ལ་ནི། དེ་ཡིད་ལ་བྱེད་པ་བླ་ན་མེད་པའི་ཡེ་ཤེས་ཞེས་བྱའོ། །དོན་གསུམ་ནི། རང་དོན་དང༌། གཉིས་དོན་དང༌། གཞན་དོན་ནོ། །དེ་ཡང་རང་དོན་མཐར་ཐུག་པ་ནི་ངོ་བོ་ཉིད་ཀྱི་སྐུ་དང༌། གཉིས་དོན་ནི་ཆོས་ཀྱི་སྐུ་དང༌། གཞན་དོན་ནི་གཟུགས་ཀྱི་སྐུའོ། །ཡུམ་རང་དོན་གྱི་འབྱུང་གནས་སུ་ཡིད་ལ་བྱེད་པའི་སྒོམ་པའི་ལམ་གྱིས་ནི་ཤེས་བྱའི་སྒྲིབ་པ་སྤོང་བའི་ཡེ་ཤེས་ཀྱི་ཚོགས་ལྷུར་ལེན་པར་བྱེད་དོ། །ཡུམ་གཉིས་དོན་གྱི་འབྱུང་གནས་ཡིད་ལ་བྱེད་པའི་སྒོམ་པའི་ལམ་གྱིས་ནི་ཚོགས་གཉིས་ཟུང་འཇུག་ཏུ་ལྷུར་ལེན་པར་བྱེད་དོ། །ཡུམ་གཞན་དོན་གྱི་འབྱུང་གནས་སུ་ཡིད་ལ་བྱེད་པའི་སྒོམ་པའི་ལམ་གྱིས་ནི་གཙོ་བོར་བསོད་ནམས་ཀྱི་ཚོགས་ལྷུར་ལེན་པར་བྱེད་དོ། །དེའི་ཕྱིར་ཡུམ་ཆོས་ཀྱི་སྐུ་རྐྱང་པའི་འབྱུག་གནས་སུ་ཡིད་ཆེས་ཏེ་མོས་པར་བྱས་ན་ནི་ཡང་དག་པའི་མཐའ་དུས་མིན་དུ་མངོན་དུ་བྱེད་པའི་དོགས་པ་ཡོད་པས། དོན་གསུམ་ཀའི་འབྱུང་གནས་སུ་ཡིད་ཆེས་པར་བྱེད་དགོས་སོ། །དོན་དེ་ལ་དགོངས་ནས། ཇི་སྐད་དུ། དང་པོར་མངོན་དུ་མི་བྱེད་པའི་ངོ་བོ་ཡང་རྣམ་པ་གསུམ་མོ། །ཞེས་བཤད་དོ། །དེ་བས་ན་ས་ཐོབ་ནས་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་སོག་པ་ཉིད་གཙོ་བོར་གྱུར་པ་ཡིན་པས། ཡུམ་གཞན་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པ་ལ་དེ་བཞིན་གཤེགས་པས་བཀུར་བ་དང་བསྔགས་པར་མཛད་པ་ཡིན་ནོ། །དེ་ལྟར་མོས་པ་ནི་ཤེས་ཕྱིན་གྱི་ཡོན་ཏན་ཡིད་ལ་བྱེད་པའི་རྗེས་ཐོབ་ཀྱི་ཤེས་པ་ཡིན་ལ། དེ་ཡང་དབང་པོའི་ཤེས་པ་མ་ཡིན་གྱི། ཡིད་ཀྱི་ཤེས་པར་གྱུར་པ་ཞིག་ཡིན་ལ་དེ་དང་ལྷན་ཅིག་དུས་གཅིག་ཏུ་འཇུག་པའི་དམིགས་མེད་ཀྱི་ཡེ་ཤེས་ནི་སྒོམ་པའི་ལམ་མོ། །འོག་མ་གཉིས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། བསྔོ་བ་དང་རྗེས་སུ་ཡི་རང་བ་ནི་ཀུན་རྫོབ་ཀྱི་རྣམ་པ་ཅན་ཞིག་ཡིན་ལ། དེ་དང་ལྷན་ཅིག་འབྱུང་བའི་མི་དམིགས་པའི་རྣམ་པ་ཅན་གྱི་ཆ་ནས་སྒོམ་པའི་ལམ་དུ་འཇོག་པས་སོ། །མདོར་ན། མོས་བསྔོ་ཡི་རང་གསུམ་ནི་ཐབས་ཀྱི་ཆ་དང༌། སྤྱོད་པའི་ཆ་དང༌། ཀུན་རྫོབ་པའི་རྣམ་པ་ཅན་གྱི་ཆ་ནས་འཇོག་ལ། དེ་དང་དེ་ཡིད་ལ་བྱེད་པའི་སྒོམ་པའི་ལམ་ནི་ཤེས་རབ་ཀྱི་ཆ་དང༌། ལྟ་བའི་ཆ་དང༌། དོན་དམ་པའི་རྣམ་པ་ཅན་གྱི་ཆ་ནས་གཞག་པར་གྲུབ་བོ། །དེ་ལྟར་ཤེས་པ་ན་ལྟ་བས་སྤྲོས་པ་གཅོད་པའི་ཚེ་གཞི་ལམ་འབྲས་བུའི་ཆོས་གང་ཡང་ཡོད་པ་མ་ཡིན་ནོ། །ཞེས་བཤད་པ་ལ། དེ་ལྟ་ན་ཐབས་ཀྱི་ཆ་མཐའ་དག་ལ་སྐུར་པ་བཏབ་པར་འགྱུར་རོ་ཞེས་ཟེར་བ་དེ་ཡང་ཁེགས་པ་ཡིན་ཏེ། ལྟ་བ་དང་ཤེས་རབ་ཀྱི་ཆ་ནས་ཐབས་དང་སྤྱོད་པ་མི་འཇོག་ལ། དེའི་ཆ་ནས་ཀྱང་ཅིག་ཤོས་མི་འཇོག་པའི་ཕྱིར་རོ། །འོ་ན་ལྟ་སྤྱོད་ཟུང་དུ་འཇུག་པ་ཅི་ཞེ་ན། ཀུན་རྫོབ་མ་བརྟགས་གཅིག་པུར་ཉམས་དགའ་བ་དང༌། བརྟགས་ན་རང་བཞིན་མེད་པ་གཉིས་གྲུབ་པ་དང་བདེ་བ་གཅིག་པ་ཉིད་ཀྱི་ཕྱིར་བདེན་གཉིས་ཟུང་དུ་འཇུག་པ་ཞེས་བྱའོ། །དེ་ཡང་མ་བརྟགས་པའི་བློ་ངོར་ནི་བརྟགས་པ་ཞེས་བྱ་བ་དེ་མེད་པའི་ཕྱིར། རང་བཞིན་མེད་པ་ཞེས་བྱ་བ་དེ་མེད་ལ། དཔྱད་པའི་བློ་ངོར་ནི་མ་བརྟགས་པ་ཞེས་བྱ་བ་དེ་མེད་པའི་ཕྱིར་ཀུན་རྫོབ་ཀྱི་ཆོས་ཁས་མི་ལེན་ནོ། །མདོར་ན་མོས་བསྔོ་ཡི་རང་གསུམ་ཀ་གཞན་དོན་གྱི་འབྱུང་གནས་དང༌། ཐབས་དང་བསོད་ནམས་ཀྱི་ཚོགས་སུ་འཇོག་ལ། དེ་ཡིད་ལ་བྱེད་པའི་སྒོམ་ལམ་ནི་རང་དོན་གྱི་འབྱུང་གནས་དང༌། ཤེས་རབ་དང་ཡེ་ཤེས་ཀྱི་ཚོགས་སོ། །དེ་གཉིས་ཟུང་དུ་འཇུག་པ་ནི་གཉིས་དོན་གྱི་འབྱུང་གནས་དང༌། ཚོགས་གཉིས་ཟུང་འཇུག་གོ །ཞེས་བྱ་བ་འདི་གྲུབ་བོ། །གཉིས་པ་ཐེག་ཆེན་གྱི་ཟག་པ་མེད་པའི་སྒོམ་ལམ་ལ་མཚན་ཉིད་ནི། ཡང་དག་མིན་རྟོག་དང་བྲལ་བའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་སོ། །དབྱེ་ན། ཡོན་ཏན་མངོན་པར་སྒྲུབ་པའི་སྒོམ་ལམ་དང༌། མི་མཐུན་ཕྱོགས་དག་པར་བྱེད་པའི་སྒོམ་ལམ་མོ། །གཉིས་པོའི་ཁྱད་པར་ནི་གང༌། གཉིས་སུ་འབྱེད་པའི་རྒྱུ་མཚན་ནི་ཅི་ཞེ་ན། ཁྱད་པར་ལ་དང་པོ་ནི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྱི་ཙམ་ནས་ཡིན་ལ། གཉིས་པ་ནི། བར་ཆད་མེད་པའི་ལམ་ཁོ་ནའོ། །རྒྱུ་མཚན་ནི། ཟག་པ་མེད་པའི་ཐེག་ཆེན་གྱི་སྒོམ་པའི་ལམ་ལ་འབྲས་བུ་ནི་གཉིས་ཏེ། ཆོས་ཀྱི་སྐུ་དང༌། རྣམ་པར་གྲོལ་བའི་སྐུའོ། །དང་པོ་ནི། སྟོབས་སོགས་ཡོན་ཏན་རྫོགས་པའི་ཆ་ནས་འཇོག་ཅིང༌། གཞན་དོན་མཐར་ཕྱིན་པའི་སྐུ་དང༌། རྟོགས་པ་མཐར་ཐུག་པའི་ཆའོ། །གཉིས་པ་ནི། སྒྲིབ་པ་གཉིས་ལས་རྣམ་པར་གྲོལ་བའི་ཆ་ནས་འཇོག་ཅིང༌། སྤངས་བའི་ཆ་དང༌། རང་དོན་མཐར་ཕྱིན་པའི་སྐུའོ། །བསྒྲུབ་བྱ་དོན་དམ་པ་ཆོས་ཀྱི་སྐུ་ལ་དེ་ལྟར་གཉིས་སུ་ངེས་པའི་རྒྱུ་མཚན་གྱིས། སྒྲུབ་བྱེད་སྒོམ་པའི་ལམ་ལའང་ཡོན་ཏན་མངོན་པར་སྒྲུབ་པའི་སྒོམ་ལམ་དང༌། མི་མཐུན་ཕྱོགས་སྤོང་བའི་ལམ་གཉིས་སུ་ཕྱེའོ། །དེ་སྐད་དུ་ཡང༌། རྒྱུད་བླ་མར། མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི་གཉིས་ཞེས་བྱ་སྟེ། །གྲོལ་བའི་སྐུ་ནི་སྦྱོང་བ་དང༌། །ཆོས་ཀྱི་སྐུ་ནི་རྫོགས་པའོ། །ཞེས་གསུངས་སོ། །འོ་ན་ཅི། གཞུང་དེར་ཆོས་སྐུ་རྫོགས་བྱེད་ཀྱི་ལམ་རྗེས་ཐོབ་ཡེ་ཤེས་ལ་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ཙམ་ལ་དགོངས་ནས། ལོ་ཙཱ་བ་ཆེན་པོས་སྒྲུབ་པ་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་སུ་འཆད་མོད། རིགས་པ་ནི་མ་ཡིན་ཏེ། ཟག་མེད་སྒོམ་ལམ་གྱི་རྣམ་གཞག་འཕགས་སེང་གི་ལུགས་དང་མཐུན་པར་འཆད་དགོས་པའི་ཕྱིར། འོ་ན་ཅི་ཞེ་ན། རྣམ་གྲོལ་གྱི་སྐུ་ནི་སྤངས་པ་རྐྱང་པའི་དབང་དུ་བྱས་པས་མཉམ་གཞག་བར་ཆད་མེད་ལམ་ཁོ་ནའི་འབྲས་བུ་ཡིན་ལ། ཆོས་ཀྱི་སྐུ་ནི་སྤངས་རྟོགས་དང༌། དོན་གཉིས་ཟུང་དུ་འཇུག་པའི་སྐུ་ཡིན་པས་མཉམ་རྗེས་གཉིས་ཀའི་འབྲས་བུར་གྱུར་ཀྱང༌། འདིར་ནི་ཡོན་ཏན་མངོན་པར་སྒྲུབ་པའི་མཉམ་གཞག་ཉིད་འཆད་པ་སྐབས་སུ་བབ་པ་ཉིད་ཀྱི་ཕྱིར་མི་འགལ་ལོ། །དེ་དག་གཞུང་དང་ཇི་ལྟར་སྦྱོར་བའི་ཚུལ་ནི། རང་ལུགས་བཞག་པ་དང༌། གཞན་ལུགས་མི་འཐད་པ་གཉིས་ཀྱི་སྒོ་ནས་འཆད་པ་ལས། དང་པོ་ནི། དོན་ཆེན་ཉིད། ཅེས་པས་བསྒྲུབ་བྱ་ཆོས་ཀྱི་སྐུ་དེ་བསྟན་པ་ཡིན་ནོ། །དེའི་ངོ་བོ་ཉིད། ཅེས་པས་ནི་སྒྲུབ་བྱེད་སྒོམ་ལམ་གྱི་ངོ་བོ་ངོས་བཟུང་བ་ཡིན་ནོ། །མཆོག་ཉིད། ཅེས་པས་ནི་དེས་དེ་སྒྲུབ་ནུས་པའི་ཤེས་བྱེད་བསྟན་པ་ཡིན་ནོ། །ཀུན་ལ་མངོན་པར་འདུ་མི་བྱེད། །ཅེས་པས་འཛིན་སྟངས་ཀྱི་ཁྱད་པར་དེ་བརྗོད་དོ། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད། ཅེས་པས་ནི་གནས་སྐབས་རྒྱུ་མཐུན་གྱི་འབྲས་བུ་བཤད་དོ། །གཉིས་པ་རྣམ་དག་སྒོམ་ལམ་ལ། འབྲས་བུ་རྣམ་དག་བཤད་པ་དང༌། དེ་སྒྲུབ་བྱེད་སྒོམ་པའི་ལམ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྣམ་དག་གི་ལྷན་ཅིག་བྱེད་པའི་རྐྱེན་དང༌། འབྲས་བུ་རྣམ་དག་དངོས་སོ། །དང་པོ་ནི། སངས་རྒྱས་རྟེན་དང༌། སོགས་སོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། འབྲས་བུ་དག་པ་སོགས་ཡིན་ལ། གཉིས་པ་ལ་ཞར་བྱུང་ཉན་རང་གི་རྣམ་དག་བཤད་པ་དང༌། སྐབས་སུ་བབ་པ་བྱང་སེམས་དང༌། སངས་རྒྱས་ཀྱི་རྣམ་དག་བཤད་པའོ། །དང་པོ་ནི། ཉོན་མོངས་ཤེས་བྱའི་སྒྲིབ་པ་དག །ཉམས་ཕྱིར་སློབ་མ་བསེ་རུ་དག །ཅེས་པས་བསྟན་ལ། གཉིས་པ་ནི། ལམ་གསུམ་གྱི་ནི་སྒྲིབ་པ་རྣམས། །ཉམས་ཕྱིར་རྒྱལ་སྲས་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་པས་བསྟན། གཉིས་པ་ལ་ངོ་བོ་ངོས་བཟུང་ནས་དེ་རྣམ་དག་སྒོམ་ལམ་ཡིན་པའི་ཤེས་བྱེད་བསྟན་པ་དང༌། སྤང་བྱ་སྤོང་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ས་དགུ་ལ་ནི་ཞེས་སོགས་ཀྱིས་བསྟན། གཉིས་པ་ནི། དེ་ལ་ཀླན་ཀ་སྤངས་པ་ཡི། །ཞེས་སོགས་སོ། །སྐབས་འདིར་འབྲས་བུ་དག་པ་ཞེས་པ་ནི་གློ་བུར་རྣམ་དག་གི་ཆོས་ཉིད་དེ། འཕགས་པ་བཞི་ཀའི་དབང་དུ་བྱས་སོ། །གཟུགས་ལ་སོགས། རྣམ་པར་དག་པ་ཞེས་པ་ནི་རང་བཞིན་རྣམ་དག་གི་ཆོས་ཉིད་དེ། དེ་ལའང་གང་ཟག་དང༌། གཟུང་བ་ཆོས་དང་འཛིན་པ་ཆོས་ཀྱི་བདག་ཏུ་འཛིན་པའི་དྲི་མས་རང་བཞིན་གྱིས་རྣམ་པར་དག་པའི་དབྱེ་བས་གསུམ་མོ། །དེ་གཉིས་ཐ་དད་མ་ཡིན་ཞིང་ཞེས་པའི་དོན་ནི་དག་པ་གཉིས་པོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཞེས་བྱ་བའི་དོན་ཏེ། གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །ཐ་དད་དུ་མ་གྲུབ་པའི་ཤེས་བྱེད་ནི། རྫས་དང་ལྡོག་པ་གང་གི་ཆ་ནས་ཀྱང་ཐ་དད་དུ་མ་གྲུབ་པའི་ཕྱིར། དེས་གཅིག་ཏུ་མ་གྲུབ་པའི་ཤེས་བྱེད་ཀྱང་མཚོན་ནུས་ཏེ། རྫས་ལྡོག་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །རྫས་སུ་གྲུབ་ན་ནི་བདེན་པར་འགྱུར་ལ། ལྡོག་པར་གྲུབ་པ་ན་ནི་བློ་རྟོག་པའི་ཆོས་སུ་སོང་བས་དེའི་ཡུལ་ཅན་གྱི་བློ་རྟོག་པ་ཉིད་དུ་ཐལ་བར་འགྱུར་རོ། །མདོར་ན། ངག་དོན་ནི། གློ་བུར་རྣམ་དག་གི་དེ་བཞིན་ཉིད་ཆོས་ཅན། ཁྱོད་རྣམ་དག་ཏུ་གཞག་པ་དེ་སྔར་ཡོད་ཀྱི་དྲི་མ་ཞིག་ཕྱིས་མེད་པར་སོང་བའི་ཆ་ནས་རྣམ་དག་ཏུ་བཞག་པ་མ་ཡིན་ཏེ། ཁྱོད་དྲི་མ་རང་བཞིན་གྱིས་རྣམ་པར་དག་པ་ལ་རང་གི་ཡུལ་ཅན་གྱི་བློས་དག་པ་ཉིད་དུ་ཤེས་ཤིང་རྟོགས་པའི་ཆ་ནས་དེར་བཞག་པའི་ཕྱིར། དེ་སྒྲུབ་པ་ནི། ཡུལ་ཅན་གྱི་བློ་གློ་བུར་གྱི་དྲི་མ་དག་པ་དེ་ཆོས་ཅན། རང་གི་ངོ་བོ་སྔར་མེད་གསར་བྱུང་མ་ཡིན་ཏེ། ཡུལ་རང་བཞིན་གྱིས་རྣམ་པར་དག་པ་དེ་དང་ཐ་དད་དུ་མ་གྲུབ་པའི་ཕྱིར། ཞེས་པའོ། །འདིར་དག་བྱ་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་མཚོན་ནས་བསྟན་པ་ཡིན་ཏེ། དེས་གང་ཟག་དང་ཆོས་སུ་འཛིན་པའི་རྟོག་པ་མཚོན་པའི་ཕྱིར། དག་བྱེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་སྒོམ་པའི་ལམ་མོ། །དག་འབྲས་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞི་པོ་རྣམས་སོ། །དེ་གསུམ་དབྱེར་མེད་པ་ནི་ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་དབྱེར་མེད་དུ་སོང་བའོ། །འདིར་འབྲས་བུ་རྣམ་དག་ལ་གསུམ་སྟེ། ཉན་ཐོས་ཀྱི་དང༌། རང་སངས་རྒྱས་ཀྱི་དང༌། ཐེག་པ་ཆེན་པོའི་འོ། །འདིར་སྐབས་སུ་བབ་པ་ནི་ཕྱི་མ་སྟེ། ཟག་མེད་སྒོམ་ལམ་གྱི་འབྲས་བུ་འཆད་པ་སྐབས་སུ་བབ་པའི་ཕྱིར། དེ་ལའང་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཉིས་ལས། དང་པོ་ནི། བྱང་ཆུབ་སེམས་དཔའི་རྒྱུན་ཞུགས་ཀྱི་འབྲས་བུ་སོགས་གསུམ་མོ། །ཕྱི་མ་ནི་དེའི་དགྲ་བཅོམ་པའི་འབྲས་བུ་སྟེ། རྣམ་དག་ཤིན་ཏུ་བར་གྱུར་པའོ། །དང་པོའི་སྒྲུབ་བྱེད་ལ་ནི་མཐོང་བའི་ལམ་ཡང་སྲིད་པ་ཡིན་ཏེ། བསྒྲུབ་བྱའི་ནང་ན་རྒྱུན་ཞུགས་ཀྱི་འབྲས་བུ་ཡོད་པའི་ཕྱིར། དེ་ལྟ་ན་ཡང་འདིར་བཤད་པའི་བསྒྲུབ་བྱའི་གཙོ་བོ་ནི་རྣམ་དག་ཤིན་ཏུ་བ་ཡིན་པའི་ཕྱིར་ན་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་ཁོ་ནའོ། །གཉིས་པ་ནི། ཨར་གྱིས་སྒོམ་ལམ་གཉིས་པོ་རྒྱུ་འབྲས་སུ་བཤད་པ་དང༌། འབྲས་བུ་དག་པ་ཞེས་སོགས་ཀྱིས་རྣམ་དག་སྒོམ་ལམ་གྱི་ངོ་བོ་ངོས་འཛིན་པ་དང༌། གཞུང་དེས་བསྟན་པའི་དོན་ཡང་རྣམ་པར་གྲོལ་བའི་ལམ་ལ་འཆད་པ་དང༌། དེའི་ངོ་བོ་ཞེས་སོགས་ཀྱིས་བར་ཆད་མེད་ལམ་ཁོ་ན་བསྟན་པར་འདོད་པ་ནི་མི་རིགས་ཏེ། སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པའི་ཕྱིར་རོ། །དང་པོ་ནི། དེ་ལྟར་སྟོན་བྱེད་ཀྱི་གཞུང་འགྲེལ་མེད་པ་དང༌། གཉིས་པ་ནི། ཡོན་ཏན་མངོན་པར་སྒྲུབ་པའི་ལམ་དང༌། མི་མཐུན་ཕྱོགས་སྤོང་བའི་ལམ་དང༌། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་གསུམ་གྱི་རྣམ་དབྱེ་ཐ་དད་དུ་འཆད་དགོས་པའི་ཕྱིར་དང༌། རྣམ་དག་གི་རྒྱུ་ལ་ཉེ་བར་ལེན་པའི་རྒྱུ་དང༌། ལྷན་ཅིག་བྱེད་པའི་རྐྱེན་གཉིས་སུ་ངེས་ཤིང༌། དེ་དག་ནི་ས་དགུ་སོགས་དང༌། སངས་རྒྱས་བསྟེན་དང་སོགས་གཞུང་ཚན་གཉིས་ཀྱིས་སྟོན་པའི་ཕྱིར་ན། དེའི་ངོ་བོ་ཉིད་སོགས་ཀྱིས་རྣམ་དག་གི་ཉེ་བར་ལེན་པའི་རྒྱུ་སྟོན་མི་དགོས་པ་དང༌། འབྲས་བུ་རྣམ་པར་དག་པ་ཞེས་བྱ་བ་དེ་རྣམ་གྲོལ་གྱི་ལམ་ལ་སྦྱར་ན་ཡུལ་ཅན་ཤེས་ཕྱིན་དང་བཟློས་པ་དང༌། གཞུང་དེས་རྣམ་དག་སྒོམ་ལམ་བསྟན་པར་འདོད་ན། རྣམ་དག་ཤིན་ཏུ་བ་དེ་ཉིད་རྣམ་དག་སྒོམ་ལམ་དུ་ཐལ་བར་འགྱུར་ཏེ། གཞུང་དེའི་བསྟན་བྱའི་གཙོ་བོ་ནི་ཤིན་ཏུ་བར་ངེས་པའི་ཕྱིར་རོ།།  །།གཉིས་པ་སྤང་བྱ་སྤོང་ཚུལ་ལ། སྤང་གཉེན་སྦྱར་བ་དང༌། མངོན་གྱུར་དང༌། གནས་ངན་ལེན་གཉིས་ལས་གང་ལ་གནོད་པ་བྱེད་པའི་ཚུལ་དཔྱད་པའོ། །དང་པོ་ནི། ས་གཉིས་པ་ནས་བདུན་པའི་བར་དུ་ཐེག་ཆེན་གྱི་སྒོམ་པའི་ལམ་ཆུང་ངུ་སྐོར་གསུམ་དང༌། འབྲིང་པོ་སྐོར་གསུམ་དང་དྲུག་གིས་ནི། ཤེས་སྒྲིབ་ཀྱི་རྟོག་པ་ཆེན་པོ་སྐོར་གསུམ་དང་འབྲིང་པོ་སྐོར་གསུམ་རིམ་གྱིས་སྤོང་བར་བྱེད་ཅིང༌། དེ་དང་དུས་མཉམ་དུ་བག་ལ་ཉལ་གྱི་ཉོན་སྒྲིབ་ཅེས་བྱ་བའི་མིང་ཅན་ཉོན་མོངས་པ་སྲེད་ལེན་གྱི་སྟེང་གི་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་བག་ལ་ཉལ་ཆེན་པོ་སྐོར་གསུམ་དང༌། འབྲིང་པོ་སྐོར་གསུམ་སྟེ་དྲུག་པོ་དེ་ཡང་སྤོང་བ་ཡིན་ཏེ། མ་དག་སར་ནི་དེ་དག་མ་སྤངས་ན་རྗེས་ཐོབ་ཏུ་མངོན་གྱུར་དུ་འབྱུང་བའི་ཕྱིར་རོ། །དག་པའི་ས་གསུམ་དུ་ནི་གཉེན་པོ་ཆེན་པོ་སྐོར་གསུམ་གྱིས་སྤང་བྱ་མ་རིག་པའི་བག་ཆགས་ཆུང་ངུ་སྐོར་གསུམ་སྤོང་བར་བྱེད་དོ། །དེ་ལའང་ཉོན་མོངས་པ་ཅན་གྱི་དང༌། དེ་མ་ཡིན་པའི་མ་རིག་པའི་བག་ཆགས་ཀྱི་དབྱེ་བས་གཉིས་སོ། །དེ་གཉིས་ཀས་ཀྱང་དག་སའི་བྱང་སེམས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་བྱེད་དོ། །རྒྱུན་གྱི་ཐ་མས་ནི་རྒྱུ་དེ་གཉིས་ཀ་སྤོང་དགོས་པ་ཡིན་ཏེ། དེ་མ་སྤངས་པར་ཆོས་ཀྱི་སྐུ་མངོན་དུ་བྱེད་མི་ནུས་པའི་ཕྱིར། ནམ་གྱི་ཚེ་སྤོང་ན། རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པ་དེའི་ཚེའོ། །དེ་ཡང་ཇི་སྐད་དུ། ཅིག་ཆར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ༌། །ཅིག་ཆར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་གསུངས་པ་དང་མཐུན་ལ། འོན་ཀྱང་དེར་ནི་དེ་ཉོན་མོངས་མཚན་ཉིད་པར་འདོད་ཅིང་འདིར་ནི་དེར་མི་འདོད་པ་ནི་ཁྱད་པར་ཡིན་ནོ། །གཉིས་པ་ནི། སྤོང་གཉེན་གྱིས་ཉོན་མོངས་པ་དང་རྣམ་པར་རྟོག་པ་མངོན་གྱུར་པ་ལ་དངོས་སུ་གནོད་པ་བྱེད་པ་ནི་མ་ཡིན་ཏེ། དེ་གཉིས་ཤེས་རྒྱུད་གཅིག་ལ་ལྷན་ཅིག་ཏུ་མི་གནས་པའི་ཕྱིར། འོ་ན་ཅི་ཞེ་ན། དེའི་ས་བོན་ནམ། གནས་ངན་ལེན་གང་རུང་དང་དངོས་སུ་ཕྲད་ནས་གནོད་པ་བྱེད་པ་ཡིན་ཏེ། དེ་གཉིས་རྒྱུད་གཅིག་ལ་ཅིག་ཆར་དུ་འཇུག་ཏུ་རུང་བའི་ཕྱིར། དེ་ཡང་སྤང་བྱ་ནི་ཀུན་གཞིའི་སྟེང་ན་གནས་པ་ཡིན་པས། གང་ཟག་གཅིག་གི་རྒྱུད་ལ་ལྷན་ཅིག་ཏུ་གནས་པ་མི་འགལ་བ་ཡིན་ལ། སྔ་མ་ལ་ནི་མི་མཚུངས་ཏེ། ཉོན་མོངས་པ་དང་རྣམ་པར་རྟོག་པ་ནི་ཡིད་ཀྱི་ཤེས་པའི་ངོ་བོར་སྐྱེ་དགོས་ཀྱི། ཀུན་གཞི་ལ་མི་སྲིད་པའི་ཕྱིར་རོ། །འོ་ན་ཇི་སྐད་དུ། གཉེན་པོའི་རྣམ་པ་དེ་འབྱུང་བ་དང་གནས་ངན་ལེན་གྱི་རྣམ་པ་གང་ཡིན་པ་དེ་འགག་པ་ནི་མཉམ་པས་མཉམ་སྟེ། སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ། །ཞེས་བཤད་པ་དེ་ཅི་ཞེ་ན། དེའི་དོན་ནི་གཉེན་པོ་ད་ལྟ་བར་དང༌། དེའི་ངོ་སྐལ་གྱི་སྤང་བྱ་འདས་པ་འགག་པ་གཉིས་དུས་མཉམ་པར་སྟོན་པ་མ་ཡིན་ཏེ། སྣང་བ་ད་ལྟར་བ་དང༌། དེའི་སྤང་བྱ་མུན་པ་འགགས་པ་གཉིས་དུས་མཉམ་པར་བསྟན་པ་ལས་གསལ་བའི་ཕྱིར། དེ་ལས་གཞན་དུ་འཆད་ནུས་པ་མ་ཡིན་ཏེ། དོན་དང་དཔེ་གཉིས་ཀ་མི་འགྲིག་པའི་ཕྱིར། དང་པོ་ནི། གཉེན་པོ་དེའི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་དེ་ཡིན་ན་དེ་ལ་ལྟོས་པའི་མ་འོངས་པ་ཡིན་པས་ཁྱབ་ལ། དེ་ལ་ནི་གཉེན་པོ་ད་ལྟར་བས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ཞེས་བྱ་བའི་ཐ་སྙད་འཐོབ་པ་ཡིན་གྱི། དེ་འགགས་པ་དང་གཉེན་པོ་ད་ལྟར་བ་སྐྱེས་པ་དུས་མཉམ་ཞེས་བརྗོད་ན་ཤིན་ཏུ་འཁྲུལ་བར་འགྱུར་བའི་ཕྱིར་ཏེ། གཞན་དུ་ན་སྤང་བྱ་མ་འོངས་པ་དེ་གཉེན་པོ་ད་ལྟར་བའི་སྔ་རོལ་དུ་གྲུབ་པར་ཐལ་ལོ། །དཔེ་མི་འགྲིག་པའི་ཚུལ་ནི། སྣང་བ་ད་ལྟར་བ་སྐྱེས་པ་དང༌། དེའི་སྔ་ལོགས་ཀྱི་མུན་པ་འདས་པ་དུས་མཉམ་ཞེས་བྱ་བའི་དོན་ཡིན་ལ། དེ་ནི་དེའི་བསལ་བྱ་མ་ཡིན་ཏེ། བསལ་ཟིན་སླར་ཡང་སེལ་དགོས་ན་ཐུག་མེད་དུ་ཐལ་བའི་ཕྱིར་དང༌། གནོད་བྱ་འགགས་པ་ནི་དེ་ལ་ལྟོས་པའི་གནོད་བྱེད་ཀྱི་འབྲས་བུར་ཁས་ལེན་དགོས་པ་དེ་རིགས་པའི་གཞུང་ལུགས་ཡིན་པ་ལས། འདིར་ནི་དེ་གཉིས་དུས་མཉམ་དུ་བཤད་པའི་ཕྱིར་ཡང་འགགས་ཟིན་པའི་མུན་པ་དེ་སྣང་བ་ད་ལྟར་བའི་གནོད་བྱ་དང༌། དེ་དེའི་གནོད་བྱེད་དུ་མི་རིགས་སོ། །འོ་ན་སྣང་བ་དེའི་བསལ་བྱར་གྱུར་པའི་མུན་པ་ནི་གང༌། དེས་དེ་སེལ་བའི་དོན་ཅི་ཞེ་ན། སྣང་བ་དེའི་རང་དུས་སུ་མ་སྐྱེས་པའི་མུན་པ་ནི་དེའི་བསལ་བྱའོ། །བསལ་བའི་དོན་ནི། སྣང་བ་དེ་མ་སྐྱེས་ན་དེའི་རང་དུས་དེར་མུན་པའི་རྒྱུན་འཐུད་རྒྱུ་ཡིན་པ་ལས་དེའི་སྟོབས་ཀྱིས་དེ་མ་སྐྱེས་པའོ། །མདོར་ན་གཉེན་པོ་སྐྱེས་པ་དང༌། དེའི་བསལ་བྱ་མ་སྐྱེས་པ་གཉིས་དུས་མཉམ་པ་ཡིན་གྱི། འགག་པ་དུས་མཉམ་པ་མ་ཡིན་ནོ། །དེ་ལྟ་ཡིན་པའི་ཕྱིར་དཔེ་དོན་གཉིས་ཀའི་སྐབས་སུ་གནོད་བྱེད་དེས་རང་གི་གནོད་བྱ་དེ་ལ་དངོས་སུ་གནོད་པ་བྱེད་པ་མ་ཡིན་ཏེ། གནོད་བྱ་འདས་པ་ནི་འགགས་ཟིན་པས་དེ་བྱར་མེད། མ་འོངས་པ་ནི་མ་སྐྱེས་པས་དེ་བྱར་མེད། ད་ལྟར་བ་ནི་སྐྱེས་ཟིན་པས་གནོད་པ་བྱས་ཀྱང་དགོས་པ་མེད་པའི་ཕྱིར། འོ་ན་ཅི་ཞེ་ན། གནོད་བྱེད་དེ་རང་གི་གནོད་བྱ་མ་འོངས་པ་དེའི་རྒྱུ་དང་ལྷན་ཅིག་འགྲོགས་ནས་དེས་དེའི་འབྲས་བུ་བསྐྱེད་པ་ལ་གེགས་བྱས་པའི་སྒོ་ནས་དེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་དེས་དེ་སྤངས་པ་ཞེས་བརྗོད་པ་ཡིན་ནོ། །ཞེས་སྔ་མ་ལས་ཀྱང་ཤིན་ཏུ་ཞིབ་པར་བཤད་པ་ཡིན་ནོ། །འདིར་སྨྲས་པ། ཁོ་བོས་ཆོས་འདི་རིང་ནས་དཔྱད་དཔྱད་པ། །ལ་ལར་གཞན་གྱི་རྗེས་སུ་འབྲངས་འབྲངས་པ། །དེ་རིང་ཁོ་ན་རང་བློས་བརྟགས་བརྟགས་པ། །སྔོན་ནས་མ་བཤད་དེང་འདིར་བཤད་བཤད་པའོ། །ཅེས་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལུང་ཆོས་སྤྱིའི་སྙིང་པོ་བསྡུས་པ་ཞེས་བྱ་བ་ལས་ལམ་ཤེས་པ་ཉིད་ཀྱི་སྐབས་ཏེ་གཉིས་པའོ།།  །།གསུམ་པ་གཞི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེའུ་འཆད་པ་ལ་གཉིས་ཏེ། མདོའི་འབྲེལ་དང༌། འབྲེལ་བ་ཅན་སོ་སོའི་དཀའ་བའི་གནས་བཤད་པའོ། །དང་པོ་ནི། གོང་དུ་བཤད་མ་ཐག་པའི་རྣམ་དག་སྒོམ་ལམ་གྱི་མདོ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། ཡུམ་འདི་ནི་ཚུ་རོལ་གྱི་མཐའ་ལ་མ་ལགས། ཕ་རོལ་གྱི་མཐའ་ལ་གནས་པ་མ་ལགས། དེ་གཉིས་ཀའི་བར་ན་མི་དམིགས་སོ། །ཞེས་པས་ནི་སྐབས་གཉིས་པར་བསྟན་པའི་ཤེས་ཕྱིན་དེ་འཁོར་འདས་བར་གསུམ་ལ་མི་གནས་པར་བསྟན་ནོ། །དེ་ལ་གནས་པའི་ཤེས་ཕྱིན་ནི་མདོ་དང་རྩ་བ་གཉིས་ཀ་ན་མེད་ཀྱང་འགྲེལ་པས་ཁ་བསྐང་བ་ཡིན་ནོ། །མདོ་དེ་ལ་འཕྲོས་ནས། ཇི་སྐད་དུ། རབ་འབྱོར་གྱིས་གསོལ་པ། གང་ལ་ལ་ཡུམ་འདི་ལ་དམིགས་པའི་ཚུལ་དུ་ཤེས་པར་བགྱིད་ན་ཤེས་ཕྱིན་འདི་འདོར་བར་འགྱུར་རོ། །ཞེས་པས་ནི་གཟུགས་བརྙན་གྱི་ཤེས་ཕྱིན་ཡུམ་ལ་རིང་བ་དེ་བཤད་ལ། གསོལ་པ། བྱང་ཆེན་རྣམས་ཆགས་པ་དང་མ་ཆགས་པ་མ་མཆིས་པར་ཡུམ་འདི་ལེགས་པར་བཤད་པ་དང་མཐར་དབྱུང་བའི་བར་ནི་ངོ་མཚར་ཏོ། །ཞེས་པས་བྱང་སེམས་ཀྱི་ཤེས་ཕྱིན་འབྲས་ཡུམ་ལ་ཉེ་བའི་ཚུལ་བཤད་དོ། །ཤཱ་རིའི་བུས། རབ་འབྱོར་ལ་ཆགས་པ་དང་མ་ཆགས་པ་གང་ཡིན་དྲིས་པའི་ལན་དུ་གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཞེས་སོགས་ཀྱིས་ནི་གཟུགས་བརྙན་གྱི་ཤེས་ཕྱིན་འབྲས་ཡུམ་ལ་འཇུག་པའི་མི་མཐུན་ཕྱོགས་དང་བཅས་པ་དེ་བསྟན་ནོ། །རབ་འབྱོར་གྱི་སྨྲས་པ། མ་ཆགས་པ་གང་ཡིན་ཞེས་བྱ་བ་ནི་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ལ་གཟུགས་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །ཞེས་སོགས་ཀྱིས་ནི་བྱང་སེམས་ཀྱི་ཤེས་ཕྱིན་ཆགས་པ་དེའི་གཉེན་པོའི་ཕྱོགས་སུ་བསྟན་ནོ། །ཆགས་པ་ཕྲ་ཞེས་པའི་ཐད་ཀྱི་མདོར། དེ་བཞིན་གཤེགས་པ་ཡིད་ལ་བྱེད་ན་ཆགས་པའོ། །ཞེས་པ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། ཡུམ་འདི་ནི་ཟབ་བོ། །བཀའ་སྩལ་པ། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར་རོ། །ཞེས་སོགས་ཀྱིས་ནི་ཆགས་པ་ཕྲ་མོ་མི་མཐུན་ཕྱོགས་སུ་བསྒྲུབ་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་གཉིས་མ་ཡིན་ཏེ། གཅིག་ཏུ་ཟད་དོ། །ཆོས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་རང་བཞིན་མ་ཡིན་ནོ། །ཞེས་སོགས་ཀྱིས་ནི་ཆགས་པ་དེའི་གཉེན་པོ་བཤད་དོ། །གོང་དུ་རང་བཞིན་གྱི་ཤེས་ཕྱིན་ཟབ་པརབཤད་པ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། ཡུམ་ནི་རྟོགས་པར་དཀའོ། །བཀའ་སྩལ་པ། དེ་ནི་སུས་ཀྱང་མ་མཐོང༌། མ་ཐོས། མ་ཤེས། རྣམ་པར་མ་ཤེས་སོ། །ཞེས་པས་ནི་རྟོགས་དཀའ་བར་བཤད་དོ། །དེ་ལ་འཕྲོས་ནས། གསོལ་པ། ཡུམ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་བྱ་བས་ནི་བསམ་གྱིས་མི་ཁྱབ་དེ་བཤད་དོ། །དེ་ལྟར་ཤེས་ཕྱིན་གཉིས་ཀྱི་ཁྱད་པར་བཤད་པ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། བྱང་ཆེན་ཡུམ་ལ་ཇི་ལྟར་སྤྱད་པར་བགྱི། བཀའ་སྩལ་པ། དེ་དེ་ལ་སྤྱོད་པའི་ཚེ་གཟུགས་ལ་མི་སྤྱོད་ན་དེ་ལ་སྤྱོད་དོ། །ཞེས་སོགས་ཀྱིས་ནི་གཞི་ཤེས་ཀྱི་སྐབས་ནས་བསྟན་པའི་སྦྱོར་བ་གསུངས་སོ། །འདི་ནི་དོན་ལ་ལམ་ཤེས་ཀྱི་སྦྱོར་བ་ཡིན་ཏེ། སྐབས་གཉིས་པའི་ཤེས་ཕྱིན་ལ་འཇུག་པའི་སྦྱོར་བ་ཡིན་པའི་ཕྱིར། སྣང་བ་རྣམ་བདུན་གྱི་མདོར། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བཤད་པ་ལ་སོགས་པ་ལ་འཕྲོས་ནས། བརྒྱ་བྱིན་གྱིས། རབ་འབྱོར་ལ་དེར་ཤེས་པའི་ཆ་དེ་དྲིས་པའི་ལན་དུ། ཀཽ་ཤི་ཀ་དེ་དེ་ལ་སྤྱོད་པའི་ཚེ། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས། གཟུགས་ལ། གཟུགས་བདག་གི་ཅེས་རློམ་སེམས་སུ་མི་བྱེད། ཅེས་སོགས་ཀྱིས་ནི་སྦྱོར་བ་དེའི་མཉམ་ཉིད་ཀྱི་མིང་ཅན་འཛིན་སྟངས་ཀྱི་ཁྱད་པར་དེ་བཤད་པ་ཡིན་ནོ། །དེ་ནས་སངས་རྒྱས་ཀྱི་མཐུས། འདོད་གཟུགས་ཀྱི་ལྷ་རྣམས་ཀྱིས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཡི་གེ་འདི་ཉིད་ཀྱིས་ཤེས་ཕྱིན་འདི་ཉིད་སྟོན་པ་སེམས་ཀྱིས་མཐོང་བར་གྱུར་ཏོ། །ཞེས་སོགས་ཀྱིས་ནི། གཞི་ཤེས་ཀྱི་སྐབས་ནས་འབྱུང་བའི་མཐོང་ལམ་དེ་བསྟན་པ་ཡིན་ནོ། །འདི་ནི་དོན་ལམ་ཤེས་ཀྱི་ཤེས་ཕྱིན་ཡིན་ཏེ། སྦྱོར་བ་དེ་ལས་དངོས་སུ་སྐྱེས་པའི་གཙོ་བོའི་ཤེས་ཕྱིན་དེ་ཉིད་ངོས་བཟུང་བའི་ཕྱིར། བསྟན་ཚུལ་ནི་མི་འདྲ་སྟེ། སྐབས་གཉིས་པར་ནི་ཆོས་འདི་ལ་ངེས་པ་འདྲེན་ཚུལ་ཕན་ཡོན་དང་བཅས་པའི་སྒོ་ནས་བཤད་ལ། འདིར་ནི་ཉན་རང་གི་ལམ་ལ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱེད་མཁན་གྱི་ཆ་ནས་བསྟན་པ་ནི་ཁྱད་པར་ཡིན་ནོ། །དེ་ལྟར་ལེའུ་གསུམ་པ་རྫོགས་མཚམས་སུ། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། མི་ཐོབ་པར་བྱེད་པ་མ་ཡིན། ཞེས་སོགས་དང༌། ཡུམ་འདི་ནི་འདོད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན། ཞེས་སོགས་དང༌། ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན། འཕྲོག་པར་བྱེད་པ་མ་ཡིན་ཞེས་སོགས་མདོ་ཚན་གསུམ་གསུངས་པ་དེ་ནི་ལེའུ་དང་པོ་གསུམ་གྱི་དོན་བསྡུས་པའི་མདོ་ཡིན་ལ། དེའི་དོན་འཆད་པ་ནི། དེ་ལྟར་འདི་དང་ཡང་འདི་དང༌། །ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། སྐབས་འདིའི་བསྟན་བྱའི་གཙོ་བོ་ངོས་བཟུང་བ་དང༌། གཞུང་སོ་སོའི་མཐའ་དཔྱད་པའོ། །དང་པོ་ནི། གལ་ཏེ་སྐབས་འདིར་བསྟན་པའི་གཞི་ཤེས་དེ་གང་ཡིན། དེ་ཉིད་སྐབས་འདིའི་བསྟན་བྱའི་གཙོ་བོ་ཡིན་ནམ། ཞེ་ན། དང་པོ་ནི། ཉན་རང་གི་རྒྱུད་ཀྱི་ཤེས་ཕྱིན་ཞེས་བྱ་བའི་མིང་ཅན། དམན་པའི་གཞི་ཤེས་ཉིད་ལ་འཆད་དགོས་པ་ཡིན་ཏེ། སྐབས་འདིས་དངོས་པོ་བརྒྱད་ཀྱི་ཟླས་ཕྱེ་བའི་གཞི་ཤེས་ཤིག་བསྟན་དགོས་ལ། བྱང་སེམས་ཀྱི་གཞི་ཤེས་ནི་འདིར་བསྟན་པ་མེད་པའི་ཕྱིར། གལ་ཏེ་སྲིད་ཞི་ལ་མི་གནས་པ་དང༌། ཉེ་བ་དང༌། གཉེན་པོའི་ཕྱོགས་ཞེས་བྱ་བའི་མིང་གིས་བྱང་སེམས་ཀྱི་གཞི་ཤེས་དེ་བསྟན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་དག་གིས་ནི་སྐབས་གཉིས་པར་བསྟན་པའི་ཤེས་ཕྱིན་དེ་ཉིད་ངོས་བཟུང་བ་ཡིན་ལ། དེ་ཡང་རྒྱུ་ལམ་ཤེས་དང་དོན་གཅིག་ལ་འདུ་བའི་ཕྱིར། དེ་ལྟ་ན་ཡང་སྐབས་གསུམ་པ་ལེའུ་ལོགས་སུ་བྱས་པའི་དགོས་པ་ནི་གཞི་ཤེས་དེ་ཉིད་ལམ་ཤེས་ཀྱི་སྔོན་དུ་རྒྱུད་ལ་སྐྱེད་དགོས་པར་ཤེས་པའི་དོན་དུ་བསྟན་པ་ནི་མ་ཡིན་ཏེ། དེ་ལྟར་སྟོན་མི་ནུས་པ་དང༌། མི་དགོས་པ་དང༌། དགོས་པའི་གཙོ་བོ་གཞན་དམིགས་པའི་ཕྱིར་རོ། །གཞན་དེ་གང་ཞེ་ན། སྐབས་དང་པོར་བསྟན་པའི་རྣམ་མཁྱེན་ལ་འཇུག་པའི་ཐབས་དང༌། དེའི་མི་མཐུན་ཕྱོགས་ཀྱི་དབྱེ་བ་དང༌། དེ་ལ་ཉེ་རིང་གི་ཁྱད་པར་བདེ་བླག་ཏུ་རྟོགས་པའི་དོན་དུའོ། །དེ་ལྟར་སྟོན་དགོས་པའི་རྒྱུ་མཚན་ཡང༌། ཉན་ཐོས་འཕགས་པ་དག་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་དེའི་ཚེ། ཤེས་རབ་ཀྱི་ཁྱད་པར་སྔར་རྒྱུད་ལ་ཡོད་པ་དེ་ཉིད་ཀྱིས་ཆོག་གམ་སྙམ་པ་ལ། མ་ཡིན་ཏེ། དེ་ནི་དེ་ལ་རིང་ཞིང་དེ་ལ་འཇུག་པའི་མི་མཐུན་ཕྱོགས་དང་བཅས་པའི་ཕྱིར། གཉིས་པ་ལ། ཐབས་མ་ཡིན་པས་རིང་བ་སྟེ། ཞེས་པའི་སྐབས་སུ། ཐབས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཟླས་ཕྱེ་བ་དེ་ལ་འཆད་པ་ནི་མ་ཡིན་ཏེ། ཤེས་རབ་ཉིད་ལ་དེའི་མིང་གིས་བསྟན་པའི་ཕྱིར་རོ། །ཤེས་རབ་འདི་ཉན་རང་ལ་མེད་པའི་རྒྱུ་མཚན་ཅི་ཞེ་ན། འདི་ལ་གཉིས་ཏེ། བྱམས་ཆོས་ཀྱི་དགོངས་པ་གང་ཡིན་བསམ་པ་དང༌། ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་གང་ལ་ཉེ་བའོ། །དང་པོ་ནི། བྱམས་པའི་གཞུང་གི་དགོངས་པ་ནི། དེ་ལ་དེ་རྟོགས་པ་མེད་པ་ཉིད་ཡིན་ཏེ། ཐོགས་མེད་སྐུ་མཆེད་ཀྱིས་དེ་ལྟར་བཀྲལ་བའི་ཕྱིར། འོན་ཀྱང་དེ་དག་གིས་དེ་ལྟར་དུ་བཀྲལ་བའི་ཚེ་རང་རྒྱལ་གྱི་རྟོགས་པར་བྱ་རྒྱུའི་གཟུང་བ་ཆོས་ཀྱི་བདག་མེད་ཀྱི་ངོས་འཛིན་ནི་གཟུང་བ་ཕྱི་རོལ་གྱི་དོན་མེད་པའི་རྒྱུ་མཚན་གྱིས། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ལ་བྱ་བ་ཡིན་གྱི། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ལ་བྱ་བ་མ་ཡིན་ཏེ། སྐུ་མཆེད་གཉིས་ཀྱི་གཞུང་འཆད་པ་ན་གཟུང་འཛིན་གཉིས་སྟོང་ལས་ལྷག་པའི་འཛིན་པ་ཆོས་ཀྱི་བདག་མེད་ངོས་འཛིན་རྒྱུ་མེད་པའི་ཕྱིར་རོ། །གཞན་དག་ན་རེ། རྒྱན་གྱི་དགོངས་པ་འཕགས་སེང་གིས་འགྲེལ་པ་ན། དེ་ལ་དེ་རྟོགས་པ་ཡོད་དེ། འགྲེལ་པ་གཉིས་ཆར་དུ་ཆོས་དབྱིངས་ཐེག་པ་གསུམ་ཀའི་རིགས་སུ་འཆད་པ་ན། འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་བཤད་ལ། དེའི་དོན་ཡང་དེ་རྟོགས་པས་རབ་ཏུ་ཕྱེ་བ་ལ་འཆད་དགོས་པའི་ཕྱིར་དང༌། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་པའི་སྔ་འགྲེལ་དུ། ཉན་ཐོས་ཀྱི་ཐེག་པས་ཆོས་དབྱིངས་ལ་དམིགས་པར་བཤད་ལ། དེ་ལ་དམིགས་ན་དེ་རྟོགས་པས་ཁྱབ་པའི་ཕྱིར། ཞེས་འཆད་པ་དེ་ནི་རིགས་པ་མ་ཡིན་ཏེ། ཞེ་འདོད་ཀྱི་གཙོ་བོ་མི་འཐད་པ་དང༌། སྐབས་ཀྱི་བསྒྲུབ་བྱ་དང་སྒྲུབ་བྱེད་འཁྲུལ་པའི་ཕྱིར་རོ། །དང་པོ་ནི། ཁྱེད་ཀྱིས་དྲངས་པའི་ལུང་དེ་ནི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་རྒྱུའི་སྒོ་ནས་རིགས་སུ་འཇོག་པ་འཐད་པའི་ཤེས་བྱེད་སྟོན་པ་ཡིན་ལ། ཤེས་བྱེད་དེ་ཡང་ཐེག་པ་གསུམ་གྱི་འཕགས་པའི་ཡོན་ཏན་ཐམས་ཅད་ཆོས་དབྱིངས་དེ་ལ་རྟེན་ནས་སྐྱེ་དགོས་པའི་ཕྱིར་ན། དེ་དེའི་རྒྱུ་ཡིན་ཞེས་བྱ་བའི་དོན་ཏེ། དེ་སྐད་དུ་ཡང༌། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ། ཞེས་སོགས་ཀྱི་གཞུང་དེ་བཀླགས་པ་ཉིད་ཀྱིས་དོན་འགྲུབ་བོ། །ཅི་སྟེ་དེ་དག་གིས་ཆོས་དབྱིངས་རྟོགས་སུ་ཆུག་ནའང༌། དེ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཁྱབ་པ་མ་ངེས་ཏེ། དབུས་མཐར། གང་ཟག་གི་བདག་མེད་ཀྱང་ཆོས་དབྱིངས་དང༌། སྟོང་པ་ཉིད་བཅུ་དྲུག་གི་དབྱེ་བར་བཤད་པའི་ཕྱིར། གཉིས་པ་ལ་བསྒྲུབ་བྱ་འཁྲུལ་བ་དང༌། སྒྲུབ་བྱེད་མ་ངེས་པ་དང༌། ཕྱིན་ཅི་ལོག་པའོ། །དང་པོ་ནི། །ཆོས་དབྱིངས་དམན་པའི་རིགས་སུ་འཇོག་པ་མི་འཐད་ཏེ། དེ་སངས་རྒྱས་ཀྱི་རིགས་སུ་ངེས་པའི་ཕྱིར་དང༌། དམན་པའི་རྒྱས་འགྱུར་གྱི་རིགས་ནི་དེ་མ་ཡིན། དམན་པའི་རང་བཞིན་གནས་རིགས་ཀྱི་ཐ་སྙད་ནི་གཞུང་འགྲེལ་ན་མེད་པའི་ཕྱིར་རོ། །གཉིས་པ་ནི། དབུས་མཐའ་དང་མངོན་པ་ཀུན་ལས་བཏུས་ཀྱི་ལུགས་སུ་ཡང་དེ་ལ་དེ་རྟོགས་པ་བཞེད་པར་འགྱུར་ཏེ། འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་བཞེད་པའི་ཕྱིར་ཏེ། འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །ཞེས་སོགས་དང༌། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཞེས་སོགས་ལས་ཤེས་སོ། །གསུམ་པ་ནི། ཁྱེད་ཀྱིས་བཀོད་པའི་བསྒྲུབ་བྱ་དང༌། སྒྲུབ་བྱེད་ཕྱིན་ཅི་ལོག་པ་ཡིན་ཏེ། ཆོས་དབྱིངས་སངས་རྒྱས་ཀྱི་རིགས་སུ་གྲུབ་པ་ཤེས་བྱེད་དུ་བཀོད་ནས་དེ་ཐམས་ཅད་དེས་རབ་ཏུ་ཕྱེ་བ་གྲུབ་དོན་དུ་སྦྱར་བ་ནི་འགྲེལ་པ་དེ་དག་ན་ཡོད་པས་སོ། །དེ་ལྟར་གྲུབ་པ་ན་རྒྱུད་བླ་མའི་དགོངས་པ་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་མེད་པར་འཆད་པ་ལ་སུས་ཀྱང་བསྙོན་པར་མི་ནུས་ཤིང༌། བྱམས་པའི་ཆོས་བར་པ་གསུམ་དུ་ནི་ཉན་རང་འཕགས་པ་ལ་གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་རྟོགས་པའང་མེད་པར་བཤད་ན་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་ལྟ་ཅི་སྨོས། དེའི་ཕྱིར་བྱམས་ཆོས་རྗེས་འབྲང་དང་བཅས་པའི་ལུགས་ཀྱིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད་པ་ཤིན་ཏུ་གསལ་ལོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དགོངས་པའང་དེ་ལ་དེ་མེད་པ་ཤིན་ཏུ་གསལ་བ་ཡིན་ཏེ། ཇི་སྐད་དུ། ཉོན་མོངས་སྤངས་པས་གྲོལ་ན་དེའི། །དེ་མ་ཐག་ཏུ་དེར་འགྱུར་རོ། །ཞེས་གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱིས་གྲོལ་བ་ཐོབ་ན། ཉན་ཐོས་དགྲ་བཅོམ་པ་ཡང་དེར་ཐལ་ལོ། །ཞེས་འཕངས་པའི་ཕྱིར། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །ཞེས་པའི་གཞུང་གི་དོན་ཡང༌། ཆོས་ཀྱི་བདག་མེད་མ་རྟོགས་ན་ཉན་ཐོས་དགྲ་བཅོམ་པ་ཙམ་ཡང་མི་ཐོབ་ཅེས་པའི་དོན་མ་ཡིན་གྱི། འོ་ན་ཅི་ཞེ་ན། གོང་དུ་སྟོང་ཉིད་མཐོང་བས་ཅི་ཞིག་བྱ། ཞེས་ཕྱོགས་སྔ་མ་སུན་འབྱིན་པ་ན། འདི་ལྟར། ཆོས་ཐམས་ཅད་བདེན་པས་སྟོང་པ་མ་ཡིན་ན། གང་ཟག་གི་བདག་ཏུ་འཛིན་པའི་རྟོག་པ་ཆོས་ཅན། གཉེན་པོས་སྤང་དུ་མི་རུང་བར་ཐལ། བདེན་པར་གྲུབ་པའི་ཕྱིར། ཞེས་འཕངས་ནས། འདོད་ན། སངས་རྒྱས་ཀྱི་བསྟན་པ་བསྡུད་པ་པོ་མི་སྲིད་པར་འགྱུར་ཏེ། དགྲ་བཅོམ་པ་མི་སྲིད་པའི་ཕྱིར། ཞེས་སྟོན་པ་ཡིན་ནོ། །གཉིས་པ་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་ནི། ཟླ་བའི་ཞབས་ཀྱིས། མདོ་སྡེ་ས་བཅུ་པ་ནས་གསུངས་པའི་ཐབས་ཀྱི་ཆ་དང༌། རིགས་ཚོགས་ཀྱི་ལྟ་བའི་ཆ་སྦྱར་ནས་སྟོན་པ་དེའི་ཚེ་དེ་ལ་དེ་རྟོགས་པ་ཡོད་པར་བཤད་ལ། ལེགས་ལྡན་འབྱེད་སོགས་ཀྱིས་ལྟ་བ་དེ་དང་ཤེས་ཕྱིན་ཉིད་ནས་གསུངས་པའི་སྤྱོད་པ་སྦྱར་ནས་འཆད་པ་དེའི་ཚེ་དེ་ལ་དེ་རྟོགས་པ་མེད་པར་རྣམ་གཞག་མཛད་པས་ཤིང་རྟའི་སྲོལ་གཉིས་བྱུང་ཡང༌། དེ་ལ་དེ་རྟོགས་པ་མེད་པ་ཉིད་མཐར་ཐུག་གི་དགོངས་པར་གསལ་ལོ། །སྐབས་འདིར་མདོ་དང་བསྟན་བཅོས་གཉིས་ཀ་ལས་སྲིད་ཞི་ལ་མི་གནས་པའི་ཤེས་ཕྱིན་ཁོ་ན་དངོས་སུ་བསྟན་གྱི་དེའི་ལོག་ཕྱོགས་ཉན་རང་གི་ཤེས་ཕྱིན་དངོས་སུ་བཤད་པ་མེད་ལ། ཉེ་རིང་གཉིས་དང༌། གཉེན་ཕྱོགས་གཉིས་ནི་མདོ་གཞུང་གཉིས་ཀ་ལས་དངོས་སུ་བསྟན་པ་ཡིན་ནོ། །ཤུགས་བསྟན་འདི་ལ་སྲིད་ཞི་ལ་གནས་པ་ཞེས་གྲགས་ཀྱང་སྲིད་པ་ལ་གནས་པ་ནི་མ་ཡིན་ཏེ། དེས་དེ་ཆེད་དུ་གཉེར་ནས་སྤོང་ཞིང་སྤོང་ནུས་པ་ཡིན་པའི་ཕྱིར། དེས་ན་ཞི་བའི་མཐའ་ལ་གནས་པ་ཁོ་ནའོ། །དེས་ན་འདིར་དངོས་བསྟན་ནི་ལམ་ཤེས་ཁོ་ན་ཡིན་ལ། ཤུགས་བསྟན་དེ་ཉིད་གཞི་ཤེས་སོ། །གཉིས་པ་ཉེ་རིང་གི་ཤེས་བྱེད་ནི། བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་ཡོད་མེད་ལ་བྱ་ལ། དེ་ཡང་དོན་དམ་རྟོགས་པའི་ཤེས་རབ་ཀྱིས་མཚན་འཛིན་སེལ་ཞིང༌། ཡེ་ཤེས་ཀྱི་ཚོགས་སོག་པས་ལྟ་བ་གཙོ་བོར་གྱུར་པ་དང༌། ཀུན་རྫོབ་རྟོགས་པའི་ཤེས་རབ་ཀྱིས་བྱང་སེམས་ཀྱི་བསླབ་བྱ་སློབ་ཅིང༌། བསོད་ནམས་ཀྱི་ཚོགས་སོག་པས་སྤྱོད་པ་གཙོ་བོར་གྱུར་པ་ཡིན་ལ། དེའི་ཕྱིར་ལྟ་སྤྱོད་ཟུང་དུ་འཇུག་པ་ནི་བདེན་གཉིས་རྟོགས་པའི་ཤེས་རབ་ཀྱིས་བྱས་པས། འདིར་ནི་ཤེས་རབ་ཀྱི་ཁྱད་པར་ལས་ཉེ་རིང་དུ་གཞག་གོ །གསུམ་པ་མི་མཐུན་ཕྱོགས་དང་གཉེན་པོའི་ཁྱད་པར་ལ་ཉན་རང་གི་གཞི་ཤེས་ནི་མཉམ་གཞག་ཏུ་མཚན་འཛིན་དང་འཛིན་སྟངས་མི་འགལ་ཞིང༌། རྗེས་ཐོབ་ཏུ་བདག་མེད་དོ་སྙམ་པའི་མཚན་འཛིན་གྱི་འདུ་ཤེས་འདྲེན་བྱེད་ཡིན་པས་རྣམ་མཁྱེན་ལ་འཇུག་པའི་མི་མཐུན་ཕྱོགས་དང་བཅས་པ་ཡིན་ལ། བྱང་སེམས་ཀྱི་ལམ་ཤེས་ནི་དེ་ཉིད་ལས་ཟློག་པའི་ཕྱིར་གཉེན་པོའི་ཕྱོགས་སོ། །འདིར་ཡང་གཉེན་པོའི་ཕྱོགས་ནི་ལམ་ཤེས་ཁོ་ནའི་ཆ་ནས་བསྟན་གྱི། གང་ཟག་གི་བདག་མེད་རྟོགས་པའི་ཆ་ནས་བསྟན་པ་མེད་ལ། དེའི་ཆ་ནས་བསྟན་པ་ནི་ཅིག་ཤོས་ཁོ་ནའོ། །དེ་ལྟར་འཇུག་ཡུལ་གྱི་ཤེས་ཕྱིན་བསྟན་ཟིན་ནས། དེ་ལ་འཇུག་པའི་སྦྱོར་བ་ལ་གཉིས་ཏེ། སྦྱོར་བའི་ངོ་བོ་ངོས་བཟུང་བ་དང༌། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འདི་ལ་གཞི་ཤེས་ཀྱི་སྦྱོར་བ་ཞེས་གྲགས་ཀྱང་དེའི་སྐབས་ནས་བསྟན་པ་ལ་དེར་འཆད་ན་མི་འགལ་མོད། གཞི་ཤེས་ཀྱི་འཛིན་སྟངས་དང་མཐུན་པའི་རྣལ་འབྱོར་ནི་མ་ཡིན་ཏེ། སྐབས་གཉིས་པ་ནས་བསྟན་པའི་ཤེས་ཕྱིན་དེ་ལ་འཇུག་པའི་རྣལ་འབྱོར་ཡིན་པས་ལམ་ཤེས་ཀྱི་སྦྱོར་བར་འཆད་དགོས་པའི་ཕྱིར། མཚན་ཉིད་ནི། གཟུགས་སོགས་ཡུལ་བཅུ་ལ་ཞེན་པ་བཀག་པའི་རྣལ་འབྱོར་རོ། །འདིར་སྒྲུབ་པའི་ཡོངས་སུ་ཤེས་པ་བསལ་བ་ཞེས་བཤད་ཀྱང༌། རྟོག་གེ་ལ་གྲགས་པའི་མེད་དགག་གི་རྣམ་པ་ཅན་ཀྱང་འདིར་འདུས་པ་ཡིན་ཏེ། དེ་ལྟར་གཞུང་གསལ་བའི་ཕྱིར་དང༌། བདེན་གྲུབ་བཀག་ཤུལ་དུ་བདེན་མེད་དཔག་འདོད་ཀྱི་བློས་དེ་ཡུལ་དུ་འཕངས་ན་སྒྲུབ་པར་འཆད་དགོས་པ་དབུ་མ་པ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར། སྦྱོར་བ་འདི་ལ་གཞུང་དུ་མི་གསལ་བའི་དབྱེ་བ་ནི་གསུམ་སྟེ། མཐོང་སྒོམ་མི་སློབ་ལམ་གསུམ་གྱི་དབྱེ་བས་དེ་ལ་ལྟོས་པའི་སྦྱོར་བའི་ལམ་གསུམ་མོ། །འདིའི་དངོས་བསྟན་ནི་ངེས་འབྱེད་ཆ་མཐུན་དང་སྦྱར་ན་འགྲིག་པ་ཡིན་ཏེ། མཐོང་ལམ་ལ་ལྟོས་པའི་སྦྱོར་བར་འཆད་པ་ནི་དེའི་འཚམས་སྦྱར་ན་གསལ་བའི་ཕྱིར། དེ་ལྟ་ན་ཡང་དེར་ངེས་པ་ནི་མ་ཡིན་ཏེ། ཞེན་སྤྱོད་ལྷན་སྐྱེས་དང་དེའི་གནས་ངན་ལེན་སྤོང་བའི་སྦྱོར་བ་ཡང་ཁས་ལེན་དགོས་པའི་ཕྱིར། དཔེར་ན་སྒོམ་ལམ་རྩེ་སྦྱོར་དང༌། བར་ཆད་མེད་པའི་རྩེ་སྦྱོར་གྱི་སྦྱོར་བ་ཁས་ལེན་དགོས་པ་བཞིན་ནོ། །དེས་ན་ངེས་ཆ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་དུ་སྦྱོར་བ་འདི་གཞག་གོ །གཉིས་པ་ལ་གཉིས་ཏེ། མདོའི་དངོས་བསྟན་དང༌། རྣལ་འབྱོར་སྤྱོད་པའི་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་ཡུམ་གྱི་མདོར། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཀུན་བཏགས་པ་དང༌། རྣམ་པར་བརྟགས་པ་དང༌། ཆོས་ཉིད་དང་གསུམ་དུ་ཕྱེ་ནས་བཤད་དོ། །དེ་ཡང་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རྣམ་པ་སྣང་བ་ལ་དེ་དང་དེར་སྒྲོ་བཏགས་པའི་ཆ་ནི་ཀུན་བཏགས་པའི་གཟུགས་ལ་སོགས་པའོ། །འདི་ཡན་རྫོགས་པ་ཞེས་ཟེར་བའི་དོན་ནི་མ་རྟོགས་པ་ཡིན་ལ། དེ་ཡང་ཡེ་ཤེས་ཀྱིས་མ་རྟོགས་པའོ། །དེའི་ཕྱིར་ཡོན་ཏན་གྱི་རྟེན་དུ་ཡང་མི་འགྱུར་རོ། །གཉིས་པ་རྣམ་པར་བརྟགས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ངོས་འཛིན་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་དེ་དང་དེར་སྣང་བའོ། །དབུ་སེམས་གཉིས་ཀྱིས་འདི་མཚན་གཞིར་བཟུང་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་ཐ་སྙད་བྱེད་དོ། །འདི་ནི་རྫོགས་མ་རྫོགས་གཉིས་ཀ་ཚོགས་པའི་ཚོགས་དོན་ཏེ། གཉིས་སྣང་གི་ཆ་ནས་མ་རྫོགས་པ་དང༌། གསལ་རིག་གི་ཆ་ནས་རྫོགས་པར་འཇོག་དགོས་པས་སོ། །གསུམ་པ་ཆོས་ཉིད་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ངོས་འཛིན་ནི། རྣམ་པར་བརྟགས་པའི་གཟུགས་ལ་སོགས་པ་དེ་དང་དེ། ཀུན་བཏགས་པའི་དེ་དང་དེས་སྟོང་པའོ། །འདི་ལ་དབྱེ་ན་ཆོས་ཉིད་ཀྱི་གཟུགས་སོགས་ཟག་བཅས་ཀྱི་མིང་ཅན་རྣམས་ནི་འགྱུར་མེད་ཡོངས་གྲུབ་གཅིག་པུར་ངེས་ལ། ཆོས་ཉིད་ཀྱི་ཟག་མེད་རྣམས་ལ་ནི་ཕྱིན་ཅི་མ་ལོག་པ་དང༌། འགྱུར་མེད་དེ་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། དཔེར་ན། ཆོས་ཉིད་ཀྱི་རྣམ་མཁྱེན་ཞེས་བྱ་བ་ནི་གནས་ལུགས་ཀྱི་རྣམ་མཁྱེན་ལ་ཟེར་བ་ཡིན་ལ། དེ་ལའང་ཆོས་དབྱིངས་ཡེ་ཤེས་ཀྱི་ཆ་དང༌། ཆོས་ཅན་ཡོན་ཏན་གྱི་ཆ་གཉིས་སུ་འབྱེད་དགོས་པ་ཡིན་ནོ། །འདི་ནི་རྫོགས་པ་ཁོ་ན་སྟེ། དེའི་ཡུལ་ཅན་ཡེ་ཤེས་ཁོ་ནར་ངེས་པའི་ཕྱིར། མཚན་ཉིད་གསུམ་གྱི་རྣམ་པར་བཞག་པ་འདི་ནི་དབུ་སེམས་གཉིས་ཀས་ཁས་ལེན་པར་འདྲ་ཡང༌། ཡོངས་གྲུབ་འཇོག་པ་ན་སྟོང་གཞིའི་ཆོས་ཅན་གཞན་དབང་རང་གི་ངོ་བོས་སྟོང་པ་དང་གཞན་གྱི་ངོ་བོ་ཙམ་གྱིས་སྟོང་པར་འཆད་པ་ནི་ཁྱད་པར་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། སོ་སོའི་རྣམ་གཞག་དང༌། དེ་ལ་བདེན་གཉིས་ཇི་ལྟར་འཇོག་པའི་ཚུལ་ལོ། །དང་པོ་ནི། མ་རིག་པའི་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་ལ་གཟུང་འཛིན་གང་རུང་དུ་སྒྲོ་བཏགས་པའི་ཆ་ནི་ཀུན་བཏགས་ཀྱི་མཚན་ཉིད་དོ། །དབྱེ་ན། གཟུང་བ་ཀུན་བཏགས་དང༌། འཛིན་པ་ཀུན་བཏགས་གཉིས་ལས། དེ་རེ་རེ་ལའང་གང་ཟག་གི་དབང་དུ་བྱས་པའི་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་ནོ། །དང་པོ་ལ་གང་ཟག་ལ་སོགས་པ་བྱེད་པའི་སྐྱེས་བུ་བཅུ་གཉིས་ནི་འཛིན་པའོ། །དེས་བདག་གི་བར་སྒྲོ་བཏགས་པ་རྣམས་ནི་གཟུང་བའོ། །གཉིས་པའི་དབང་དུ་བྱས་ན་ཕྱི་རོལ་གྱི་དོན་ནི་གཟུང་བའོ། །དེར་སྣང་བའི་ཤེས་པ་ནི་འཛིན་པའོ། །མདོར་ན་བདག་གཉིས་ནི་ཀུན་བཏགས་མཚན་ཉིད་པ་དང་ཤེས་བྱར་ཁས་ལེན་ཀྱང་ཡོད་པར་ཁས་མི་ལེན་ནོ། །ལྡོག་པ་གཞན་སེལ་གྱི་ཆོས་རྣམས་ནི་ཐ་སྙད་དུ་ཡོད་པར་ཁས་ལེན་ཀྱང་ཀུན་བཏགས་མཚན་ཉིད་པར་མི་བཞག་སྟེ། དེ་ལ་ལྟོས་པའི་གཟུང་འཛིན་གཉིས་སྟོང་དེ་གང་ཟག་ལ་ལྟོས་པའི་དང༌། ཆོས་ལ་ལྟོས་པའི་གཉིས་སྟོང་གང་དུ་ཡང་མི་རུང་བའི་ཕྱིར། གཉིས་པར་མི་རུང་སྟེ། དེ་འདྲ་དེ་ནི་ཉན་ཐོས་འཕགས་པས་ཀྱང་རྟོགས་པའི་ཕྱིར་རོ། །མ་རིག་པའི་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་ཀྱི་རྣམ་པ་ཅན་དུ་སྣང་བ་དེ། གཞན་དབང་གི་མཚན་ཉིད་དང༌། དབྱེ་ན། རྒྱན་ལས་གནས་དོན་ལུས་སུ་སྣང་བ་གསུམ་དང༌། ཡིད་དང་འཛིན་དང༌། རྣམ་པར་རྟོག་པ་སྟེ་གསུམ་མཚན་གཉིས་སོ། །ཐེག་བསྡུས་ལས་ནི། བག་ཆགས་དང༌། དེས་བསྐྱེད་པའི་ཡང་དག་མིན་རྟོག་གཉིས་སུ་བཤད་ལ། གཉིས་པོ་ཕན་ཚུན་གཅིག་གཅིག་གི་གཞན་དབང་དུ་གྱུར་པས་ན་དེ་ཞེས་བྱའོ། །དབུས་མཐའ་ལས་ནི། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་ཞེས་བཞིར་བཤད་ཅིང༌། །གཞན་དབང་ལ་ཡང་དག་མིན་རྟོག་གིས་ཁྱབ་པ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་ཡང་དག་མིན་རྟོག་མ་ཡིན་པར་བཤད་དོ། །ཤེས་བྱེད་ནི་ཁམས་གསུམ་པའི་རྣམ་པ་ཅན་མ་ཡིན་པའི་ཕྱིར་དང༌། མཚན་ཉིད་གསུམ་ཀ་ཚོགས་པའི་གཞི་ཡིན་པའི་ཕྱིར། ཤེས་བྱའི་གནས་སུ་བཞག་དགོས་པའི་ཕྱིར། ཇི་ལྟར་ཞེ་ན། དེའི་སྟེང་གི་གཉིས་སྣང་གི་བག་ཆགས་ནི་ཀུན་བཏགས་དང༌། རྣམ་སྨིན་གྱི་ཆ་ནི་གཞན་དབང་དང༌། གསལ་རིག་གི་ཆ་ནི་ཡོངས་གྲུབ་བོ། །བག་ཆགས་ཀུན་བཏགས་སུ་འཇོག་པར་ཡང༌། མདོ་སྡེའི་རྒྱན་ལས། ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན་དང་དེའི་བག་ཆགས་དང༌། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་དུ་བཏགས་པའི་མཚན་ཉིད་དོ། །ཞེས་གསུངས་སོ། །གསུམ་པ་ཡོངས་གྲུབ་ལ་མཚན་ཉིད་ནི། ཆོས་ཅན་གཞན་དབང་གི་སྟེང་དུ་དགག་བྱ་ཀུན་བཏགས་ཀྱིས་སྟོང་པའི་གནས་ལུགས་ཀྱི་དོན་ནོ། །དབྱེ་ན་འགྱུར་མེད་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་སོ། །མཚན་གཞི་ནི། གོ་རིམ་བཞིན་དུ་བདག་མེད་གཉིས་དང༌། དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །གཉིས་པོའི་མཚན་གཞི་ཡང༌། ཆོས་དང་གང་ཟག་སོ་སོ་ལ་ལྟོས་པའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་མྱོང་བ་གསལ་རིག་གི་ཆའོ། །དེ་སྐད་དུ་ཡང༌། དབུས་མཐའ་ལས། འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་སོ། །གཉིས་པ་ནི། ཀུན་བཏགས་དང༌། གཞན་དབང་གཉིས་ནི་ཀུན་རྫོབ་ཀྱི་བདེན་པར་བཞག་སྟེ། ཀུན་ནས་ཉོན་མོངས་ཀྱི་དམིགས་པར་གྱུར་པའི་ཕྱིར་རོ། །དེ་ལས་ཀྱང་ཀུན་བཏགས་ནི་ཀུན་རྫོབ་མ་རིག་པའི་ངོར་བདེན་པས་ཀུན་རྫོབ་ཀྱི་བདེན་པར་བཞག་ནུས་ཀྱང༌། རང་ལུགས་ཀྱི་ཐ་སྙད་བདེན་པ་ནི་མ་ཡིན་ཏེ། ཐ་སྙད་དུ་ཡང་རྫུན་པའི་ཕྱིར་ཏེ། ཐ་སྙད་དུ་ཡང་རང་གི་ངོ་བོས་སྟོང་པའི་ཕྱིར། དེས་ན་ཀུན་བཏགས་ཀྱི་ངོ་བོ་མ་གྲུབ་པ་ནི་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་སོ། །གཞན་དབང་ནི་ཐ་སྙད་ཀྱི་བདེན་པ་གོ་ཆོད་པོ་ཡིན་ཏེ། ཐ་སྙད་དུ་དེའི་ངོ་བོ་དང༌། རང་བཞིན་གྲུབ་པས་རང་གི་ངོ་བོས་མི་སྟོང་བའི་ཕྱིར་རོ། །དེའི་ངོ་བོ་བདེན་པར་གྲུབ་ཀྱང་དེ་ཉིད་བདེན་པར་གྲུབ་པ་ནི་མ་ཡིན་ཏེ། སྣང་བ་ལྟར་མ་གྲུབ་པའི་ཕྱིར། དཔེར་ན། སྒྱུ་མའི་གླང་པོ་ཆེ་དེ་གླང་པོར་སྣང་ཡང་དེར་མ་གྲུབ་པ་བཞིན་ནོ། །འོ་ན་དེ་དང་དེའི་ངོ་བོ་ལ་ཁྱད་པར་ཅི་ཞེ་ན། དེ་ཉིད་དེ་ཡིན་ཀྱང་དེའི་ངོ་བོ་ནི་མ་ཡིན་ནོ། །ངོ་བོ་གང་ཞེ་ན། དེ་ནི་རྣམ་པ་གཉིས་ཏེ། ཐ་སྙད་ཀྱི་དང༌། དོན་དམ་པའི་འོ། །དང་པོ་ནི། ཀུན་གཞིའི་སྟེང་གི་ས་བོན་གྱི་ཆའོ། །གཉིས་པ་ནི། དེའི་སྟེང་གི་གཉིས་མེད་ཀྱི་ཡེ་ཤེས་སོ། །ངོ་བོ་དང་པོ་ནི། ཐ་སྙད་དུ་བདེན་པ་ཡིན་ཏེ། ཇི་སྲིད་སྣང་བ་སེམས་སུ་ཁས་ལེན་པ་དེ་སྲིད་དུ་དེ་བདེན་པར་ཁས་ལེན་པའི་ཕྱིར། དོན་དམ་པར་ནི་མི་བདེན་ཏེ། གང་གི་ཚེ་གཟུང་འཛིན་གཉིས་ཀྱིས་སྟོང་པར་རྟོགས་པ་དེའི་ཚེ། གཟུང་འཛིན་གཉིས་ཀྱི་ས་བོན་དེ་ཀུན་བཏགས་སུ་བཤད་དགོས་པའི་ཕྱིར། ངོ་བོ་གཉིས་ནི་དོན་དམ་དུ་ཡང་བདེན་ཏེ། དེ་ནི་འགྱུར་བ་མེད་པའི་ཡོངས་གྲུབ་ཉིད་ཡིན་པའི་ཕྱིར། འོ་ན་གཞན་དབང་ངོ་བོས་མི་སྟོང་ན། བདེན་པས་མི་སྟོང་བར་འགྱུར་ལ། དེ་ལྟ་ན་བདེན་གྲུབ་ཏུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། ལུགས་འདིས་ནི་སྟོང་པ་ཉིད་ཀྱི་འཇོག་འཚམས་གཞན་སྟོང་ལ་གཙོ་བོར་འཆད་པ་ཡིན་པས་རང་གི་ངོ་བོས་མི་སྟོང་ཡང༌། གཞན་གྱི་ངོ་བོས་སྟོང་བ་ཙམ་གྱིས་སྟོང་པ་ཉིད་དུ་འཇོག་ནུས་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན་གཞན་དབང་གི་འཇོག་འཚམས་ནི་ཀུན་བཏགས་དང་ཡོངས་གྲུབ་གཉིས་ཚོགས་པ་ལ་བཞག་པ་ཡིན་ཏེ། སྤྲིན་དང་བཅས་པའི་ནམ་མཁའ་བཞིན་ནོ། །དེ་ཡང་གཉིས་སྣང་དྲི་མའི་ཆ་ནི་ཀུན་བཏགས་སུ་བཞག་སྟེ། སྤྲིན་བཞིན་ནོ། །ངོ་བོ་གསལ་རིག་གི་ཆ་ནི་ཡོངས་གྲུབ་ཏུ་བཞག་སྟེ། ནམ་མཁའ་བཞིན་ནོ། །ཆ་གཅིག་ཀུན་བཏགས་དང༌། ཆ་གཅིག་ཡོངས་གྲུབ་ཏུ་སོང་བ་དེ་ལྟ་ན་ཡང་གཉིས་སྣང་གི་ཤེས་པ་དེ་དྲི་མ་ཅན་དུ་སྐྱེ་བ་ནི་མ་རིག་པའི་དབང་གིས་བྱས་པའི་ཕྱིར། གཞན་གྱི་དབང་ཞེས་བྱའོ། །དེ་ལྟར་ན་ཀུན་བཏགས་ནི་ལོག་པའི་ཀུན་རྫོབ་ཀྱི་བདེན་པ་དང༌། གཞན་དབང་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པའོ། །གསུམ་པ་ཡོངས་གྲུབ་ནི་དོན་དམ་པའི་བདེན་པ་ཁོ་ནར་ངེས་ཏེ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་དྲི་མ་རྣམ་པར་དག་པར་བྱེད་པའི་དམིགས་པར་གྱུར་པའི་ཕྱིར་རོ། །གལ་ཏེ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་དམིགས་བྱེད་ཀྱི་ཡེ་ཤེས་ཁོ་ན་ཡིན་པའི་ཕྱིར། དམིགས་པར་མི་རུང་ངོ་སྙམ་ན། ཉེས་པ་མེད་དེ། སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཡིན་པའི་ཕྱིར། དོན་དམ་པའི་བདེན་པ་ཡང་ཡིན་ཏེ། བདེན་པར་གྲུབ་པའི་ཕྱིར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་པ་ཡིན་པའི་ཕྱིར། གསུམ་པ་ཞུགས་འབྲས་མཐོང་ལམ་ལ་ངོ་བོ་དང་དབྱེ་བ་དང༌། རྣམ་པ་དེ་ལྟར་དུ་བསྟན་པའི་དགོས་པའོ། །དང་པོ་ནི། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་བདེན་པ་མངོན་རྟོགས་སོ། །གཉིས་པ་ནི། རྩ་བར་ཤེས་བཟོད་བཅུ་དྲུག་ཏུ་བཤད་པ་དེ་མདོ་དང་རྩ་བའི་དངོས་བསྟན་ཇི་ལྟ་བ་བཞིན་དུ་སྒྲོ་འདོགས་གཉིས་ཚན་བཅུ་དྲུག་དང་བྲལ་བའི་རྣམ་པ་ཅན་གྱི་ཡེ་ཤེས་བཅུ་དྲུག་དང་གོ་རིམ་བཞིན་དུ་སྦྱར་བ་འགྲེལ་པ་དོན་གསལ་ལྟར་ན། སྒྲོ་འདོགས་བརྒྱད་ཚན་བཞི་དང་བྲལ་བའི་རྣམ་པ་ཅན་གྱི་ཡེ་ཤེས་བཞི་དང༌། ཆོས་བཟོད་བཞི་སྦྱར་དགོས་པ་ཡིན་ཏེ། ཆོས་བཟོད་རེ་རེས་བདེན་བཞི་རེ་རེ་ཞིང་སྒྲོ་འདོགས་རྫོགས་པར་ཆོད་དགོས་པའི་ཕྱིར། ཉི་ཁྲི་སྣང་བ་དང༌། ལེའུ་བརྒྱད་མ་གཉིས་ན་སྔ་མ་ལྟར་གསལ་ལོ། །གསུམ་པ་ནི། འདིར་བྱང་སེམས་ཀྱི་མཐོང་ལམ་རྟག་སོགས་ཀྱི་སྒྲོ་འདོགས་བཅུ་དྲུག་དང་བྲལ་བར་བསྟན་པས་ནི་ཕྱི་རོལ་པའི་ལམ་ལས་འདའ་དགོས་པའི་དོན་ཡིན་ལ། མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་སྒྲོ་འདོགས་བཅུ་དྲུག་དང་བྲལ་བར་བསྟན་པས་ནི། ཉན་རང་གི་ལམ་ལས་འདའ་དགོས་པར་བསྟན་ནོ། །གལ་ཏེ་དེ་ལས་འདའ་དགོས་ན་དེ་མངོན་དུ་མི་བྱེད་པར་འགྱུར་ལ། དེ་ལྟ་ན་དམན་ལམ་སྔོན་དུ་མ་སོང་བའི་བྱང་ཆུབ་སེམས་དཔས་ཉོན་མོངས་པའི་སྒྲིབ་པ་སྤོང་མི་ནུས་པར་འགྱུར་ཏེ། དེ་སྤོང་བ་ནི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་ལམ་སྒོམ་པ་ལ་རག་ལས་པའི་ཕྱིར། ཞེ་ན། ཅེས་པ་ནི་དྲི་བ་སྟེ། ཇི་སྐད་དུ། ཉི་སྣང་ལས། ཅིའི་དོན་གྱིས་ན་ལམ་ཤེས་པ་ཉིད་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་སྒོམ་པའི་ལམ་ལོགས་ཤིག་པ་མེད་ཅེ་ན། ཞེས་གསུངས་སོ། །དེའི་དོན་ཡང༌། བྱང་ཆུབ་སེམས་དཔའ་རྣམས་ལ་ལམ་ཤེས་ཀྱི་རྟོགས་རིས་གོམས་པར་བྱེད་པའི་སྒོམ་ལམ་ཡོད་བཞིན་དུ། གཞི་ཤེས་ཀྱི་དེ་མེད་པ་ཅི་ཞེས་བྱ་བའི་དོན་ནོ། །ལན་ལ་གཉིས་ཏེ། ཉོན་མོངས་སྤངས་པ་ཐར་པ་དོན་དུ་མི་གཉེར་བའི་ལན་དང༌། ས་དང་པོར་ཉོན་མོངས་སྤངས་ཟིན་པའི་ལན་ནོ། །དང་པོ་ནི། རྒྱན་འདིར་ཆོས་ཅན། གང་ཟག་གི་བདག་མེད་མཐོང་ཟིན་གོམས་པར་བྱེད་པའི་བྱང་སེམས་ཀྱི་སྒོམ་ལམ་མི་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་སྒྲིབ་ཙམ་སྤངས་པའི་མྱང་འདས་དོན་དུ་མི་གཉེར་བའི་དོན་གྱིས། དེའི་གཉེན་པོར་དེ་ཆེད་དུ་གཉེར་ནས་སྒོམ་པ་མ་ཡིན་པའི་ཕྱིར། དེས་དེ་ལྟར་བསྒོམས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། དེ་ལྟར་བསྒོམས་ན་འདོད་སྲིད་ཀྱི་བག་ལ་ཉལ་གྱི་མིང་ཅན་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་དེ་སྤངས་བར་འགྱུར་ཏེ། དེ་ཉིད་དེའི་ས་བོན་དྲུངས་འབྱིན་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ནི་ལམ་ཤེས་ཀྱི་རང་བཞིན་དོར་བར་འགྱུར་ཏེ། དམན་ལམ་སྔོན་དུ་མ་སོང་བའི་མ་དག་སར་མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་སོག་པར་ནི་མི་ནུས་ལ། སྲིད་པ་འགྲུབ་བྱེད་ཀྱི་རྒྱུ་གཞན་ཡང་མེད་པའི་ཕྱིར་རོ། །གལ་ཏེ་འོ་ན་ས་དགུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་དམན་ལམ་སྔོན་དུ་མ་སོང་བ་རྣམས་གཟུགས་ཁམས་སུ་སྐྱེ་བ་ལེན་མི་ནུས་པར་འགྱུར་ཏེ། དེས་འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་མ་སྤངས་ལ། དེ་མ་སྤངས་པར་ཡང་དེར་སྐྱེ་བ་ལེན་མི་ནུས་པའི་ཕྱིར་རོ་སྙམ་ན། ཉེས་པ་མེད་དེ། ས་འོག་མར་སྐྱེ་བ་ལེན་པའི་རྒྱུ་མ་སྤངས་པར་གོང་མའི་དངོས་གཞི་མངོན་དུ་བྱེད་པ་དང༌། གོང་མའི་དངོས་གཞི་ལས་མ་ཉམས་བཞིན་དུ་འོག་མར་སྐྱེ་བ་ལེན་པ་ནི་བྱང་ཆུབ་སེམས་དཔའ་སྦྱོར་ལམ་པ་ཡན་ཆད་ཀྱི་ཁྱད་པར་གྱི་ཆོས་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་བྱང་སེམས་ས་བདུན་པ་པ་ལྟ་བུ་གཟུགས་ཁམས་སུ་སྐྱེ་བ་ལེན་པའི་ཚེ་འདོད་པའི་འདོད་ཆགས་མངོན་དུ་མི་བྱེད་པ་ནི་འགོག་བྱེད་འཇིག་རྟེན་པའི་ལམ་གྱིས་དེ་བཀག་པའི་བརྟགས་མིན་གྱི་འགོག་པ་མངོན་དུ་བྱས་པ་ཡིན་ལ། དེ་ལྟ་ན་ཡང་དེ་ཞི་རགས་ཀྱི་རྣམ་པ་ཅན་དུ་གཞག་དཀའ་བ་ཡིན་ཏེ། དེར་ནི་དེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་འགོག་པ་འཐོབ་པར་ནུས་པའི་ཕྱིར་རོ། །གཉིས་པ་ནི། འདིར་དེ་འདྲ་བསྟན་མི་དགོས་ཏེ། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ནི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་རྐྱང་པས་མ་ལུས་པར་སྤོང་ནུས་ལ། བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱི་གཉེན་པོར་གང་ཟག་གི་བདག་མེད་ནི་བྱང་ཆུབ་སེམས་དཔས་ཆེད་དུ་གཉེར་ནས་མི་སྒོམ་པའི་ཕྱིར། ཞེས་འཆད་པ་ནི། ཉི་སྣང་དུ། གཞན་ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་བཤད་པ་ཡིན་ནོ། །འདི་གང་ལས་ཤེས་ཞེ་ན། ལམ་གཞན་ཁྱད་པར་ཡོད་པ་ཡིན་ན། རིགས་དང༌། དབང་པོ་དང༌། ཚོགས་ཁྱད་ཞུགས་པར་འགྱུར་བའི་ཕྱིར་རོ། །ཞེས་སོགས་གསུངས་སོ། །འདི་ཡང་སྟོང་ཉིད་མངོན་སུམ་དུ་མཐོང་བའི་ལམ་གྱིས་གང་ཟག་གི་བདག་ཏུ་འཛིན་པ་སྤོང་བའི་དོན་ཡིན་གྱི། མི་རྟག་ལ་སོགས་ཀྱི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་མཐོང་ལམ་གྱིས་དེ་སྤོང་བའི་དོན་མ་ཡིན་ཏེ། དེས་དེ་སྤོང་མི་ནུས་པའི་ཕྱིར་དང༌། དེ་ལ་དབང་པོ་དང་ཚོགས་ཁྱད་ཞུགས་པའི་དོན་མ་ཚང་བའི་ཕྱིར་དང༌། ཐེག་ཆེན་གྱི་མཐོང་ལམ་དུ་དེའི་རྟོགས་རིས་ཚང་བར་བཤད་ཀྱང་རང་ལྡོག་ནས་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་དུ་མི་འཆད་ཀྱི། སྒྲོ་འདོགས་སོ་གཉིས་བྲལ་བའི་རྣམ་པ་ཅན་དུ་འཆད་པའི་ཕྱིར། འདིར་སྨྲས་པ། སྐབས་འདིའི་རྣམ་བཤད་མཛད་པ་མང་བྱོན་ཀྱང༌། །སྐབས་སུ་བབ་པའི་ལེགས་བཤད་འགའ་མི་སྣང༌། །སྐབས་གཉིས་པ་དང་གསུམ་པའི་བསྟན་དོན་གྱིས། །སྐབས་གསུམ་རིང་ལུགས་རྫོགས་པ་གང་འདི་སྦྱར། །ཞེས་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལུང་ཆོས་སྤྱིའི་སྙིང་པོ་བསྡུས་པ་ཞེས་བྱ་བ་ལས། ཐམས་ཅད་ཤེས་པ་ཉིད་ཀྱི་ལེའུ་སྟེ་གསུམ་པའོ།།  །།གཉིས་པ་དེ་ཉམས་སུ་ལེན་པའི་རྣལ་འབྱོར་ལ་གཉིས་ཏེ། དབང་དུ་བྱེད་པ་རྒྱུ་འབྲས་དང༌། བརྟན་པ་རྒྱུ་འབྲས་སོ། །དང་པོ་ལ་གཉིས་ཏེ། དབང་ཐོབ་ཕྱིར་དུ་དང༌། ཐོབ་པའི་ཚུལ་གྱིས་སྒོམ་པའོ། །དང་པོ་ལ་མདོའི་འབྲེལ་དང༌། འབྲེལ་པ་ཅན་གྱི་གཞུང་སོ་སོའི་དཀའ་བའི་གནས་སོ། །དང་པོ་ནི། གོང་གི་མཇུག་བསྡུ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་གྱིས་ནི་ཉན་རང་དང་ཐུན་མོང་བའི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་གསུངས་སོ། །ཡང་གསོལ་པ། ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། ཡུམ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་གྱིས་ནི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་གསུངས་པ་ཡིན་ནོ། །གསོལ་པ། ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་གྱིས་ནི་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་གསུངས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། ཡུམ་འདི་གང་གི་རྣ་ལམ་དུ་གྲག་པར་གྱུར་པ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པའོ། །ཞེས་སོགས་ཀྱིས་ནི་སྒོམ་པ་པོའི་གང་ཟག་བསྟན་ནོ། །དེ་ལ་འཕྲོས་ནས། ཀཽ་ཤི་ཀ་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་སོགས་ཀྱིས་ནི་སྦྱོར་བ་ཉི་ཤུ་བཤད་པ་ཡིན་ནོ། །སྐབས་དེར་ཡུམ་གྱི་རྣལ་འབྱོར་དང་ལྡན་པ་ལ་བདུད་ཀྱི་བར་ཆད་མི་འཇུག་པར་བཤད་པ་ལ་འཕྲོས་ནས། ཤཱ་རིའི་བུས་གསོལ་པ། སུའི་མཐུས་དེ་ལ་བར་ཆད་མི་འཇུག་པ་ལགས། ཞེས་ཞུས་པའི་ལན་དུ། སངས་རྒྱས་ཀྱི་མཐུས་དེ་ལ་དེ་མི་འཇུག་པ་ཡིན་ནོ། །ཞེས་སོགས་ཀྱིས་ནི་སྦྱོར་བའི་ཡོན་ཏན་བཤད་དོ། །རབ་འབྱོར་གྱིས་གསོལ་པ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཡོན་ཏན་བརྗོད་པ་ནི་འདི་དག་ལགས་ན། དེ་དག་ལ་བར་དུ་གཅོད་པ་ཇི་ལྟ་བུ་ཞིག་འབྱུང་བ་ལགས། ཞེས་པའི་ལན་གྱིས་ནི་སྐྱོན་ཞེ་དྲུག་བཤད་དོ། །སྐབས་དེར་སེལ་བྱེད་ཀྱི་གཉེན་པོ་འཆད་པའི་མདོར། དེ་བཞིན་གཤེགས་པ་རྣམས་ཀྱང་ཡུམ་འདི་ནི་བདག་ཅག་བསྐྱེད་པའོ། །འཇིག་རྟེན་རྣམས་སྟོན་པའོ། །ཞེས་རྒྱུན་དུ་དགོངས་སོ། །ཞེས་པའི་མདོ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། ཡུམ་འདིས་ཇི་ལྟར་ན་རྫོགས་པའི་སངས་རྒྱས་རྣམས་བསྐྱེད་པ་ལགས། འཇིག་རྟེན་གྱི་སྟོན་པ་ལགས། ཞེས་ཞུས་པའི་ལན་གྱིས་ནི་གཞི་ཤེས་སྦྱོར་བའི་ཤེས་མཚན་བཅུ་དྲུག་བཤད་དོ། །དེ་ནས་ལྷའི་བུ་རྣམས་ཀྱིས། ཡུམ་ཟབ་མོ་འདིའི་མཚན་ཉིད་ཇི་ལྟ་བུ་ལགས། བཀའ་སྩལ་པ། འདིའི་མཚན་ཉིད་སྟོང་པ་ཉིད་དོ། །མཚན་མ་མེད་པའོ། །ཞེས་སོགས་ཀྱིས་ནི་ལམ་ཤེས་སྦྱོར་བའི་ཤེས་མཚན་བཅུ་དྲུག་བཤད་དོ། །ཡང་རབ་འབྱོར་དེ་བཞིན་གཤེགས་པ་རྣམས་ཡུམ་འདི་ལ་བརྟེན་ཞིང་གནས་སོ། །ཆོས་ལ་རིམ་གྲོར་མཛད་དོ། །ཞེས་སོགས་ཀྱིས་ནི་རྣམ་མཁྱེན་གྱི་སྦྱོར་བའི་ཤེས་མཚན་གསུངས་སོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། ཡུམ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་སོ། །ཞེས་སོགས་ཀྱིས་ནི་ཁྱད་མཚན་བཅུ་དྲུག་བཤད་དོ། །དེ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་མངོན་པར་རྫོགས་པ་འཚང་རྒྱ་བ་ནི་དཀའ་བ་བགྱིད་པའོ། །བཀའ་སྩལ་པ། དེ་དེ་བཞིན་ཏེ། འོན་ཀྱང་བྱང་སེམས་ཆེན་པོ་རྣམས། སེམས་ཅན་ལ་ཕན་པའི་ཕྱིར་དང༌། བདེ་བའི་ཕྱིར་དང༌། སྐྱོབ་པའི་ཕྱིར་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །ཞེས་སོགས་ཀྱིས་ནི་བྱེད་མཚན་བཅུ་གཅིག་བསྟན་ནོ། །དེ་ནས་རབ་འབྱོར་གྱིས། ཡུམ་འདི་འཚལ་བའི་བྱང་སེམས་ཀྱི་རྣམ་རྟགས་མཚན་མ་ཇི་ལྟ་བུ། ཞེས་ཞུས་པའི་ལན་དུ། ཆགས་སྡང་རྨོངས་གསུམ་རྣམ་པར་བསལ་བས་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོགས་ཀྱིས་ངོ་བོ་ཉིད་མཚན་བསྟན་ནོ། །ངོ་བོ་ཉིད་མཚན་ལ་འཕྲོས་ནས། ཤཱ་རིའི་བུ་བྱང་ཆེན་སེམས་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པ་གཏོང་བ་ན་མཉམ་པར་འཇོག་ཅིང་མཚན་མར་མི་བྱེད་ན། མ་སྨས། མ་ཉམས་པར་འཚང་རྒྱ་བར་རིག་པར་བྱའོ། །ཞེས་སོགས་ཀྱིས་ནི་ཐར་པ་ཆ་མཐུན་བཤད་དོ། །དེ་ནས་རབ་འབྱོར་གྱིས། བྱང་ཆེན་ངེས་པར་འབྱུང་བར་འཚལ་བས་ཇི་ལྟར་གནས་པར་བགྱི། བཀལ་སྩལ་པ། སེམས་ཅན་རྣམས་ཀྱི་དྲུང་དུ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ། །ཞེས་སོགས་ཀྱིས་ནི་ངེས་འབྱེད་ཆ་མཐུན་བསྟན་ནོ། །གོང་དུ་ཕྱིར་མི་ལྡོག་པ་ཞེས་པའི་ཚིག་མང་པོ་བྱུང་བ་ལ་འཕྲོས་ནས། རབ་འབྱོར་གྱིས། བྱང་ཆེན་ཕྱིར་མི་ལྡོག་པའི་རྣམ་རྟགས་མཚན་མ་གང་ལགས། ཞུས་པའི་ལན་གྱིས། སྦྱོར་མཐོང་གཉིས་ཀྱི་ཕྱིར་མི་ལྡོག་པའི་རྟགས་རྣམས་བཤད་དོ། །དེ་ནས་རབ་འབྱོར་གྱིས། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། གང་ལ་གནས་ནས་དྲན་པ་ཉེར་གཞག་སོགས་ཡོངས་སུ་རྫོགས་པར་མི་བགྱིད་པའི་གནས་ཟབ་མོ་རྣམས་བསྟན་དུ་གསོལ། ཞེས་པའི་ལན་གྱིས་ནི་སྒོམ་ལམ་ཟབ་པར་བསྟན་ལ། གང་གི་ཚེ་བྱང་ཆེན་ཟབ་མོ་འདི་ལ་སེམས་འཇལ་ངེས་པར་རྟོག་པར་འགྱུར། ཞེས་སོགས་ཀྱིས་ནི་ཁྱད་གཞི་སྒོམ་ལམ་སྟོན་པ་ཡིན་ནོ། །དེ་ནས་རབ་འབྱོར་བྱང་སེམས་ཆེན་པོས་བསྐལ་པ་གངྒཱའི་བྱེ་མ་སྙེད་དུ་སྦྱིན་པ་སྦྱིན་ན་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། མང་ལགས་ཏེ། གཞལ་དུ་མ་མཆིས། གྲངས་མ་མཆིས། ཚད་མ་མཆིས། མཚུངས་པ་མ་མཆིས་སོ། །ཞེས་སོགས་མདོ་ཚན་བཅོ་བརྒྱད་ཀྱིས་སྒོམ་ལམ་ལ་དགུར་ཕྱེ་བ་ཡིན་ནོ། །དེ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པའོ། །ཞེས་གསུངས་ན། སྟོང་པ་ཉིད་ལ་ནི་གྲངས་མི་དམིགས། གཞལ་བ་མི་དམིགས། དོན་ཏམ། ཡི་གེ་ཐ་དད་དུ་བགྱི་བ་མི་དམིགས་སོ། །ཞེས་པ་ནི་དབྱེ་བ་ལ་རྩོད་པ་སྟེ། དོན་ནི་དེ་ལ་དགུར་དབྱེ་བ་མི་འཐད་པར་ཐལ། རང་བཞིན་གྱིས་སྟོང་པའི་ཕྱིར། ཞེས་པ་ཡིན་ལ། ལན་ནི། བཀའ་སྩལ་པ། དེ་དེ་བཞིན་ནོ། །ཞེས་གསུངས་པ་ནི་དོན་དམ་དུ་འདོད་པའི་ལན་ཡིན་ལ། དེ་ནི་གྲངས་མེད་ལ་སོགས་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ནོ། །ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའི་ལན་ནི། བཀའ་སྩལ་པ། བརྗོད་དུ་མེད་པའི་དོན་ལ་གྲངས་མེད་ལ་སོགས་པར་བརྗོད་པ་གང་ཡིན་པ་འདི་ནི། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་ནོ། །ཞེས་གསུངས་པ་དེའི་དོན་ནི། ཀུན་རྫོབ་ཏུ་ནི་སོགས་རྐང་པ་གཉིས་སོ། །བཟོད་མ་ཡིན། ཞེས་པའི་མདོ་ལ་འཕྲོས་ནས། གསོལ་པ། བརྗོད་དུ་མེད་པའི་དོན་ལ་འཕེལ་འགྲིབ་མཆིས་སམ། བཀའ་སྩལ་པ། དེ་ལ་དེ་མེད་དོ། །གསོལ་པ། དེ་མ་མཆིས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་འཕེལ་འགྲིབ་མ་མཆིས་པར་འགྱུར་རོ། །ཞེས་པ་ནི་སྒོམ་པའི་ལམ་གྱི་བྱེད་ལས་ལ་རྩོད་པ་སྟེ། དོན་ནི། ཉམས་འཕེལ་གྱི་བྱ་བ་མི་སྲིད་པར་ཐལ། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཕྱིར། ཞེས་པ་སྟེ། དངོས་པོ་བརྗོད་དུ་མེད་པ་ལ། ཞེས་སོགས་རྐང་པ་བཞིའོ། །དེའི་ལན་ནི། བཀའ་སྩལ་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ། །ཞེས་གསུངས་པ་དེའི་དོན་ནི། དོན་དམ་པར་ཉམས་འཕེལ་གྱི་བྱ་བ་མེད་ཀྱང༌། ཀུན་རྫོབ་ཏུ་ཉམས་འཕེལ་གྱི་བྱ་བ་བྱེད་དེ། བྱང་ཆུབ་དེ་དོན་དམ་པར་སྟོང་པ་ཉིད་ཡིན་ཀྱང༌། འཁྲུལ་ངོར་སེམས་ཅན་གྱི་དོན་མཛད་པ་བཞིན་ནོ། །ཞེས་འཆད་པ་ནི། བྱང་ཆུབ་ཇི་ལྟ་སོགས་སོ། །དཔེ་དེ་ལ་འཕྲོས་ནས། གསོལ་པ། སེམས་བསྐྱེད་པ་དང་པོས་སངས་རྒྱའམ། སླད་མས་སངས་རྒྱ། ཞེས་སོགས་ཀྱི་དོན་ནི། སེམས་བསྐྱེད་ཀྱིས་བྱང་ཆུབ་མི་སྐྱེད་དེ། སྔ་མ་ཁོ་ནས་དང༌། ཕྱི་མ་ཁོ་ནས་དང༌། སྔ་ཕྱི་རིམ་ཅན་དུ་འབྱུང་བས་མི་སྐྱེད་པའི་ཕྱིར། ཞེས་རྩོད་པ་ནི། སེམས་ནི་སོགས་རྐང་པ་གཉིས་སོ། །དེའི་ལན་ནི། བཀའ་སྩལ་པ། འབྲུ་མར་གྱི་མར་མེ་སྦར་བས་སྙིང་པོ་ཚིག་པར་གྱུར་ན། མེ་ལྕེ་དང་པོ་དང་ཕྲད་པས་སམ། ཕྱི་མ་དང་ཕྲད་པས་སྙིང་པོ་དེ་ཚིག ཞེས་སོགས་གསུངས་ལ། དེའི་དོན་ནི། དེ་ལྟར་དཔྱད་པའི་ཚེ་དེས་དེ་མི་སྐྱེད་ཀྱང་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་ཀྱི་ཚེ་དེས་དེ་སྐྱེད་པར་མར་མེའི་དཔེས་གྲུབ་བོ། །ཞེས་འཆད་པ་ནི། མར་མེ་དཔེ་ཡི། ཞེས་སོགས་རྐང་པ་གཉིས་སོ། །དེ་ལ་འཕྲོས་ནས། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པ་དེ་ནི་ངོ་མཚར་ཏོ། །ཞེས་སོགས་ཀྱིས་ནི་ཟབ་མོ་བརྒྱད་བཤད་དོ། །དེ་ནས་ཤཱ་རིའི་བུས་སྨྲས་པ། བྱང་ཆེན་གྱི་ལམ་དུ་སྟོང་པ་ཉིད་ལ་སྙོམས་པར་ཞུགས་ན། ཅི་ཤེས་ཕྱིན་རྣམ་པར་འཕེལ་ལམ། སྨྲས་པ། ཉིན་བར་འཕེལ་ན་རྨི་ལམ་དུ་ཡང་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་བར་ནི་རྣམ་པར་རྟོག་པ་མེད་པའོ། །ཞེས་སོགས་ཀྱིས་ནི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བསྟན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་ཆེན་ཇི་ལྟར་ན་ཕྱིན་དྲུག་རྫོགས་པར་བགྱིད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་ལགས། བཀའ་སྩལ་པ། བྱང་ཆེན་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་པའི་ཚེ། སེམས་ཅན་བཀྲེས་པ་དང༌། སྐོམ་པ་དང༌། མལ་ཆས་ཕོངས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཞེས་སོགས་ཀྱིས་ནི་ཞིང་དག་པའི་སྦྱོར་བ་བཤད་དོ། །དེ་ནས་རབ་འབྱོར་གྱིས། བྱང་ཆེན་ཇི་ལྟར་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་འདྲིས་པར་བགྱི། ཞེས་པའི་ལན་གྱིས་ནི་ཐབས་ལ་མཁས་པའི་ཡུལ་རྣམ་པ་བཅུ་ངོས་བཟུང་བ་ཡིན་ལ། རང་འབྱོར་འདི་ལ་བྱང་ཆེན་ཡུམ་ལ་སྤྱོད་པ་ན། འདི་ནི་འདྲིས་པར་བྱ་བའི་དུས་ཡིན་གྱི། མངོན་དུ་བྱ་བའི་དུས་མ་ཡིན་ནོ་སྙམ་དུ་སོ་སོར་རྟོག་གོ །ཞེས་སོགས་ཀྱིས་ནི་ཐབས་མཁས་ཀྱི་སྦྱོར་བ་བཅུ་བཤད་དོ། །མདོར་ན་ཐབས་མཁས་ཀྱི་ཡུལ་ནི་ཡང་དག་པའི་མཐའོ། །དེའི་སྦྱོར་བ་ནི་དེ་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་ནས། དུས་སུ་མངོན་དུ་བྱེད་ཅིང་དུས་མ་ཡིན་པར་མི་བྱེད་པའི་རྣལ་འབྱོར་རོ། །ཐབས་ལ་མཁས་པ་ནི་རྫོགས་སྨིན་སྦྱངས་གསུམ་ལྟ་བུའི་ཐབས་ཀྱི་ཁྱད་པར་རྣམ་པ་བཅུ། ཇི་སྐད་དུ། རབ་འབྱོར་སྐྱེས་བུ་དཔའ་ཞིང་བརྟུལ་ཕོད་པ། །ཞེས་སོགས་ཀྱིས་བསྟན་པ་རྣམས་སོ།།  །།གཉིས་པ་གཞུང་སོ་སོའི་དཀའ་བའི་གནས་བཤད་པ་ལ་གཉིས་ཏེ། སྤྱིར་བཤད་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། རྣམ་རྫོགས་སྦྱོར་བ་ཞེས་པ་སྒྲ་ཡངས་པར་བྱས་ན་སྦྱོར་བ་བཞི་ཀ་ལ་ཁྱབ་བྱེད་དུ་འཇུག་པ་ཡིན་ཏེ། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་ཀུན་རྟོགས་ནས་སྒོམ་པའི་རྣལ་འབྱོར་ཞིག་ལ་དེར་འཆད་པས་སོ། །དེ་ལས་ཕྱེ་ན། དབང་ཐོབ་ཕྱིར་དུ་སྒོམ་པ་ལ་སོགས་པའི་དབྱེ་བས་བཞིར་འགྱུར་བ་ནི་སྐབས་བཞི་པོ་སོ་སོའི་བསྟན་བྱའི་གཙོ་བོ་ཡིན་ནོ། །དེ་ལྟ་བུའི་སྦྱོར་བ་དང་པོ་གསུམ་ནི་སྤེལ་མར་སྐྱེ་བ་ཡིན་ཏེ། སྤང་བྱ་གཅིག་ལ་ལྟོས་པའི་གཉེན་པོ་ལ་དབང་ཐོབ་ཕྱིར་དུ་དང༌། ཐོབ་པའི་ཚུལ་གྱིས་དང༌། བརྟན་པ་ཐོབ་ཕྱིར་དུ་སྒོམ་པ་རྣམ་སྤེལ་མར་འབྱུང་བའི་ཕྱིར། དེ་གསུམ་ནི་སྤང་བྱ་གཅིག་གི་རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། སྤོང་བ་གཉེན་པོ་དང༌། ཐག་བསྲིང་བའི་གཉེན་པོ་གསུམ་གྱི་དབང་དུ་བྱས་པ་ཡིན་ལ། གཞིའི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་ཡིན་ཀྱང༌། སྐབས་དེར་མ་གསུངས་སོ། །དེའི་ཕྱིར་རྣམ་རྫོགས་སྦྱོར་བའི་ཐོག་མ་ནི་ཚོགས་ཀྱི་ལམ་ནས་བཞག་སྟེ། མཐོང་སྤང་རྟོག་པ་ལྟོས་པའི་རྣམ་པར་སུན་འབྱིན་པའི་གཉེན་པོར་གྱུར་པ་ནས་འཇོག་པའི་ཕྱིར། རྩེ་སྦྱོར་ནི་སྦྱོར་ལམ་ནས་གཞག་སྟེ། དེའི་གཉེན་པོ་ལ་སྦྱོར་འཇུག་གཉིས་སུ་ཕྱེ་བའི་སྦྱོར་བ་ནས་དེར་འཇོག་པའི་ཕྱིར། མཐར་གྱིས་པའི་སྦྱོར་བའང་མཉམ་གཞག་ཏུ་རྩེ་སྦྱོར་གྱི་རྟོགས་པ་སྔོན་དུ་སོང་བའི་རྗེས་ཐོབ་ཀྱི་གནས་སྐབས་སུ་ཐོབ་དགོས་པས། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་རྗེས་ཐོབ་ནས་སོ། །གཉིས་པ་ལ་སྦྱོར་བ་ལ་འཇུག་ཚུལ་གཏན་ལ་ཕབ་པ་དང༌། སྦྱོར་བ་སྐྱེས་པའི་སྒོམ་རིམ་མོ། །དེ་ཡང༌། དང་པོ་ནི། ཐེག་ཆེན་སྦྱོར་བ་ཙམ་གྱི་དབང་དུ་བྱས་ནས་འཆད་ལ། གཉིས་པའི་སྐབས་སུ་ནི་དབང་ཐོབ་ཕྱིར་དུ་སྒོམ་པའི་རྣམ་ཀུན་གྱི་སྦྱོར་བའི་དབང་དུ་བྱས་ནས་འཆད་དོ། །དེའི་ངོ་བོ་ནི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་ལ། དེ་ཡང་རྗེས་ཐོབ་ཏུ་སྒོམ་ཞིང་སྤང་བྱ་རྣམ་པར་རྟོག་པ་སུན་འབྱིན་པའི་གཉེན་པོར་གྱུར་པ་དེ་ལ་དབང་ཐོབ་ཕྱིར་དུ་སྒོམ་པ་ཞེས་བྱའོ། །འདི་འཆད་པ་ལ་སྒོམ་བྱ་རྣམ་པ། དེ་སྒོམ་པའི་རྣལ་འབྱོར། སྔོན་འགྲོའི་ཆོས་དང་གསུམ་མོ། །དང་པོ་ལ། འདིར་རྣམ་པ་ཞེས་བྱ་བའི་དོན་ནི་དམིགས་རྣམ་གཉིས་ཀྱི་ཟླས་ཕྱེ་བ་དེ་ཡིན་ལ། དེ་ཡང་ཡུལ་ཅན་ཤེས་པའི་ཁྱད་པར་ཉིད་ལ་འཆད་དགོས་པ་ཡིན་ཏེ། རིགས་པ་མཁྱེན་པས། བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པས་རྣམ་པ་ཤེས་པར་བསྒྲུབས་ཤིང༌། དེར་གྲུབ་པ་ན་ཁ་ཕྱིར་ལྟའི་ཤེས་པ་རྣམས་ཀྱང་རང་རིག་པར་གྲུབ་པའི་ཚུལ་རྒྱས་པར་གསུངས་པ་བཞིན་ནོ། །རྣམ་པ་དེ་ལ་ཕྱི་རོལ་དོན་གྱི་རྣམ་པ་ལྟ་བུ་ཀུན་རྫོབ་ཀྱི་རྣམ་པ་དང༌། སྐྱེ་མེད་གསུམ་གྱི་རྣམ་པ་ལྟ་བུ་དོན་དམ་པའི་རྣམ་པ་གཉིས་ལས། འདིར་ནི་ཕྱི་མའི་དབང་དུ་བྱས་ནས་འཆད་པ་ཡིན་ཏེ། སྐྱེ་མེད་གསུམ་ཐོས་བསམ་གྱིས་ཤེས་པའི་བློ་དེ་ཉིད་སྒོམ་བྱའི་རྣམ་པར་བཤད་པའི་ཕྱིར། དེ་ལྟར་དུ་ཡང་གཞི་ཤེས་པའི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱའི་མཚན་ཉིད་དེ། །ཞེས་གསུངས་པས་སོ། །དབྱེ་ན། ཡུལ་སྐྱེ་མེད་གསུམ་གྱི་དབྱེ་བས་ཡུལ་ཅན་རྣམ་པ་ཡང་གསུམ་མོ། །གསུམ་པོ་དེ་ལ་མཁྱེན་གསུམ་གྱི་ཤེས་རྣམ་ཞེས་བྱ་ལ། དེ་ལའང་མཚན་ཉིད་པ་མངོན་སུམ་གྱི་ཡུལ་ཅན་དང༌། རྗེས་མཐུན་པ་ཐོས་བསམ་གྱི་ཡུལ་ཅན་གཉིས་སོ། །རྗེས་མཐུན་པ་དེ་དང་དེ་སྒོམ་བྱ་ནི་མཚན་ཉིད་པ་ཡིན་ཏེ། ཚོགས་སྦྱོར་ན་ཐེག་ཆེན་སྦྱོར་བ་མཚན་ཉིད་པ་ཡོད་པར་འཆད་པས་སོ། །མཚན་ཉིད་པ་དེ་ལ་སྒོམ་བྱ་དངོས་ཡིན་མིན་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། སངས་རྒྱས་ཀྱི་སའི་སྐྱེ་མེད་གསུམ་རྟོགས་པའི་བློ་ནི་མཁྱེན་གསུམ་གྱི་རྣམ་པ་མཚན་ཉིད་པ་ཡིན་ཀྱང་སྦྱོར་བའི་སྒོམ་བྱ་དངོས་མ་ཡིན་པའི་ཕྱིར་རོ། །འོ་ན་སྒོམ་བྱ་རྣམ་པ་ལ་བརྒྱ་དང་བདུན་ཅུ་རྩ་གསུམ་དུ་ཕྱེ་བ་མི་འཐད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སངས་རྒྱས་ཀྱི་སའི་རྣམ་པ་དེ་དང་དེའི་རིགས་འདྲའི་རྒྱུན་གོམས་པར་བྱེད་པ་ལ་དེ་སྨོན་ལམ་གྱི་རྣམ་པས་སྒོམ་པ་ཞེས་བྱ་བའི་མིང་གིས་འདོགས་པའི་ཕྱིར་རོ། །གལ་ཏེ་གཞི་ཤེས་ཀྱི་ཤེས་རྣམ་སྒོམ་ན་གང་ཟག་གི་བདག་མེད་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། བྱང་སེམས་འཕགས་པས་གཞི་སྐྱེ་མེད་དུ་བསྒོམས་པ་ན་བདག་མེད་དང་པོའི་རྟོགས་པ་ཡར་ལྡན་དུ་འདུ་བ་ཡིན་གྱི། གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དུ་སྒོམ་པ་མ་ཡིན་ཏེ། དེ་ནི་སྤྲོས་པའི་རྣམ་པ་གཅིག་ཏུ་བཤད་ལ། ཅིག་ཤོས་ཀྱིས་ནི་སྤྲོས་པའི་མཚན་མ་གང་ཡང་ཡིད་ལ་མི་བྱེད་པའི་ཕྱིར། དཔེར་ན་གཞི་ཤེས་ཀྱི་རྣམ་པ་འཆད་པའི་ཚེ། མངོན་པ་ནས་གསུངས་པའི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་དེ་མི་འཆད་པར། ཤེས་ཕྱིན་ནས་གསུངས་པའི་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་དེ་ཉིད་སྒོམ་བྱར་བཤད་པ་བཞིན་ནོ། །འོ་ན་དེ་གཉིས་དོན་གཅིག་པར་བཤད་པ་མ་ཡིན་ནམ་ཞེ་ན། ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཤར་བ་དེའི་ཚེ་ཅིག་ཤོས་ཀྱི་རྟོགས་པ་ཡར་ལྡན་དུ་འདུ་བ་ཡིན་ཏེ། དེས་ཅིག་ཤོས་ཀྱི་འགལ་ཟླ་སེལ་བའི་ཕྱིར། དེ་ལ་དགོངས་ནས་གཉིས་པོ་གོ་རིམ་བཞིན་དུ་སྦྱར་བ་ཡིན་གྱི། སྤྲོས་བྲལ་གྱི་རྣམ་པ་དེ་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་དུ་འཆད་པ་ནི་མ་ཡིན་ཏེ། དེ་ནི་དེ་ལས་འདའ་བར་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་འོ་ན་མཁྱེན་པ་གསུམ་གྱི་སྦྱོར་བས་སྐྱེ་མེད་གསུམ་སྒོམ་པ་མ་ཡིན་པར་འགྱུར་ཏེ། ཤེས་རྣམ་ཁོ་ན་སྒོམ་བྱར་འདོད་པའི་ཕྱིར། ཞེ་ན། དེའི་རྣམ་པ་བསྒོམས་པས་དེ་སྒོམ་པར་འཇོག་ནུས་པ་ཡིན་ཏེ། ཆོས་ཉིད་ཀྱི་རྣམ་པ་རྟོགས་པ་ལ་ཆོས་ཉིད་རྟོགས་པར་འཇོག་པའི་ཕྱིར། དཔེར་ན་སྔོན་པོའི་རྣམ་པ་ཤར་བ་ལ་སྔོན་པོ་རྟོགས་པར་འཇོག་པ་བཞིན་ནོ། །མདོར་ན་སྐྱེ་མེད་གསུམ་ནི་དམིགས་པ་ཡིན་ལ། དེ་འཛིན་སྟངས་ཀྱི་བཟུང་བྱར་བྱེད་པའི་བློ་ནི་རྣམ་པའོ། །དེ་ལྟར་ཤེས་པ་གང་ལ་སྒྲོ་འདོགས་གཅོད་པའི་གཞི་དང་དམིགས་པ་ནི། བོད་སྔ་མས་དོན་རྣམ་གྱི་ཐ་སྙད་སྦྱར་བ་དེ་ཡིན་ལ། དེ་ལ་གང་གིས་སྒྲོ་འདོགས་གཅོད་པའི་རྣམ་པ་ནི་ཤེས་རྣམ་དུ་ཐ་སྙད་འདོགས་པ་དེའི་ཕྱིར་ཤེས་རྣམ་ཁོ་ན་སྦྱོར་བའི་སྒོམ་བྱ་དང༌། སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཡིན་ལ། དེ་ལྟར་ན་རྣམ་པ་མཚན་ཉིད་པ་ལ་ཤེས་པས་ཁྱབ་བོ། །རྣམ་རྟགས་མཚན་མ་གསུམ་གྱི་ཟླས་ཕྱེ་བའི་རྣམ་པ་ནི་དམིགས་རྣམ་གཉིས་ཀྱི་ཟླས་ཕྱེ་བའི་རྣམ་པ་དེ་མ་ཡིན་པས་འདིར་བསྟན་གྱི་རྣམ་པར་མི་རུང་ལ། དམིགས་རྣམ་གཉིས་ཀྱི་ཟླས་ཕྱེ་བའི་རྣམ་པ་དེ་ཡང་རྣམ་རྟགས་མཚན་མ་གསུམ་གྱི་ཟླས་ཕྱེ་བའི་རྣམ་པ་དེར་མི་རུང་ངོ༌། །དེ་ལ་འཕྲོས་ནས་སྒྲིབ་པའི་རྣམ་པར་བཞག་པ་ལ། སྤྱིའི་མཚན་ཉིད་དང༌། སོ་སོའི་རྣམ་པར་བཞག་པ། གྲངས་ངེས་སོ། །དང་པོ་ནི། ཡང་དག་པའི་ཡེ་ཤེས་ལ་སྒྲིབ་བྱེད་དོ། །སྒྲིབ་པའི་སྒྲ་འཇུག་ས་ནི་སྒྲིབ་བྱ་དང་སྒྲིབ་བྱེད་གཉིས་ལ། འདིར་ཕྱི་མའི་དབང་དུ་བྱས་པ་ཡིན་ལ། ལུང་མ་བསྟན་གྱི་ནང་ཚན་ན་ཡོད་པའི་བསྒྲིབས་མ་སྒྲིབ་གཉིས་ནི་འདི་དང་དོན་གཅིག་པ་མ་ཡིན་ཏེ། དེ་དག་ནི་བྱེད་པ་པོའི་དབང་དུ་བྱས་ནས་བཤད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། དབྱེ་ན་ལྷག་མཐོང་ལ་སྒྲིབ་བྱེད་དང༌། ཞི་གནས་ལ་སྒྲིབ་བྱེད་དོ། །ཡང་ན་ཡེ་ཤེས་ལ་དང༌། ཡོན་ཏན་ལ་སྒྲིབ་བྱེད་དོ། །དང་པོ་ལ་གང་ཟག་གི་བདག་མེད་རྟོགས་པའི་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ལ་སྒྲིབ་བྱེད་དོ། །དང་པོ་ནི། ཉོན་མོངས་པའི་སྒྲིབ་པ་ཡིན་ལ། གཉིས་པ་ནི། ཤེས་བྱའི་སྒྲིབ་པ་དང༌། ཡང་གོང་གི་གཉིས་པ་ནི་སྙོམས་འཇུག་གི་སྒྲིབ་པའོ། །དང་པོ་ལ་མཚན་ཉིད། དབྱེ་བ། སྤངས་པའི་ས་མཚམས་བསྟན་པའོ། །དང་པོ་ནི། གནས་སྐབས་ཀྱི་མྱང་འདས་གཉིས་པོ་གང་རུང་ཐོབ་པ་ལ་སྒྲིབ་བྱེད་ཀྱི་རིགས་སུ་གནས་པའོ། །གཉིས་པ་ནི། ལྷག་བཅས་ཀྱི་དང༌། ལྷག་མེད་ཀྱི་མྱང་འདས་སོ། །དང་པོ་ལ་སྒྲིབ་བྱེད་ནི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་དང༌། བག་ལ་ཉལ་གྱི་ཉོན་སྒྲིབ་ཡིན་ལ། གཉིས་པ་ལ་སྒྲིབ་བྱེད་ནི་ལས་དང་རྣམ་སྨིན་གྱི་ཉོན་སྒྲིབ་བོ། །ཉོན་སྒྲིབ་ལ་འདི་དག་ཏུ་གྲངས་ངེས་ཏེ། གནས་སྐབས་ཀྱི་འཐོབ་བྱ་མྱང་འདས་ལ་གཉིས་པོ་དེར་གྲངས་ངེས་པའི་ཕྱིར། གནས་སྐབས་ཀྱི་མྱང་འདས་གོ་ཆོད་པོ་ཡིན་ན་ལྷག་མེད་ཀྱི་མྱང་འདས་ཡིན་དགོས་ཏེ། ལྷག་བཅས་ཀྱི་མྱང་འདས་ནི་འཁོར་བ་ལས་མ་གྲོལ་བའི་ཕྱིར། གཉིས་པ་ནི། དབྱེ་ན། འཁོར་བར་འཆིང་བྱེད་ཀྱི་དང༌། བག་ལ་ཉལ་གྱི་ཉོན་སྒྲིབ་བོ། །དང་པོའི་མཚན་ཉིད་ནི། འཁོར་བར་འཆིང་བྱེད་ཀྱི་ལས་ཉོན་རྣམ་སྨིན་གསུམ་གང་རུང་ས་བོན་དང་བཅས་པའོ། །དབྱེ་ན། འཁོར་བར་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་གྱུར་པའི་ཉོན་མོངས་པ་ས་བོན་དང་བཅས་པ་དང༌། དེས་བསླང་བའི་ལས་དང༌། ལས་དེའི་རྣམ་སྨིན་དུ་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་རྣམས་སོ། །གཉིས་པ་ལ་མཚན་ཉིད་ནི། ཉོན་མོངས་པས་བཞག་པའི་བག་ལ་ཞ་གང་ཞིག སྲིད་པར་སྐྱེ་བ་འཛིན་པའི་རྒྱུར་གྱུར་པའོ། །མཚན་གཞི་ནི་བྱང་སེམས་འཕགས་པའི་རྒྱུད་ལ་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་དང་བྲལ་ཞིང༌། སྲིད་པར་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུ་བྱེད་པའི་ཉོན་མོངས་པའི་ནུས་པ་བཞིན་ནོ། །ཉོན་སྒྲིབ་ལ་གཉིས་སུ་ཕྱེ་བ་འདི་ནི་བྱང་སེམས་ལམ་གྱི་སྤང་བྱ་ལ་ལྟོས་ནས་ཡིན་གྱི། དམན་པའི་ལམ་གྱི་སྤང་བྱ་ལ་ལྟོས་ནས་ནི་མ་ཡིན་ཏེ། དེར་ནི་སེམས་རྒྱུད་མ་ཞི་བར་བྱེད་པའི་ནུས་པ་དང༌། སྐྱེ་བ་ལེན་པའི་རྒྱུ་གཉིས་སོ་སོར་མ་ཕྱེ་བར་ཉོན་སྒྲིབ་ཞེས་གཅིག་ཏུ་སྡུད་ཅིང་ཅིག་ཆར་དུ་བསྡོམས་ནས་སྤོང་ཞིང༌། འདིར་ནི་སོ་སོར་ཕྱེ་ནས་སེམས་རྒྱུད་མ་ཞི་བར་བྱེད་པའི་ནུས་པ་དེ་ནི་ཆེད་དུ་གཉེར་ནས་སྤོང་ལ། སྐྱེ་བ་ལེན་པའི་རྒྱུ་ནི་ཆེད་དུ་གཉེར་ནས་མི་སྤོང་བའི་ཕྱིར། འོ་ན་གཅིག་སྤངས་པ་ན་ཅིག་ཤོས་ཀྱང་ཞར་ལ་སྤངས་པ་མ་ཡིན་ནམ་ཞེ་ན། དེའི་གཉེན་པོར་གང་ཟག་གི་བདག་མེད་སྒོམ་ན་དེ་ལྟར་ཡིན་ཀྱང་འདིར་ནི་དེ་ལྟར་མི་ནུས་ཏེ། ཤེས་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་བསྒོམས་སྟོབས་ཀྱིས་སེམས་རྒྱུད་མ་ཞི་བར་བྱེད་པའི་ནུས་པ་ས་བོན་དང་བཅས་པ་རང་འགགས་སུ་སྤོང་བའི་ཕྱིར། གལ་ཏེ་བྱང་ཆུབ་སེམས་དཔས་བག་ལ་ཉལ་གྱི་ཉོན་སྒྲིབ་སྤྱིར་མི་སྤོང་བར་ཐལ་ལོ་སྙམ་དུ་དོགས་པར་མི་བྱ་སྟེ། སྤོང་བ་ནི་ཤེས་སྒྲིབ་ཀྱི་ཞར་ལ་ཡིན་ལ། ཆེད་དུ་མི་གཉེར་བའི་དོན་ནི་ཤེས་སྒྲིབ་ཀྱི་གཉེན་པོར་མ་གྱུར་ཞིང༌། ཉོན་སྒྲིབ་ཁོ་ནའི་གཉེན་པོར་གྱུར་པའི་ལམ་ཞིག་སྒོམ་པ་མ་ཡིན་པ་ལ་འཆད་དགོས་པའི་ཕྱིར་རོ། །འདི་ཉོན་སྒྲིབ་མཚན་ཉིད་པར་མི་འདོད་པ་ཡང་མ་ཡིན་ཏེ། དམན་པའི་མྱང་འདས་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པའི་ཕྱིར་དང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་ནི་བག་ལ་ཉལ་གྱི་ཉོན་སྒྲིབ་དེའི་ས་བོན་དྲུངས་འབྱིན་བྱེད་ཀྱི་གཉེན་པོའི་རིགས་སུ་གནས་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་གཞུང་དུ་འདི་ཉོན་མོངས་མཚན་ཉིད་པར་ཁས་ལེན་ཀྱང་འདིར་ནི་མ་ཡིན་ཏེ། བྱང་སེམས་འཕགས་པའི་རྒྱུད་ལ་ཡོད་པའི་ཕྱིར་དང༌། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་དང་བྲལ་བའི་ཕྱིར་རོ། །གསུམ་པ་ནི། དམན་པའི་དབང་དུ་བྱས་ན་ལྷག་བཅས་ཀྱི་མྱང་འདས་མངོན་དུ་བྱས་པའི་ཚེ། ཉོན་མོངས་པའི་སྒྲིབ་པ་དེ་གཉིས་ཀ་མ་ལུས་པར་སྤངས་པ་ཡིན་ཏེ། དེའི་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དེ་གཉིས་ཀ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར། རྣམ་སྨིན་གྱི་སྒྲིབ་པ་སྤངས་ཀྱང་བྲལ་བ་ནི་མ་ཡིན་ཏེ། ལས་ཉོན་སྔ་མས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་དང་མ་བྲལ་བའི་ཕྱིར། ཟག་བཅས་ཀྱི་ལས་གསར་པ་མི་སོག་ཀྱང་རྙིང་པའི་འབྲས་བུ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་མ་ཡིན་ཏེ། སྤྱོད་འཇུག་ལས། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་གསུངས་པའི་ཕྱིར། ལྷག་མེད་ཀྱི་དུས་སུ་ནི་ཉོན་མོངས་པ་དང༌། ལས་དང༌། རྣམ་པར་སྨིན་པ་གསུམ་ཀ་དང་བྲལ་བའི་ཕྱིར། མྱང་འདས་གོ་ཆོད་པོར་གཞག་གོ །ཐེག་ཆེན་གྱི་དབང་དུ་བྱས་ན་ཉོན་མོངས་པའི་ནུས་པ་ལ་གཉིས་སུ་ཕྱེ་ནས་འཁོར་བར་འཆིང་བྱེད་ཀྱི་ཆ་ནི་ས་དང་པོ་ནས་སྤངས་པ་ཡིན་ཏེ། དམན་ལམ་སྔོན་དུ་མ་སོང་བའི་སྡུག་བསྔལ་ལ་ཆོས་བཟོད་དུ་དེའི་ས་བོན་དྲུངས་འབྱིན་པའི་ནུས་པ་ཐོབ་པའི་ཕྱིར། བག་ལ་ཉལ་ལ་ཐེག་ཆེན་གྱི་མཐོང་སྤང་དང་སྒོམ་སྤང་གི་ཆ་གཉིས་ལས། དང་པོ་ནི། མཐོང་སྤང་ཤེས་སྒྲིབ་ཀྱི་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པ་ཁོ་ནར་སྤངས་ལ། གཉིས་པ་ཡང་སྒོམ་སྤང་དེ་འདྲ་དེ་སྤངས་པ་དང་དུས་མཉམ་པར་སྤངས་སོ། །འོ་ན་དམན་ལམ་སྔོན་དུ་མ་སོང་བའི་མ་དག་སར་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ལའང་ནུས་པ་གཉིས་ཏེ། འཁོར་བར་འཆིང་བྱེད་ཀྱི་མིང་ཅན་ཡང་སྲིད་འཕེན་བྱེད་ཀྱི་ནུས་པ་དང༌། དེའི་བག་ལ་ཉལ་གཉིས་ལས། དང་པོ་ནི། ས་དང་པོ་ནས་སྤངས་ཟིན་ལ། གཉིས་པ་ནི་ས་བརྒྱད་པར་སྤངས་སོ། །དེ་ལྟ་ནའང་དེའི་བག་ལ་ཉལ་ཀུན་གཞིའི་སྟེང་ན་ཡོད་པ་དེ་ཇི་སྲིད་མ་སྤངས་པ་དེ་སྲིད་དུ་ཉོན་ཡིད་གནས་གྱུར་པ་ཞེས་བྱ་བར་འཇོག་མི་ནུས་པའི་རྒྱུ་མཚན་གྱིས། དེ་སྲིད་དུ་མ་དག་པའི་སར་འཇོག་པ་ཡིན་ཀྱང་དེའི་བག་ལ་ཉལ་ནི་དེ་མ་ཡིན་ཏེ། གང་ཟག་གི་བདག་ཏུ་འཛིན་པའི་རྟོག་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཤེས་སྒྲིབ་ལ། མཚན་ཉིད་དང༌། དབྱེ་བ། སྤངས་པའི་ས་མཚམས་སོ། །དང་པོ་ནི། ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པ། ཞེས་སམ། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་གྱི་སྤང་བྱའི་རིགས་སུ་གནས་པའོ། །གཉིས་པ་ནི། རང་རྒྱལ་ལམ་གྱིའང་སྤང་བྱར་གྱུར་པའི་ཤེས་སྒྲིབ་དང༌། ཐེག་ཆེན་གྱི་ལམ་ཁོ་ནའི་སྤང་བྱར་གྱུར་པའི་ཤེས་སྒྲིབ་བོ། །དང་པོ་ནི། ཇི་སྐད་དུ། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཞེས་དང༌། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་པའི་སྐབས་ནས་འབྱུང་བ་ལྟར་ཤེས་སྒྲིབ་གཟུང་རྟོག་ཅེས་བྱ་བའི་མིང་ཅན་ཞིག་གོ །འདི་ངོས་འཛིན་པའི་ཚུལ་ལ་གཉིས་ཏེ། ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་དང༌། འཕགས་སེང་གི་ལུགས་སོ། །དང་པོ་ནི། རྒྱན་འདིར། གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་བཤད་པའི་གཟུང་རྟོག་རྣམས་ཀྱི་གཉེན་པོ་ནི་རང་རྒྱལ་ལ་ཡོད་ལ། འཛིན་རྟོག་གི་གཉེན་པོ་ནི་ཐེག་ཆེན་འཕགས་པ་ཁོ་ན་ལ་ཡོད་དོ། །དེ་ཡང་གཟུང་བ་ཀུན་བཏགས་ལ་བདེན་པར་ཞེན་པའི་བློ་ནི་གཟུང་རྟོག་དང༌། འཛིན་པ་ཀུན་བཏགས་ལ་དེར་ཞེན་པའི་བློ་ནི་འཛིན་རྟོག་གི་ངོས་འཛིན་ཡིན་ལ། དེའི་སྤོང་བྱེད་ཀྱི་གཉེན་པོ་ཡང་གཉིས་མེད་ཀྱི་ཡེ་ཤེས་ཁོ་ནའོ། །དེའི་ཕྱིར་རང་རྒྱལ་ལ་ནི་གཟུང་མེད་རྟོགས་པའི་ཡེ་ཤེས་ཁོ་ན་ཡོད་ཀྱི། གཉིས་མེད་རྟོགས་པའི་ཡེ་ཤེས་མེད་པས་འཛིན་མེད་རྟོགས་པ་རྣལ་འབྱོར་གྱིས་མེད་དོ་ཞེས་བཞེད། གཉིས་པ་ནི། རྒྱན་འདིར། ཐེག་ཆེན་གྱི་མཐོང་སྒོམ་ལམ་གྱི་སྤང་བྱར་བཤད་པའི་གཟུང་འཛིན་གྱི་རྟོག་པ་སྤོང་བྱེད་ཀྱི་གཉེན་པོ་ནི་རང་རྒྱལ་ལ་ཡོད་པ་མ་ཡིན་ཏེ། དེ་དག་ནི་གཟུང་འཛིན་གཉིས་པོ་རང་གིས་ངོ་བོས་སྟོང་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་སྤོང་དགོས་ལ། རང་རྒྱལ་ལ་ནི་གཞན་སྟོང་རྟོགས་པའི་ཡེ་ཤེས་ཁོ་ན་ཡོད་ཀྱི། རང་སྟོང་རྟོགས་པའི་ཡེ་ཤེས་མེད་པའི་ཕྱིར། དེས་ན་རང་རྒྱལ་ལམ་གྱི་སྤང་བྱར་གྱུར་པའི་ཤེས་སྒྲིབ་གཟུང་རྟོག་གི་ངོས་འཛིན་ནི་གཟུང་འཛིན་གཉིས་སུ་ཞེན་པའི་རྟོག་པའོ། །དེ་ལ་གཟུང་བར་རྟོག་པ་ནི་དོན་དུ་སྣང་བ་དེ་ཕྱི་རོལ་གྱི་དོན་ཉིད་དུ་ཞེན་པའོ། །གཉིས་པ་ནི། སྣང་བ་དེ་ཤེས་པའི་ངོ་བོར་ཞེན་པའོ། །དང་པོ་ནི། རང་རྒྱལ་སྒོམ་ལམ་པའི་རྗེས་ཐོབ་ཡེ་ཤེས་ཀྱིས་སྤོང་ལ། གཉིས་པ་ནི་དེའི་མཉམ་གཞག་ཡེ་ཤེས་ཀྱིས་སྤོང་བར་བཞེད་དོ། །དེ་ལྟ་བུའི་གཟུང་འཛིན་གྱི་རྟོག་པ་གཉིས་པོ་དེ་ནི། རྣམ་རྟོག་བཞི་པོ་ལྡན་བསྟེན་པ། །ཞེས་པའི་གཞུང་གིས་བསྟན་པའི་རྟོག་པའི་ནང་ན་ཡོད་པ་མ་ཡིན་ཏེ། བཞི་པོ་དེ་ནི་རྩེ་སྦྱོར་གྱི་མཐོང་སྒོམ་ལམ་ཁོ་ནའི་སྤང་བྱར་འཆད་པའི་ཕྱིར་རོ། །དེ་ཡང་སྣང་བ་ལ་ཕྱི་རོལ་གྱི་དོན་དུ་ཞེན་པ་ནི་ལྷན་སྐྱེས་ཀྱི་རྟོག་པ་ལ་ཡོད་པ་ལྟར་བྱེ་བྲག་ཏུ་སྨྲ་བའི་རིགས་པས་སྒྲུབ་ལ། སྣང་བ་སེམས་སུ་ཞེན་པ་ནི་རྣམ་བདེན་པའི་གྲུབ་པའི་མཐའ་དང༌། མདོ་སྡེ་པའི་གྲུབ་པའི་མཐའ་ཡིན་ལ། གྲངས་ཅན་པས་ཀྱང་སྣང་བ་བློའི་ངོ་བོར་འདོད་ཚུལ་མཐུན་པ་ཡིན་ནོ། །དེ་གཉིས་ཀས་སྣང་བ་དེ་ནང་ཡིན་ཀྱང་སྣང་བ་དེ་གཏོད་བྱེད་ཀྱི་རྒྱུ་ཕྱི་རོལ་ན་ཡོད་པར་འདོད་ལ། དེ་འགོག་བྱེད་ཀྱི་རིགས་པ་ནི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཏེ། འདི་ནི་སེམས་བྱུང་ཕྱི་དོན་འགོག་པའི་རིགས་པ་ཡིན་ལ། རང་རྒྱལ་གྱིས་ཀྱང་རིགས་པ་དེ་ལ་བརྟེན་ནས་གཟུང་འཛིན་རྫས་གཞན་ཁེགས་སོ། །རྣམ་རྫུན་པས་ནི་གཟུང་བ་མེད་པའི་རྟགས་ཀྱིས་འཛིན་པའང་འགོག་པར་བྱེད་དོ། །འདིར་ནི་རང་རྒྱལ་དང་རྣམ་རྫུན་པའི་ལྟ་བ་མཚུངས་སོ་ཞེས་ཁས་བླངས་པས་ཆོག་སྟེ། རང་རྒྱལ་གྱིས་ཀྱང་གཉིས་མེད་ཀྱི་ཡེ་ཤེས་རྟོགས་པར་ནི། ཇི་སྐད་དུ། གོས་པ་མེད་པ་དང༌། སྤྲོས་པ་མེད་པ་དང༌། རྟོགས་པ་མེད་པ་དང༌། རློམ་པ་མེད་པ་ཞེས་གསུངས་པ་རྣམས་ཀྱིས་ལེགས་པར་བཤད་པའི་ཕྱིར་རོ། །དེ་དག་ཀྱང་རང་རྒྱལ་གྱིས་ཤེས་བྱ་ཡོངས་སུ་དཔྱོད་པའི་གེགས་ཡིན་གྱི། དེའི་ཐར་པ་ལ་གེགས་བྱེད་ནི་མ་ཡིན་ཏེ། དེའི་མྱང་འདས་ནི་ལས་ཉོན་རྣམ་སྨིན་གསུམ་དང་བྲལ་བ་ཙམ་གྱིས་ཁྱད་པར་དུ་བྱས་ཀྱི། གཟུང་མེད་རྟོགས་པས་ཁྱད་པར་དུ་མ་བྱས་སོ། །གཉིས་པ་ལ་གཉིས་ཏེ། ཤེས་བྱ་དཔྱོད་པའི་གེགས་སུ་གྱུར་པའི་མཚན་འཛིན་གྱི་རྟོག་པ་ས་བོན་དང་བཅས་པ་དང༌། སྒྲིབ་པ་གཉིས་པོ་ཇི་སྙེད་པའི་གནས་ངན་ལེན་ནོ། །དང་པོ་ལ། ཐེག་ཆེན་གྱི་མཐོང་ལམ་དང༌། སྒོམ་ལམ་རྩེ་སྦྱོར་གྱི་དབྱེ་བས་གཉིས་སུ་འགྱུར་ལ། གཉིས་པ་ནི། བར་ཆད་མེད་པའི་རྩེ་སྦྱོར་ཁོ་ནས་སྤང་བར་བྱ་བའོ། །སྔ་མ་གཉིས་ཀྱི་མཚན་གཞི་ནི། གཞུང་དུ་གསལ་ལ། འདིའི་མཚན་གཞི་ནི་ཉན་རང་དགྲ་བཅོམ་པ་དང༌། དབང་ཐོབ་པའི་བྱང་སེམས་འཕགས་པ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་བཤད་པའི་མ་རིག་བག་ཆགས་ཀྱི་ས་ཞེས་བྱ་བ་དེའོ། །འདི་ནི་ཉོན་མོངས་པ་ཅན་ཡིན་གཉིས་ཀའི་མ་རིག་པའི་བག་ཆགས་སོ། །ཡང་དེ་ལ་དབྱེ་ན། མཉམ་གཞག་ཏུ་ཇི་ལྟ་བ་མཐོང་བ་ལ་དང༌། རྗེས་ཐོབ་ཏུ་ཇི་སྙེད་པ་མཐོང་བ་ལ་སྒྲིབ་བྱེད་དོ། །དེའི་གཉེན་པོ་ལ་ཡང་ཇི་ལྟ་བ་མཐོང་བའི་ཤེས་རབ་དང༌། ཇི་སྙེད་པ་མཐོང་བའི་ཤེས་རབ་བོ། །དང་པོས་ནི་ཆགས་པའི་སྒྲིབ་པ་དེ་མཉམ་གཞག་ཏུ་སྤོང་ལ། གཉིས་པས་ནི་ཐོགས་པའི་སྒྲིབ་པ་དེ་རྗེས་ཐོབ་ཏུ་སྤོང་བར་བྱེད་དོ། །གསུམ་པ་སྤངས་པའི་ས་མཚམས་ལ། ཤེས་སྒྲིབ་དང་པོ་སྤངས་པའི་ས་མཚམས་དང༌། གཉིས་པ་སྤངས་པའི་ས་མཚམས་སོ། །དང་པོ་ལ་ཉན་ཐོས་ལ་ནི་འདི་སྤངས་པ་མེད་དེ། ཉན་ཐོས་ཀྱི་སྡེ་སྣོད་དུ་འདིའི་ལུང་རིགས་མི་འཆད་པའི་ཕྱིར་དང༌། ཐེག་པ་ཆེན་པོའི་སྡེ་སྣོད་དུ་ཉན་ཐོས་ཀྱི་ལམ་གྱི་རྣམ་གཞག་འཆད་པ་ན་ཡང༌། གཟུང་འཛིན་རྫས་གཞན་འགོག་བྱེད་ཀྱི་ལུང་རིགས་མ་བཤད་པའི་ཕྱིར། ཅིག་ཤོས་ལ་མི་མཚུངས་ཏེ། དེ་ལ་སྡེ་སྣོད་ལོགས་པ་མེད་པས། དེའི་ལམ་བགྲོད་ཚུལ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནས་འབྱུང་དགོས་ལ། དེ་ཡང་ཉན་ཐོས་ཀྱི་སྡེ་སྣོད་ནས་དེ་མི་འབྱུང་ཀྱང་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡེ་སྣོད་ནས་དེའི་ལམ་བགྲོད་ཚུལ་ལ་དེ་དགོས་པར་བཤད་པའི་ཕྱིར། དེས་ན་རང་རྒྱལ་གྱི་དགྲ་བཅོམ་པའི་ཚེ་དེ་སྤངས་པ་ཡིན་ཏེ། དེ་དེའི་སྒོམ་པའི་ལམ་གྱིས་ཀྱང་སྤོང་དགོས་པར་བཤད་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་དབང་དུ་བྱས་ན་གཟུང་རྟོག་དེ་ལ་གཉིས་ཏེ། གཟུང་འཛིན་གཉིས་སུ་ཞེན་པའི་སྒྲ་དོན་འཛིན་པའི་རྟོག་པ་དང༌། གཉིས་སུ་སྣང་བའི་ཡང་དག་མིན་རྟོག་གོ །དང་པོའི་ས་བོན་དྲུངས་འབྱིན་པའི་ནུས་པ་ནི་སྡུག་བསྔལ་ཆོས་བཟོད་ནས་ཡོད་པས་ཆོས་ཤེས་ནས་སྤངས་སོ། །གཉིས་པ་ལ། རྟོག་པ་དེ་སྐྱེད་པར་བྱེད་པའི་བག་ཆགས་མཐོང་སྤང་དུ་གྱུར་པ་རྣམས་ནི་མཐོང་སྤང་སྤངས་པ་དང་དུས་མཉམ་ལ། སྒོམ་སྤང་དུ་གྱུར་པ་རྣམས་ཀྱང་དེ་བཞིན་ནོ། །བག་ཆགས་དེའི་གནས་ངན་ལེན་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤོང་སྟེ། གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་བ་ནི་རྫོགས་པའི་སངས་རྒྱས་ཁོ་ནར་ངེས་པའི་ཕྱིར། ཤེས་སྒྲིབ་ཕྱི་མ་གཉིས་ཀྱི་དང་པོའི་ཆ་ཤས་ཙམ་ཡང་སྤངས་པ་ཐེག་དམན་ལ་མེད་ལ། ཐེག་པ་ཆེན་པོ་ལ་ནི་མཐོང་སྒོམ་གཉིས་ཀྱི་རིམ་པས་སྤོང་དགོས་ཤིང༌། དེ་ལའང་སྦྱོར་འཇུག་གཉིས་གཉིས་སུ་ཕྱེ་ནས་སོ། །གཉིས་པ་གནས་ངན་ལེན་གྱི་སྒྲིབ་པ་ནི། བྱང་ཆུབ་སེམས་དཔའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྦྱོར་འཇུག་གཉིས་སུ་ཕྱེ་ནས། བར་ཆད་མེད་པའི་རྩེ་སྦྱོར་གྱིས་སྤོང་བ་དེ་ཡིན་ནོ། །འདིར་ཉོན་མོངས་པའི་གནས་ངན་ལེན་ནི། ཉོན་མོངས་པའི་བག་ཆགས་སུ་ཁས་བླངས་པས་ཆོག་ཀྱང༌། ཉོན་མོངས་པའི་སྒྲིབ་པ་གཉིས་པོ་གང་དུ་ཡང་མི་རུང་སྟེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །སྙོམས་འཇུག་གི་སྒྲིབ་པའི་གནས་ངན་ལེན་ནི། སྙོམས་འཇུག་གི་སྒྲིབ་པར་ཁས་བླངས་པས་ཆོག་སྟེ། སངས་རྒྱས་ཀྱི་སའི་ཞི་གནས་ལ་གེགས་བྱེད་ཀྱི་སྒྲིབ་པར་འཇོག་པའི་ཕྱིར། གསུམ་པ་སྙོམས་འཇུག་གི་སྒྲིབ་པ་ལ་མཚན་ཉིད། མཚན་གཞིའི་དབྱེ་བ། སྤངས་པའི་ས་མཚམས་སོ། །དང་པོ་ནི། བཤད་ཟིན་པས་གོ་ལ། གཉིས་པ་ལ་གཉིས་ཏེ། འཇིག་རྟེན་པའི་ཞི་གནས་ལ་གེགས་བྱེད་དང་འཇིག་རྟེན་ལས་འདས་པའི་ཞི་གནས་ལ་གེགས་བྱེད་དོ། །དང་པོ་ལ། འཇིག་རྟེན་པའི་སྙོམས་འཇུག་བརྒྱད་ཀྱི་དབྱེ་བས་བརྒྱད་དུ་འགྱུར་ཞིང༌། མངོན་པར་ཤེས་པ་ལྔའི་དབྱེ་བས་དེ་སྙེད་དུ་ཡང་འགྱུར་རོ། །གཉིས་པ་ལ། ཉན་རང་དང་ཐུན་མོང་བ་རྣམ་ཐར་དང༌། ཟད་པར། ཟིལ་ནོན་ལ་སོགས་པའི་དབྱེ་བས་དེའི་གེགས་བྱེད་ཀྱང་དེ་སྙེད་དུ་འགྱུར་བ་དང༌། ཐུན་མོང་མ་ཡིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ། སྙོམས་འཇུག་གི་རབ་དབྱེ་མཁྱེན་པའི་སྟོབས་སོགས་ཀྱིས་འཇོམས་བྱར་བཤད་པ་དེ་དག་གོ །མདོར་ན་ཉོན་མོངས་པའི་སྒྲིབ་པ་ནི་ཇི་ལྟར་བུ་ལ་ཡང་སྒོམ་སྤང་རྟོག་པ་བརྒྱ་རྩ་བརྒྱད་དང་དུས་མཉམ་དུ་སྤོང་ལ། སྙོམས་འཇུག་དང་ཤེས་བྱའི་སྒྲིབ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ནས་སོ། །གལ་ཏེ་འོ་ན་ས་དང་པོ་ནས་ཉན་རང་གི་སྤངས་པ་མ་རྫོགས་པར་འགྱུར་ཏེ། དེས་བག་ལ་ཉལ་གྱི་ཉོན་སྒྲིབ་སྤངས་ལ། ས་དང་པོ་ནས་དེ་མ་སྤངས་པའི་ཕྱིར་སྙམ་ན། ལན་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །འོ་ན་ཁྱེད་ལ་ཡང་དེར་འགྱུར་ཏེ། དེས་ཕུང་པོའི་བདུད་དང༌། ཉོན་ཡིད་སྤངས་ལ། ས་དང་པོ་ནས་དེ་དང་དེ་མ་སྤངས་པར་ཁྱོད་ཀྱིས་འདོད་པའི་ཕྱིར། གཉིས་པ་ནི། བྱང་སེམས་ལམ་གྱི་སྤང་བྱར་གྱུར་པའི་སྒྲིབ་པ་ནི་གཉིས་ཏེ། ཉོན་མོངས་པའི་དང༌། ཤེས་བྱའི་སྒྲིབ་པའོ། །དང་པོ་ལ་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཀྱིས་ཁྱབ་སྟེ། བག་ལ་ཉལ་གྱི་ཉོན་སྒྲིབ་ནི་དེའི་སྤང་བྱར་མི་འདོད་པའི་ཕྱིར་ཏེ། དེ་ནི་དེའི་གྲོགས་སུ་ངེས་པར་དགོས་པས་དེ་ཡང་དེ་མི་སྤོང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་སྤང་བྱར་གྱུར་པའི་ཤེས་བྱའི་སྒྲིབ་པ་ལ་ཡང་གཉིས་ཏེ། གཟུང་འཛིན་རྫས་གཞན་དུ་ཞེན་པའི་རྟོག་པ་དང༌། གཉིས་སུ་སྣང་ཙམ་གྱི་བག་ཆགས་སོ། །གཉིས་པ་ནི། བྱང་སེམས་ལམ་གྱིས་ཆེད་དུ་གཉེར་ནས་མི་སྤོང་སྟེ། དེའི་གཉེན་པོར་གཟུང་བ་ཆོས་ཀྱི་བདག་མེད་ཆེད་དུ་གཉེར་ནས་མི་སྒོམ་པའི་ཕྱིར་དང༌། ཇི་སྲིད་བསོད་ནམས་ཀྱི་ཚོགས་མ་རྫོགས་པ་དེ་སྲིད་དུ་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུངས་འབྱིན་པར་མི་མཛད་པའི་ཕྱིར་རོ། །དེས་ན་བྱང་སེམས་ལམ་གྱི་སྤང་བྱར་གྱུར་པའི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་ཁྱད་པར་ཉན་རང་དགྲ་བཅོམ་པས་ཇི་ཙམ་སྤངས་པ་དེ་ཙམ་ཞིག་ནི་དམན་ལམ་སྔོན་དུ་མ་སོང་བའི་ས་དང་པོ་ནས་རྫོགས་ལ། དེ་ཙམ་གྱིས་དེའི་སྤངས་རྟོགས་རྫོགས་པའི་ཚད་དུ་འཇོག་ནུས་པ་ཡིན་གྱི། སྤངས་པ་རྫོགས་པར་འཇོག་པ་ལ་དེས་གང་སྤངས་ཐམས་ཅད་ཅིག་ཤོས་ཀྱིས་སྤངས་དགོས་པ་མ་ཡིན་ཏེ། ཉན་རང་ལམ་གྱི་སྤང་བྱ་གང་ཡིན་ཐམས་ཅད་དེའི་སྤང་བྱར་མི་འདོད་པའི་ཕྱིར། དཔེར་ན་རྟོགས་པ་རྫོགས་པའི་ཚད་ལ་དེས་གང་རྟོགས་ཐམས་ཅད་རྟོགས་པར་མི་འདོད་པ་བཞིན་ནོ། །འདིར་འབྱུང་འདི་ལས་གཞན་པའི་བཤད་པ་ལ། །འདི་ཡིན་འདི་མིན་ངེས་པ་མེད་སྙམ་བྱེད། །འདི་དང་འདི་དག་འགྲུས་པར་གཟུང་བྱོས་ལ། །འདི་ལྟར་འདི་ཡི་རིན་ཐང་དེས་རྟོགས་ཤིག།  །།ལམ་ཤེས་ཀྱི་ཤེས་རྣམ་ནི་ཆོས་ཀྱི་བདག་མེད་ཀྱི་རྟོགས་རིས་སུ་ངེས་པས་མངོན་པ་ལས་གསུངས་པའི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་དང་སྦྱར་ནས་ཅི་ཞིག་བྱ་སྙམ་ན། དེར་དེའི་རྟོགས་རིས་ཡར་ལྡན་དུ་འདུས་པར་ཤེས་པ་ན་ལམ་ཤེས་ཀྱིས་རིགས་ཅན་གསུམ་ཀ་རྗེས་སུ་བཟུང་ནུས་པར་ཤེས་པའི་ཕྱིར་དུ་ཡིན་ལ། སྔ་མ་གཞི་ཤེས་ཀྱི་ཤེས་རྣམ་དུ་མངོན་པ་དང་སྦྱར་བའི་དགོས་པ་ནི་ཉེར་བདུན་པོ་གཞི་ཤེས་ཀྱི་ཤེས་རྣམ་ཡིན་ན། ཤེས་ཕྱིན་ལས་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དུ་མ་བཤད་པ་ཅི་སྙམ་པའི་དོགས་པ་སེལ་བའི་ཕྱིར་དུ་དེ་དང་དེ་སྦྱར་ཏེ་བཤད་པས། དེར་དེའི་རྟོགས་པ་ཡར་ལྡན་དུ་འདུས་པར་གོ་བ་ཡིན་ནོ། །སྤྱིར་ནི་བྱང་སེམས་ཀྱིས་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་ཤེས་རབ་ཀྱི་མིང་ཅན་དེའི་ནང་དུ། ཉན་རང་གིས་ཇི་ལྟར་རྟོགས་པའི་ཚུལ་དེ་ཡང་ཡར་ལྡན་དུ་འདུས་པ་ཡིན་མོད། ཇི་ལྟར་རྟོགས་པའི་འཛིན་སྟངས་ལ་ནི་ཁྱད་པར་ཡོད་དེ། བྱང་སེམས་ཀྱིས་དེ་ལྟར་རྟོགས་པ་དེ་ནི་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་དུ་རིགས་པའི་ཕྱིར། དཔེར་ན་བྱང་སེམས་ཀྱིས་འགོག་བདེན་གྱི་རྣམ་པ་བཞི་རྟོགས་པ་དེ་སྟོང་ཉིད་བཅུ་དྲུག་གི་རྣམ་པ་ཅན་དུ་བཤད་པ་བཞིན་ནོ། །གསུམ་པ་རྣམ་མཁྱེན་གྱི་ཤེས་རྣམ་གྱི་སྐབས་སུ། བྱང་སེམས་ཀྱི་རྒྱུད་ལ་འབྱུང་བའི་རྣམ་པར་ཐར་པ་བརྒྱད་ཀྱི་རྣམ་གཞག་ལ་གཉིས་ཏེ། བརྒྱད་པོ་སྤྱིར་བཤད་པ་དང༌། འགོག་སྙོམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། འདིར་མངོན་པ་གོང་མའི་ལུགས་བཞིན་བཤད་དགོས་ཏེ། བྱང་སེམས་ཀྱི་རྣམ་ཐར་འཆད་པ་སྐབས་སུ་བབ་པའི་ཕྱིར། འདི་ལ་རྟེན་དང༌། བརྟེན་པའི་རྣམ་གཞག་གཉིས་ལས། དང་པོ་ལ། ལུས་ཀྱི་རྟེན་དང༌། སེམས་ཀྱི་རྟེན་ནོ། །དང་པོ་ལ་མ་སྐྱེས་པ་བསྐྱེད་པའི་རྟེན་ནི་མིའི་རྟེན་ཡིན་པ་དང༌། སྐྱེས་ཟིན་གནས་པའི་རྟེན་ནི་གཟུགས་ཀྱི་ཁམས་ཀྱང་ཡིན་ཏེ། འགོག་པའི་སྙོམས་འཇུག་དང་ལུས་རྟེན་མཚུངས་པའི་ཕྱིར། གཉིས་པ་ནི། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་སྟེ། དེ་མངོན་དུ་མ་བྱས་པར་རྣམ་ཐར་དང་པོ་ཙམ་ཡང་མངོན་དུ་བྱེད་མི་ནུས་པའི་ཕྱིར། འོ་ན་བཞི་པ་ཙམ་དང༌། དེའི་རབ་མཐའི་ཁྱད་པར་ཅི་ཞེ་ན། རབ་ཀྱི་མཐར་ཕྱིན་དུ་འཇོག་པ་ལ་ནི་མཐར་གནས་ཀྱི་སྙོམས་འཇུག་དགུ་ཀ་ཐོབ་ལ་མ་ཉམས་པ་ཞིག་སྔོན་དུ་འགྲོ་དགོས་ཏེ། དེས་གཟུགས་མེད་བཞིའི་ཉེར་བསྡོགས་ལ་རག་མ་ལས་པར་དེ་དང་དེའི་དངོས་གཞི་ལ་འཇུག་ནུས་པ་ཞིག་དང༌། སྲིད་རྩེ་ལ་མ་རྟེན་པར་འགོག་པ་ལ་སྙོམས་པར་འཇུག་ནུས་པ་ཞིག་ངེས་པར་དགོས་པའི་ཕྱིར། དེ་ལྟ་མ་ཡིན་ན་རྣམ་ཐར་བརྒྱད་ཀ་རབ་ཀྱི་མཐར་ཕྱིན་པའི་བཞི་པ་ལ་རྟེན་པར་འགལ་ལོ། །གཉིས་པ་ལ་མཚན་ཉིད། མཚན་གཞི་སོ་སོའི་དབྱེ་བ། དེ་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པས་བསྒྲུབས་པའི་སྙོམས་འཇུག་གང་ཞིག སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །གཉིས་པ་ནི་བརྒྱད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་དང༌། གཟུགས་མེད་གཟུགས་ལ་ལྟ་བའི་དང༌། ཁྱད་པར་སྡུག་པའི་དང༌། གཟུགས་མེད་བཞིའི་དང༌། འགོག་པའི་རྣམ་ཐར་རོ། །དང་པོའི་མཚན་ཉིད། རང་གི་སེམས་རྟེན་བསམ་གཏན་བཞི་པའི་རབ་མཐའ་ལ་རྟེན་པའི་སྙོམས་འཇུག་གང་ཞིག རང་ལ་གཟུགས་ཀྱི་འདུ་ཤེས་མ་བཤིག་པར་ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་ལྟ་བ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པའི་མཚན་ཉིད་ནི། དེ་གང་ཞིག རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་ཞེས་སོགས་སྔ་མ་བཞིན་ནོ། །གསུམ་པའི་མཚན་ཉིད་ནི། དེ་གང་ཞིག སྦྱོར་དངོས་ཀྱི་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་རྩེ་གཅིག་ཏུ་ལྟ་བའི་ཞེས་སོགས་སྔ་མ་བཞིན་ནོ། །གཟུགས་མེད་བཞིའི་རྣམ་ཐར་གྱི་མཚན་ཉིད་ནི། དེ་གང་ཞིག་རང་ས་གཟུགས་མེད་ལ་སྲེད་པའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་བའོ། །འགོག་པའི་ཡང་རྣམ་ཐར་གྱི་མཚན་ཉིད་ནི། དེ་གང་ཞིག འདུ་ཤེས་དང་ཚོར་བ་འགོག་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བའོ། །གསུམ་པ་ནི། དང་པོར་བསམ་གཏན་བཞི་པའི་རབ་མཐའ་ལ་རྟེན་ནས། རང་ལ་གཟུགས་ཀྱི་འདུ་ཤེས་མ་བཤིག་བར་ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་ལྟ་བ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་དོ། །དེ་སྤངས་པའི་ཚེ་ན་རྣམ་ཐར་དང་པོ་ཐོབ་པ་ཞེས་བྱའོ། །དེ་བཞིན་དུ་དེ་ལ་རྟེན་ནས་རང་ལ་དེ་བཤིག་སྟེ་དེར་ལྟ་བ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་དོ། །ཡང་དེ་ལ་རྟེན་ནས་གཟུགས་སྡུག་མི་སྡུག་ལ་དགའ་མི་དགའི་རྣམ་པ་ཅན་གྱི་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོར་སྦྱོར་བའི་དུས་ཀྱི་འདུ་ཤེས་གཉིས་བསྒོམ་པར་བྱེད་དོ། །དེས་དེ་སྤངས་ནས་དངོས་གཞིའི་དུས་སུ་སྡུག་བར་རྩེ་གཅིག་པའི་འདུ་ཤེས་དེ་ཐོབ་པ་ན་རྣམ་ཐར་གསུམ་པ་མངོན་དུ་བྱས་པ་ཞེས་བརྗོད་དོ། །ཡང་དེ་ལ་རྟེན་ནས། གཟུགས་མེད་བཞིའི་སྙོམས་འཇུག་དེ་རང་སའི་སྲེད་པ་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་དོ། །དེ་ལྟར་བྱས་ཟིན་པ་དེའི་ཚེ་ན། དེའི་རྣམ་ཐར་མངོན་དུ་བྱས་པ་ཞེས་བརྗོད་དོ། །ཡང་དེ་ལ་རྟེན་ནས་འགོག་པའི་སྙོམས་པར་འཇུག་པ་དེ་བསམ་གཏན་བཞི་པ་ལ་རྟེན་པའི་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་དོ། །དེ་སྤངས་པར་གྱུར་པ་དེའི་ཚེ་ན་འགོག་པའི་རྣམ་པར་ཐར་པ་མངོན་དུ་བྱས་པ་ཞེས་བརྗོད་དོ། །མདོར་ན་རྣམ་པར་ཐར་པ་བརྒྱད་ཀ་རང་ལྡོག་ནས་འདས་ལམ་དུ་མི་འཇོག་ཀྱང༌། འདས་ལམ་ལ་རྟེན་ནས་ངེས་པར་བསྒྲུབ་དགོས་པ་ཡིན་ཏེ། གཞན་དུ་ན་ཕྱི་རོལ་པ་ལ་མེད་པའི་རྒྱུ་མཚན་བཤད་དཀའ་བའི་ཕྱིར་དང༌། ཇི་སྲིད་འདས་ལམ་མ་ཐོབ་པ་དེ་སྲིད་དུ་གཟུགས་མེད་དང་འགོག་པའི་སྙོམས་འཇུག་བསམ་གཏན་གྱི་དངོས་གཞི་ལ་རྟེན་མི་ནུས་པའི་ཕྱིར། འདིའི་ལུང་གི་བསྒྲུབ་བྱེད་ཉན་ཐོས་ཀྱི་ས་དང་སའི་དངོས་གཞི་ལས་བལྟ་བར་བྱའོ། །གཉིས་པ་འགོག་སྙོམས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་ལུགས་དང༌། དབུ་མ་པའི་ལུགས་སོ། །དང་པོ་ལ། གང་ཟག་གང་གིས་ཁམས་གང་དུ་སྙོམས་པར་འཇུག་པ་དང༌། འཇུག་བྱ་སྙོམས་འཇུག་གི་རང་བཞིན་ངོས་གཟུང་བའོ། །དང་པོ་ལ། འདི་ལ་འཇུག་པའི་དམན་པའི་གང་ཟག་ནི་ཕྱིར་མི་འོང་ལུས་མངོན་བྱེད་དང༌། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་ཉན་ཐོས་དགྲ་བཅོམ་པའོ། །ཐེག་པ་ཆེན་པོ་ལ། སློབ་པ་དང༌། མི་སློབ་པ་གཉིས་ལས། དང་པོས་དེ་ལ་འཇུག་པ་ནི། དམན་ལམ་སྔོན་དུ་མ་སོང་ན། མཐོང་ལམ་གྱི་རྗེས་ཐོགས་ཁོ་ནར་འཇུག་དགོས་ཏེ། དུས་དེ་སྲིད་དུ་འགོག་སྙོམས་ཐོབ་པ་མེད་པའི་ཕྱིར་རོ། །བྱང་སེམས་འཕགས་པས་འདི་ལ་རིང་དུ་སྙོམས་པར་མི་འཇུག་པ་མ་ཡིན་ཏེ། ཇི་སྲིད་ས་དྲུག་པ་མངོན་དུ་མ་བྱས་པ་དེ་སྲིད་དུ་དབུ་མའི་ལུགས་ཀྱི་འགོག་སྙོམས་མངོན་དུ་བྱེད་མི་ནུས་པས། དེ་མན་ཆད་དུ། ཐོད་རྒལ་གྱི་སྙོམས་འཇུག་དང༌། སེང་གེ་རྣམ་བསྒྱིངས་ལ་སོགས་པ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་སྙོམས་པར་འཇུག་པའི་དུས་ཀྱི་འགོག་སྙོམས་ཇི་སྙེད་པ་ལུགས་འདི་དང་མཐུན་པར་མ་བཤད་ན་འཆད་མི་ཤེས་པའི་ཕྱིར་དང༌། རྒྱན་རྩ་འགྲེལ་ནས་འབྱུང་བའི་འགོག་སྙོམས་དབུ་མ་དང་མཐུན་པ་ཁོ་ནར་འཆད་དགོས་ན། ཉན་རང་འཕགས་པ་ལ་ལུགས་འདིར་བཤད་པའི་རྣམ་ཐར་བརྒྱད་དང༌། སྙོམས་འཇུག་དགུ་མི་སྲིད་པར་འགྱུར་རོ། །སྙོམས་འཇུག་འདིའི་རང་ལྡོག་ནས་ཡེ་ཤེས་སུ་མི་འཆད་ཀྱང༌། འདི་ལ་སྙོམས་པར་ཞུགས་པས་སྒྲིབ་པའི་ས་བོན་སྤོང་མི་ནུས་པ་མ་ཡིན་ཏེ། འདི་ལ་ཇི་སྲིད་སྙོམས་པར་ཞུགས་པ་དེ་སྲིད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུན་མི་འཆད་དུ་ཡོད་པའི་ཕྱིར། གཉིས་པ་ཐེག་ཆེན་མི་སློབ་པའི་དབང་དུ་བྱས་པ་ནི། སངས་རྒྱས་འཕགས་པས་འདི་ལ་མི་འཇུག་པ་མ་ཡིན་ཏེ། དེས་ནི་དགག་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྟེང་དུ། དགག་བྱ་རྣམ་པར་ཤེས་པའི་ཚོགས་བདུན་འཁོར་དང་བཅས་པ་བཀག་པའི་སྙོམས་འཇུག་ལས་ལྡང་བ་མི་སྲིད་པའི་ཕྱིར་དང༌། བྱམས་པ་དང་ཐོགས་མེད་ཀྱི་གཞུང་དུ་དེ་ལ་དེ་ཡོད་པའི་ཚུལ་གསལ་བར་གསུངས་པ་དང༌། ཉི་ཁྲིའི་སྣང་བ་ལས་ཀྱང་དེ་དང་མཐུན་པར་བཤད་པའི་ཕྱིར་རོ། །ཁམས་གང་དུ་འཇུག་པ་ནི། ཁམས་འོག་མ་གཉིས་ཁོ་ནར་འཇུག་ལ། གཟུགས་མེད་དུ་དགོས་པ་མེད་པས་མི་འཇུག་གོ །སངས་རྒྱས་ལ་ནི་མི་མཚུངས་ཏེ། དེར་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་ཡིན་གྱི། འབད་རྩོལ་གྱིས་མངོན་དུ་བྱེད་པ་མ་ཡིན་པའི་ཕྱིར། འདི་དང་པོར་མིའི་རྟེན་ལ་སྔོན་དུ་བསྒྲུབས་ནས་ཕྱིས་གཟུགས་ཁམས་སུ་མངོན་དུ་བྱེད་པ་ལ། དམན་པའི་དབང་དུ་བྱས་ན་དོགས་པའི་གནས་དཔྱད་དགོས་ཀྱང༌། བྱང་སེམས་འཕགས་པའི་དབང་དུ་བྱས་པ་ལ་ནི་དོགས་པའི་གནས་དཔྱད་མི་དགོས་ཏེ། དེ་ནི་ས་འོག་མ་འོག་མར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་ལ་ཆགས་བྲལ་མ་བྱས་པར་གོང་མ་གོང་མའི་དངོས་གཞིའི་སེམས་མངོན་དུ་བྱས་པ་ཡིན་པས། གོང་མའི་དངོས་གཞི་ལས་མ་ཉམས་བཞིན་དུ་འོག་མར་སྐྱེ་བ་ལེན་པ་མི་འགལ་བའི་ཕྱིར་རོ། །ཉན་རང་འཕགས་པའི་དབང་དུ་བྱས་པ་ལ་ཡང་འགྲེལ་པ་རྒྱལ་སྲས་མ་ལྟར་ཁས་བླངས་ན། ལེགས་པ་ཡིན་ཏེ། འཕགས་རྒྱུད་ཀྱི་ལམ་ཟག་བཅས་ཀྱི་སྤངས་པ་ལས་ཉམས་པ་ནི་ཐེག་པ་ཆེན་པོ་པ་དག་གི་ལུགས་ལ་མེད་པའི་ཕྱིར་རོ། །གཉིས་པ་ནི། དགག་གཞི་ཀུན་གཞིའི་སྟེང་དུ། འགོག་བྱེད་འཇིག་རྟེན་ལས་འདས་པའི་ལམ་གྱིས། དགག་བྱ་རྣམ་ཤེས་ཚོགས་བདུན་འཁོར་བཅས་བཀག་པའི་གནས་སྐབས་ལ་བཏགས་པའི་ལྡན་མིན་འདུ་བྱེད་དོ། །གནས་སྐབས་འདིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྒྱུན་ཆད་པར་འདོད་པ་ནི་ཤིན་ཏུ་ནོར་བ་ཡིན་ཏེ། དེའི་སྐབས་སུ་དེ་དགག་བྱར་འདོད་ན་ནི་དེ་ལས་མི་རིགས་པ་གཞན་ཅི་ཞིག་ཡོད། དེ་མ་ཡིན་ཀྱང་རང་ཤུགས་ཀྱིས་རྒྱུན་ཆད་པར་འདོད་ན་འདས་ལམ་དེ་དེ་སྐབས་ཀྱི་དགག་བྱ་འགོག་བྱེད་དུ་འགལ་ཏེ། འགོག་བྱེད་ཀྱི་ལམ་རྒྱུན་ཆད་ན་དེའི་དགག་བྱ་འགོག་མི་ནུས་པའི་ཕྱིར། ཅི་སྟེ་མི་རྟོག་ཡེ་ཤེས་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པས་ཁྱབ་པ་ལ་བསམས་ནས་དེ་ལྟར་འདོད་དོ་ཞེ་ན། དེ་ལྟ་ན་དེ་འདྲ་དེ་བདག་རྐྱེན་གྱི་དབང་པོ་ལ་རྟེན་པའི་ཤེས་པར་འགྱུར་ལ། དེ་ཡང་དེ་ལྟ་ན་ཚོགས་དྲུག་གང་རུང་འདས་མ་ཐག་པའམ་ཉོན་མོངས་ཅན་གྱི་ཡིད་གང་རུང་ལ་བརྟེན་པར་འགྱུར་ཏེ། དེ་གང་རུང་ལས་མ་གཏོགས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་ཡིད་དབང་གི་བཤད་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། དབུ་མའི་ལུགས་ཀྱི་འགོག་པའི་སྙོམས་འཇུག་ཞེས་བྱ་བ། མདོ་སྡེ་ས་བཅུ་པ་དང༌། དབུ་མ་འཇུག་པར་བཤད་པ་དེ་ནི་ཉན་རང་ལ་ཡོད་པ་མ་ཡིན་ཏེ། དེ་ནི་ཤེར་ཕྱིན་གྱི་སྟོབས་ཀྱིས་ཐོབ་དགོས་པའི་ཕྱིར། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་སྤྲོས་པའི་ཚོགས་བཀག་པའི་མི་རྟོག་ཡེ་ཤེས་ཡིན་ཙམ་གྱིས་ཀྱང་དེ་འཇོག་ནུས་པ་མ་ཡིན་ཏེ། བསམ་གཏན་གྱི་ཉེར་བསྡོགས་ལ་རྟེན་པའི་ཐེག་ཆེན་གྱི་མཐོང་བསྒོམ་གྱི་ལམ་ཀྱང་དེར་ཐལ་བས་སོ། །དེས་ན་འདིའི་མཚན་ཉིད་ནི། རང་རྒྱུ་བསམ་གཏན་གྱི་ཕར་ཕྱིན་ལ་གཙོ་བོར་གྱུར་པའི་ས་སྔོན་དུ་བཏང་ནས། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ། འགོག་བྱེད་ཤེར་ཕྱིན་གྱི་སྟོབས་ཀྱིས་དགག་བྱ་སྤྲོས་པའི་མཚན་མ་མ་ལུས་པ་བཀག་པས་ཁྱད་པར་དུ་བྱས་པའི་མི་རྟོག་ཡེ་ཤེས་སོ། །ས་མཚམས་ནི་ས་དྲུག་པ་ནས་ཐོབ་ཅིང༌། ས་བདུན་པར་ཇི་ལྟར་འདོད་པ་བཞིན་དུ་སྐད་ཅིག་མ་གཅིག་གིས་འཇུག་ནུས་ཤིང༌། རང་སྟོབས་ཀྱིས་ལྡང་བར་ནུས་ལ། ས་བརྒྱད་པར་ནི་འཇུག་པ་ལ་དེ་ལྟར་ནུས་ཀྱང་ལྡང་བ་ནི་རང་སྟོབས་ཀྱི་མི་ནུས་ཏེ། སངས་རྒྱས་རྣམས་ཀྱི་ས་དེ་ལས་སློང་དགོས་པའི་ཕྱིར། མི་ནུས་པའི་ཤེས་བྱེད་ནི། རྗེས་ཐོབ་ཏུ་ཡང་མཚན་འཛིན་གྱི་རྟོག་པ་ཉེ་བར་ཞི་བས་མཉམ་རྗེས་དབྱེར་མེད་དུ་བསྲེ་ནུས་པའི་ཕྱིར་རོ། །ས་འདིར་ཆོས་ཉིད་ལ་དུས་རྟག་ཏུ་སྙོམས་པར་འཇུག་པའི་ནུས་པ་ཐོབ་ཀྱང༌། བསོད་ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པར་ཤེས་བྱའི་སྒྲིབ་པ་སྤངས་ན། གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་མི་ནུས་པ་དེའི་ཕྱིར་སློང་དགོས་པ་ཡིན་ནོ། །དེ་ལྟར་བསྒོམ་བྱའི་རྣམ་པ་བཤད་ཟིན་ནས། རྣམ་པ་དེ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་བསྒོམ་པར་བྱེད་པའི་རྣལ་འབྱོར་ལ་ཐེག་ཆེན་སྦྱོར་བ་ཞེས་པའི་ཐ་སྙད་བྱས་སོ། །དེ་ལ་རྒྱས་པར་ཕྱེ་ན། རང་བཞིན་གྱི་སྦྱོར་བ་ལྔ་དང༌། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔར་དབྱེ་ལ། བསྡུ་ན་བཅོ་ལྔ་པོར་འདུས་ཤིང༌། ལྔ་པོ་ཡང་མི་གནས་པའི་སྦྱོར་བ་དང༌། མི་སྦྱོར་བའི་སྦྱོར་བ་གཉིས་སུ་འདུས་པ་ཡིན་ཏེ། ཡུལ་ལ་ཞེན་པས་མི་གནས་པ་དང༌། ཡུལ་ཅན་ལ་འཛིན་པས་མི་སྦྱོར་བའི་རྣལ་འབྱོར་ཟུང་ཅིག་ལ། སྐྱེ་མེད་རྣམ་གསུམ་རྟོགས་པའི་ལྡོག་ཆ་ནས་ཟབ་པའི་སྦྱོར་བ་སོགས་གསུམ་དུ་ཕྱེ་བའི་ཕྱིར་རོ། །ལྔ་པ། དེ་ལྟར་ན་རྣམ་པ་དང༌། སྦྱོར་བ་དང༌། ཡོན་ཏན་དང༌། སྐྱོན་དང༌། མཚན་ཉིད་རྣམས་ནི་ཐེག་ཆེན་གྱི་སྦྱོར་བ་སྤྱིའི་དབང་དུ་བྱས་པ་ཡིན་གྱི། དབང་ཐོབ་ཕྱིར་དུ་བསྒོམ་པ་ཁོ་ནའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །མཚན་ཉིད་ཀྱི་རྣམ་གཞག་ལ་བཞི་སྟེ། མཚན་མཚོན་སྤྱིའི་རྣམ་གཞག སྐབས་སུ་བབ་པ་སོ་སོའི་ངོས་འཛིན། མཚོན་སྦྱོར་ཅི་ལྟར་འགོད་པའི་ཚུལ། མཚོན་བྱེད་ལ་ལྡོག་ཆ་མི་འདྲ་བ་གསུམ་དུ་ཕྱེ་བའི་དགོས་པའོ། །དང་པོ་ནི། ཆོས་ཐམས་ཅད་མཚན་མཚོན་གཞི་གསུམ་གྱི་སྒོ་ནས་གཏན་ལ་འབེབས་དགོས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ན་མཚན་གཞི་དང༌། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བས་ཡང་དག་བཤད། །ཅེས་གསུངས་པས་སོ། །དེར་མཚོན་བྱ་ནི་མཚན་གཞིའི་ནང་དུ་བསྡུས་ལ། མཚོན་པ་ཞེས་པ་ནི་མཚན་མཚོན་གྱི་འབྲེལ་པ་ཁོང་དུ་ཆུད་པའི་བློ་སྟེ། དེ་བསྐྱེད་པ་ནི་མཚོན་སྦྱོར་ལ་ལྟོས་པ་ཡིན་ནོ། །མཚན་ཉིད་ཀྱི་སྒྲ་ནི་གཉིས་ལ་འཇུག་སྟེ། གང་གིས་མཚོན་པར་བྱེད་པ་བྱེད་སྒྲུབ་ཀྱི་དབང་དུ་བྱས་པ་དང༌། གང་ལ་མཚོན་པར་བྱ་བ་ལས་སྒྲུབ་ཀྱི་དབང་དུ་བྱས་པའོ། །གང་མཚོན་པར་བྱ་བ་ནི་མཚོན་བྱ་སྟེ། འདི་ལ་མཚན་ཉིད་ཀྱི་སྒྲ་སྦྱར་བ་མེད་དོ། །དེ་དག་ཀྱང་གོ་རིམ་བཞིན་དུ། ཚ་ཞིང་བསྲེག་པ་ལྟ་བུ་དང༌། ཙནྡན་གྱི་མེ་ལྟ་བུ་དང༌། ཚ་ཞིང་བསྲེག་པ་དེའི་ཡུལ་ཅན་གྱི་ཤེས་བརྗོད་རྣམས་སོ། །དེ་ལ་མཚན་ཉིད་དང༌། མཚན་གཞི་གཉིས་ནི་དོན་གྱི་ཆོས་ཏེ། དོན་གྱི་སྟེང་ན་གང་གནས་པ་དེ་ཉིད་ལ་བྱ་བའི་ཕྱིར། མཚོན་བྱ་ནི་བློའི་ཆོས་ཏེ། དོན་དེའི་ཡུལ་ཅན་གྱི་ཐ་སྙད་ལ་མཚོན་བྱ་ཞེས་འཇོག་པའི་ཕྱིར། དེ་སྐད་དུ་ཡང༌། རིགས་པའི་གཏེར་ལས། རྒྱུ་མཚན་ཅན་གྱི་སྒྲ་ཤེས་ནི། །མཚོན་བྱ་ཉིད་ཡིན། ཞེས་གསུངས་སོ། །སྤྱིར་མཚོན་པར་བྱེད་པའི་མཚན་ཉིད་ལའང༌། སྤྱིའི་མཚན་ཉིད་དང༌། རང་གི་མཚན་ཉིད་གཉིས་ལས། མཚན་ཉིད་ཀྱི་སྐྱོན་ཡོན་རྩི་བ་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ཏེ། སྔ་མ་ལ་དེ་ལྟར་བརྩི་མི་ནུས་པའི་ཕྱིར་དེ་ཡང་མཚོན་སྦྱོར་བཀོད་ནས་རྩི་བ་ཡིན་ཏེ། དེར་མ་བཀོད་པ་ནི་མཚན་གཞི་ལ་མི་སྲིད་པའི་སྐྱོན་མི་འབྱུང་བའི་ཕྱིར། ཁྱབ་པ་ཁས་ལེན་པའི་སྒོ་བཞི་འཇོག་པ་ཡང་དེ་བཀོད་པའི་དབང་དུ་བྱས་པ་ཡིན་ཏེ། བཀོད་པའི་མཚོན་བྱ་རྐྱང་བ་དང༌། མཚན་ཉིད་ལ་དེ་ལྟར་ཁས་ལེན་མི་ནུས་པའི་ཕྱིར། གཉིས་པ་ལ། མཚན་ཉིད་དང༌། དབྱེ་བ། སོ་སོའི་དོན་ནོ། །དང་པོ་ནི། རང་གི་མཚན་གཞི་དེ་དང་དེའི་སྟེང་དུ་ཐེག་ཆེན་སྦྱོར་བའི་ཐ་སྙད་ཐུན་མོང་མ་ཡིན་པར་མཚོན་བྱེད་དེ། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད་དོ། །དབྱེ་ན་དེར་གྱུར་པའི་ཤེས་ཁྱད་བྱེད་པ་གསུམ་མོ། །དེ་གང་ཞིག མ་འོངས་པ་ན་གཙོ་བོར་རང་དོན་རྟོགས་པ་ཕུན་ཚོགས་ཀྱི་ལག་རྗེས་འཇོག་བྱེད་དེ། དེའི་དབང་དུ་བྱས་པའི་ཐེག་ཆེན་སྦྱོར་བའི་ཤེས་མཚན་གྱི་མཚན་ཉིད་དོ། །དེ་ལ་དབྱེ་ན། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་དང༌། ལམ་ཤེས་སྦྱོར་བའི་དང༌། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་ནོ། །སོ་སོའི་མཚན་ཉིད་ནི། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་ཐ་སྙད་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མ་ཡིན་པར་མཚོན་བྱེད་གང་ཞིག གཞི་སྐྱེ་མེད་ཀྱི་རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད། ཞེས་སོགས་རིགས་པས་སྦྱར་བར་བྱའོ། །སོ་སོའི་མཚན་གཞི་ནི། ཡུམ་དེ་བཞིན་གཤེགས་པ་བསྐྱེད་བྱེད་ཡིན་པ་སོགས་གཞི་སྐྱེ་མེད་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་དང༌། རྣམ་ཐར་སྒོ་གསུམ་སོགས་ལམ་གྱི་གནས་ལུགས་རྟོགས་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་དང༌། དེ་བཞིན་གཤེགས་པས་ཡུམ་ལ་རིམ་འགྲོར་མཛད་པ་སོགས་རྣམ་པའི་གནས་ལུགས་རྟོགས་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་པོ་དག་གོ །ཡང་དེ་གང་ཞིག་ཐེག་ཆེན་གྱི་སྦྱོར་བ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་བྱེད་པའི་བྱེད་ཆོས་དེ་ཐེག་ཆེན་སྦྱོར་བའི་ཁྱད་མཚན་གྱི་མཚན་ཉིད་དོ། །མཚན་གཞི་ནི། བསམ་གྱིས་མི་ཁྱབ་པ་སོགས་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིས་སུ་གྱུར་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་པོ་དག་གོ །འདིའི་མཚན་གཞི་ལ་ལམ་ཤེས་ཀྱི་སྦྱོར་བ་དང༌། རྣམ་མཁྱེན་གྱི་སྦྱོར་བ་གཉིས་སུ་འབྱེད་ཀྱང༌། མཚན་ཉིད་དང་མཚོན་བྱ་ལ་གཉིས་སུ་ཕྱེ་བ་མེད་དོ། །ཡང་དེ་གང་ཞིག མ་འོངས་པ་ན་གཞན་དོན་ཕྲིན་ལས་ཕུན་ཚོགས་ཀྱི་ལག་རྗེས་འཇོག་བྱེད་དེ། དེའི་བྱེད་མཚན་གྱི་མཚན་ཉིད། དབྱེ་ན་གཞི་ཤེས་སྦྱོར་བའི་དང༌། ལམ་ཤེས་སྦྱོར་བའི་དང༌། རྣམ་མཁྱེན་སྦྱོར་བའི་བྱེད་མཚན་ནོ། །སོ་སོའི་མཚན་ཉིད་ནི། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མ་ཡིན་པར་མཚོན་བྱེད་གང་ཞིག སངས་རྒྱས་པ་ན་གདུལ་བྱ་ལ་ཕན་བདེ་སྐྱོབ་པ་གསུམ་གྱི་མཛད་པ་ཉེ་བར་བསྒྲུབ་པའི་རྟོགས་རིས་སུ་གྱུར་པ་དང༌། གང་ཞིག སངས་རྒྱས་པ་ན་སྐྱབས་ལ་སོགས་པའི་མཛད་པ་བདུན་ཉེ་བར་བསྒྲུབ་པའི་རྟོགས་རིས་སུ་གྱུར་པ་དང༌། གང་ཞིག སངས་རྒྱས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་རྐྱེན་བྱེད་པའི་རྟོགས་རིས་སུ་གྱུར་པའོ། །མཚན་གཞི་ནི། གོ་རིམ་བཞིན་དུ། ཕན་བདེ་སྐྱོབ་གསུམ་གྱི་མཛད་པ་ཉེ་བར་བསྒྲུབ་པའི་དང༌། སྐྱབས་སོགས་བདུན་གྱི་དང༌། ཆོས་འཁོར་བསྐོར་བའི་རྟེན་གྱི་མཛད་པ་ཉེ་བར་བསྒྲུབ་པའི་སེམས་དཔའི་རྣལ་འབྱོར་རྣམས་སོ། །ཡང་ཤེས་ཁྱད་བྱེད་པ་གསུམ་གྱིས་ཐེག་ཆེན་གྱི་སྦྱོར་བའི་ཐ་སྙད་གང་ལ་མཚོན་པར་བྱ་བའི་གཞིར་དམིགས་པ་དེ། ཐེག་ཆེན་སྦྱོར་བའི་ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཀྱི་མཚན་ཉིད་དོ། །དབྱེ་ན་གཞི་ཤེས་སྦྱོར་བའི་དང༌། ལམ་ཤེས་སྦྱོར་བའི་དང༌། རྣམ་མཁྱེན་སྦྱོར་བའི་མཚན་གཞིའོ། །སོ་སོའི་མཚན་ཉིད་ནི། གཞི་ཤེས་སྦྱོར་བའི་དབང་དུ་བྱས་པའི་ཤེས་བྱེད་གཉིས་ཀྱིས་གཞི་ཤེས་སྦྱོར་བའི་ཐ་སྙད་གང་ལ་མཚོན་པའི་མཚན་གཞིར་དམིགས་པ་དེ། གཞི་ཤེས་སྦྱོར་བའི་མཚན་གཞིའི་མཚན་ཉིད་དང༌། ལམ་ཤེས་སྦྱོར་བའི་དབང་དུ་བྱས་པའི་ཤེས་ཁྱད་བྱེད་པ་གསུམ་གྱིས་དེ་གང་ལ་མཚོན་པར་བྱ་བའི་མཚན་གཞིར་དམིགས་པ་དང༌། རྣམ་མཁྱེན་སྦྱོར་བའི་དེ་གསུམ་གྱིས་དེ་གང་ལ་མཚོན་པར་བྱ་བའི་མཚན་གཞིར་དམིགས་པ་དེ། ཕྱི་མ་གཉིས་ཀྱི་མཚན་ཉིད་དོ། །མཚན་གཞི་ནི། གོ་རིམ་བཞིན་དུ། ཉོན་མོངས་ཀྱིས་དབེན་པའི་སྦྱོར་བའི་ངོ་བོ་ཉིད་སོགས་བཞི་དང༌། བྱ་དཀའ་བའི་ངོ་བོ་ཉིད་ལ་སོགས་པ་ལྔ་དང༌། དམིགས་པའི་ངོ་བོ་ཉིད་ཀྱི་སྦྱོར་བ་སོགས་བདུན་པོ་རྣམས་སོ། །ཟབ་པའི་སྦྱོར་བ་སོགས་གསུམ་མཚན་གཞིར་འཇོག་པ་ནི་ཡི་གེའི་དོན་མ་ཡིན་ཏེ། མཚོན་བྱར་འཇོག་པ་ཉིད་གཞུང་གི་བབས་ལ་འགྲིག་པའི་ཕྱིར། གཉིས་པ་ནི། དེ་ལྟར་མཚན་མཚོན་གཞི་གསུམ་ངོས་བཟུང་ཟིན་པ་དེའི་འོག་ཏུ་མཚོན་པ་བཤད་པར་བྱ་སྟེ། འདི་ལ་ཐེག་ཆེན་སྦྱོར་བ་ཙམ་གྱི་མཚོན་ཚུལ་བཤད་པ་དང༌། དེ་ལས་ནང་ཚན་སོ་སོའི་མཚོན་ཚུལ་བདེ་བླག་ཏུ་རྟོགས་ནུས་པ་དང༌། མཚོན་སྦྱོར་བཀོད་པའི་དགོས་པ་བཤད་པའོ། །དང་པོ་ལ་རྩ་བའི་སྦྱོར་བ་དང༌། དེ་ལས་དྲུག་ཏུ་ཕྱེ་བའོ། །དང་པོ་ནི། ཐེག་ཆེན་སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་མཚན་གཞི། ཐེག་ཆེན་སྦྱོར་བའི་ཐ་སྙད་བྱ་རུང་དུ་མཚོན། གཞི་ལམ་རྣམ་གསུམ་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཡིན་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིས་སུ་གྱུར་པའི་སེམས་དཔའི་རྣལ་འབྱོར་ཡིན་པ་དང༌། ཕན་བདེ་སྐྱོབ་སོགས་ཀྱི་མཛད་པ་ཉེ་བར་བསྒྲུབ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའོ། །གཉིས་པ་ལ་གཉིས་ཏེ། རང་ལྡོག་ཡིན་པའི་མཚོན་ཚུལ་གསུམ་བཤད་པ་དང༌། དེས་གཞན་ལྡོག་མ་ཡིན་པའི་མཚོན་ཚུལ་གསུམ་དོན་གྱིས་གོ་བས་སོ། །དང་པོ་ནི། གོང་དུ་ཤེས་ཁྱད་བྱེད་པ་གསུམ་གྱི་མཚན་གཞིར་བཞག་པའི་རྣལ་འབྱོར་དེ་དང་དེ་མཚན་གཞི། ཐེག་ཆེན་སྦྱོར་བའི་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་ཐ་སྙད་བྱ་རུང་དུ་མཚོན། དེའི་ཐ་སྙད་དེ་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མ་ཡིན་པར་མཚོན་བྱེད་ཡིན་པའོ། །ཐེག་ཆེན་སྦྱོར་བའི་ཐ་སྙད་མཚན་གཞི། ཐེག་ཆེན་སྦྱོར་བའི་ཤེས་ཁྱད་བྱེད་པ་གསུམ་གྱི་མཚོན་བྱའི་ཐ་སྙད་བྱ་རུང་ཡིན་པར་མཚོན། མཚན་ཉིད་དེ་གསུམ་གྱིས་མཚན་གཞི་ངོ་བོ་ཉིད་བཅུ་དྲུག་གི་སྟེང་དུ་གང་མཚོན་པར་བྱ་བའི་དངོས་པོ་ཡིན་པའོ། །ངོ་བོ་ཉིད་བཅུ་དྲུག་པོ་དེ་མཚན་གཞི། ཐེག་ཆེན་སྦྱོར་བའི་ཐ་སྙད་ཀྱི་མཚན་གཞི་ཡིན་པར་མཚོན། དེ་གསུམ་གྱིས་དེར་མཚོན་པའི་གཞིར་དམིགས་པའོ། །གཉིས་པ་ནི། སྐབས་དེའི་གཞི་མཚོན་གཉིས་དང༌། གཞི་མཚན་གཉིས་དང༌། མཚན་མཚོན་གཉིས་མཚན་གཞིར་བཟུང་ནས། སྐབས་དེའི་མཚན་ཉིད་དང༌། མཚོན་བྱ་དང༌། མཚན་གཞི་མ་ཡིན་པར་མཚོན་ནོ། །གཉིས་པ་ནི། མཚོན་ཚུལ་གྱི་རིགས་པ་དེ་ལ་རྟེན་ནས། མཁྱེན་པ་གསུམ་གྱི་སྦྱོར་བ་སོ་སོར་མཚོན་པ་དང༌། དེ་གསུམ་པོ་སོ་སོའི་མཚན་ཉིད་དུ་མཚོན་པ་དང༌། མཚན་ཉིད་སོ་སོའི་མཚོན་བྱར་མཚོན་པ་དང༌། སོ་སོའི་མཚན་གཞིར་མཚོན་པ་ལ་རང་རང་སོ་སོའི་མཚན་ཉིད་རྒྱུ་མཚན་དུ་བཀོད་པ་དང༌། དེ་ལས་བཟློག་པའི་འགོད་ཚུལ་རྣམས་ཀྱང་གོ་བར་བྱའོ། །གསུམ་པ་མཚོན་སྦྱོར་བཀོད་པའི་དགོས་པ་ལ། སྤྱི་དང༌། ཁྱད་པར་གཉིས་ལས། དང་པོ་ནི། མཚན་མཚོན་གྱི་འབྲེལ་པ་ཁོང་དུ་ཆུད་པ་སྟེ། མིང་ལ་རྟེན་ནས་དོན་གོ་བ་དང༌། དོན་མཐོང་བ་ན་མིང་ལ་དྲན་པ་སྐྱེ་བ་ཡིན་ལ། དེའི་དགོས་པ་ཡང་བླང་དོར་ལ་འཇུག་ལྡོག་སླ་བའོ། །གཉིས་པ་ནི། བོད་ཀྱི་སློབ་དཔོན་གང་དག གཞི་ཐོག་གི་མཚན་མཚོན་ལ་བློ་བྱང་ཡང༌། ལམ་ཐོག་གི་མཚན་མཚོན་ཇི་ལྟར་ཡིན་པའི་ཚུལ་གསལ་བར་འཆད་པ་མི་སྣང་བས། དེ་དག་གི་རྣམ་དབྱེ་ལ་རྨོངས་པ་བཟློག་པར་བྱ་བའི་ཕྱིར་འདིར་འབད་པ་ཡིན་ནོ། །བཞི་པ་ལ། ཤེས་མཚན་གསུངས་པས་ནི། ཐེག་ཆེན་གྱི་སྦྱོར་བ་ལ་མ་འོངས་པ་ན་རང་དོན་ཆོས་ཀྱི་སྐུ་བསྐྱེད་པའི་ནུས་པ་དང༌། བྱེད་མཚན་གསུངས་པས་ནི་དེ་ལ་མ་འོངས་པ་ན་གཞན་དོན་འཕྲིན་ལས་ཀྱི་སྐུ་བསྐྱེད་པའི་ནུས་པ་ཡོད་པ་དང༌། ཁྱད་མཚན་གྱིས་ནི་ཐེག་ཆེན་སྦྱོར་བ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་གོ་བ་ཡིན་ཏེ། ཁྱད་མཚན་གྱིས་མཚོན་པའི་ཚུལ་ནི། ལམ་ཤེས་དང་རྣམ་མཁྱེན་གྱི་སྦྱོར་བ་མཚན་གཞིར་བཞག་ནས། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན་པ་ནི་རྩ་འགྲེལ་གཉིས་ཀ་ན་གསལ་བའི་ཕྱིར། དེའི་ཕྱིར་ཡང་གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་མ་བཤད་པ་ཡིན་ཏེ། གཞི་ཤེས་ཀྱི་སྦྱོར་བ་མཚན་གཞིར་བཞག་ནས། དེ་ལས་ཁྱད་པར་དུ་འཕགས་པར་མཚོན་པ་ལ། ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིས་སུ་གནས་པ་རྟགས་སུ་འགོད་མི་ནུས་པའི་ཕྱིར། མཚོན་ཚུལ་དེ་ལྟར་ཡིན་ན་དེ་ཐེག་ཆེན་སྦྱོར་བ་ཙམ་གྱི་མཚན་ཉིད་དུ་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེ་ན། དེ་གཉིས་མཚན་གཞིར་བཞག་ནས་ཐེག་ཆེན་གྱི་སྦྱོར་བ་ཙམ་དུ་མཚོན་པ་ལ་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་གྱི་རྟོགས་རིས་མཚན་ཉིད་དུ་བཀོད་པས་ཆོག་པ་ཡིན་ནོ། །སྐབས་དེར། ཤེས་པ་དེ། གཡོ་བ་ལ་སོགས་ཤེས་བྱ་དང༌། །ཞེས་པའི་སྐབས་སུ། ཡུམ་གྱི་མདོ་ལས་གཡོ་བ་དང༌། འདུ་བ་དང༌། ཕྱེ་བ་དང༌། བཙུམ་པ་ཞེས་གསུངས་ལ། དེ་དག་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་དང་སྦྱོར་བར་འཕགས་པ་གྲོལ་སྡེས་བཞེད་དོ། །དེ་ཡང་ཇི་ལྟར་སྦྱོར་ཞེ་ན། བདག་དང་འཇིག་རྟེན་རྟག་པ་དང༌། མཐའ་དང་མི་ལྡན་པ་དང༌། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་བར་ལྟ་བ་རྣམས་ནི་གཡོ་བ་ཞེས་བྱ་སྟེ། ཡུལ་ལ་སྒྲུབ་པའི་རྣམ་པས་འཇུག་པས་སོ། །བདག་དང་འཇིག་རྟེན་མི་རྟག་པར་ལྟ་བ་སོགས་བཞི་ལ་ནི་འདུ་བ་ཞེས་བྱ་སྟེ། ཡུལ་ལ་དགག་པའི་རྣམ་པས་འཇུག་པས་སོ། །གཉིས་ཀར་ལྟ་བ་བཞི་ལ་ནི་ཕྱེ་བ་ཞེས་བྱ་སྟེ། དགག་སྒྲུབ་གཉིས་ཀའི་རྣམ་པས་འཇུག་པའི་ཕྱིར། གཉིས་མིན་དུ་ལྟ་བ་བཞི་ལ་ནི་བཙུམ་པ་ཞེས་བྱ་སྟེ། ཡུལ་ལ་དགག་པའི་རྣམ་པས་འཇུག་པའི་ཕྱིར། དེ་དག་ནི་གོ་རིམ་བཞིན་དུ། གྲངས་ཅན་དང༌། རྒྱང་འཕན་དང༌། གཅེར་བུ་པ་དང༌། གནས་མ་བུའི་སྡེ་པ་རྣམས་དང་སྦྱར་རོ། །ལུས་སྲོག་གཅིག་ཏུ་ལྟ་བ་སྒྲུབ་པའི་རྣམ་པ་ཅན་དང༌། ཐ་དད་དུ་ལྟ་བ་དགག་པའི་རྣམ་པ་ཅན་དུ་ཉི་སྣང་ལས་གསུངས་སོ། །འདི་གཉིས་བདག་གི་ད་ལྟར་གྱི་ངོ་བོ་ལས་བརྩམས་པའི་དྲི་བ་ཡིན་ལ། འཇིག་རྟེན་གྱི་ད་ལྟར་གྱི་ངོ་བོ་ལ་བསྙོན་པ་སུ་ཡང་མེད་པས་ད་ལྟར་གྱི་ངོ་བོ་ལ་དྲི་བ་མ་བཀོད་དོ། །དེ་གཉིས་ཀྱི་སྔོན་མཐའ་དང་ཕྱི་མཐའ་དང༌། མྱ་ངན་ལས་འདས་པ་ནི་ལྐོག་ཏུ་གྱུར་པའི་ཕྱིར་དྲིས་པ་ཡིན་ནོ། །དེ་ཡང་བདག་དང་འཇིག་རྟེན་རྟག་མི་རྟག་སོགས་བཞིར་ལྟ་བ་ནི་སྔོན་མཐའ་ལ་རྟེན་པ་ཡིན་ཏེ། མངོན་ཤེས་ཀྱིས་སྔོན་གྱི་མཐའ་བརྟགས་པ་ལས་བྱུང་བའི་ལྟ་བ་ཡིན་པའི་ཕྱིར། དེ་གཉིས་མཐའ་དང་ལྡན་མི་ལྡན་ལ་སོགས་པར་ལྟ་བ་བཞི་ནི་ཕྱི་མཐའ་ལ་རྟེན་པ་ཞེས་བྱ་སྟེ། མངོན་ཤེས་ཀྱིས་ཕྱི་མཐའ་བརྟགས་པ་ལས་བྱུང་བའི་ལྟ་བ་ཡིན་པའི་ཕྱིར། ཞེས་སམ། ཡང་ན་དྲི་བ་དེ་དག་སྔོན་མཐའ་དང་ཕྱི་མཐའ་ལས་བརྩམས་པའི་དྲི་བ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་མི་འབྱུང་དུ་ལྟ་བ་ལ་སོགས་པ་བཞི་ནི་མྱང་འདས་ལ་རྟེན་པ་ཞེས་བྱ་སྟེ། ལྷག་མེད་དུ་མྱ་ངན་ལས་འདས་ཕྱིན་ཆད་འབྱུང་མི་འབྱུང་ལ་སོགས་པར་ལྟ་བའི་ཕྱིར། དེ་སྐད་དུ་ཡང༌། དབུ་མ་ལས། གང་འདས་ཕན་ཆད་མཐའ་སོགས་དང༌། །རྟག་ལ་སོགས་པར་ལྟ་བ་དང༌། །མྱ་ངན་འདས་དང་ཕྱི་མཐའ་དང༌། །སྔོན་གྱི་མཐའ་ལ་རྟེན་པ་ཡིན། །ཞེས་གསུངས་སོ། །དྲི་བ་འདི་དག་གི་ལན་ལུང་དུ་མི་སྟོན་པའི་རྒྱུ་མཚན་ཡང༌། ཤིན་ལྐོག་སྟོན་པའི་ལུང་ལ་དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་དབང་དུ་བྱས་པ་ཡིན་ཏེ། སྟོན་པས་ཆོས་འཁོར་ཐོག་མ་བསྐོར་བའི་དུས་སུ་བྱུང་བའི་དྲི་བ་ཡིན་པའི་ཕྱིར། དེ་ལ་དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་ཚེ་ནི། གཉིས་མིན་དུ་ལུང་བསྟན་པས་ཆོག་པ་ཡིན་ཏེ། ཇི་སྐད་དུ། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་སྦྱོར་བ་སྐྱེས་པའི་བསྒོམ་རིམ་ལ། རྣམ་ཀུན་ཁྱད་པར་ཅན་སྐྱེས་པའི་གནས་སྐབས། རྟེན་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྣམ་གཞག རྣམ་ཀུན་ཁྱད་པར་ཅན་གྱི་སྦྱོར་བ་རང་གི་ངོ་བོའོ། །དང་པོ་ལ། རྣམ་རྫོགས་སྦྱོར་བ་སྐྱེས་པའི་གནས་སྐབས་ནི་ཐར་པ་ཆ་འཐུན་ནས་ཡིན་ལ། དེའི་སྐབས་ཀྱི་ཐར་པ་ཆ་མཐུན་དུ་མ་ཟད་ངེས་འབྱེད་ཆ་མཐུན་ཡང་རྗེས་ཐོབ་ཀྱི་ངོ་བོར་བཤད་པས། རྟོག་པ་བཞི་པོ་རྣམ་པར་སུན་འབྱིན་པའི་གཉེན་པོའོ། །འདིར་སྐབས་དང་པོ་དྲུག་གི་སྦྱོར་མཐོང་བསྒོམ་གསུམ་ལ་བཟློས་པ་སྤོང་བའི་གཞུང་ནི། ཇི་སྐད་དུ། རྣམ་པ་དང་ལམ་དང་གཞི་ཐམས་ཅད་རྣམ་པར་སྒོམ་པའི་དབྱེ་བས་ཞེས་སོགས་ཡིན་ལ། འདིའི་དོན་རྣམ་ཀུན་ཁྱད་པར་ཅན་གྱི་སྒོམ་རིམ་མན་ཆད་དུ་བཤད་པའི་ལམ་གསུམ་པོ་སྤྱིར་བཏགས་པ་བ་དང༌། ཁྱད་པར་དག་པ་ས་གསུམ་གྱི་ཡེ་ཤེས་ལ་དེའི་མིང་གིས་བཏགས་སོ་ཞེས་སྡུད་འགྲེལ་དང༌། འགྲེལ་ཆེན་དུ་བཤད་པ་དེ་ནི་སྔོན་གྱི་སློབ་དཔོན་གཞན་དག་གི་བཞེད་པ་བཀོད་པ་ཡིན་གྱི་འདིར་ཁས་བླང་དུ་མི་རུང་སྟེ། འཕགས་པ་གྲོལ་སྡེའི་ལུང་དང་མི་མཐུན་པའི་ཕྱིར་དང༌། སློབ་དཔོན་རང་ཉིད་ཀྱང་མི་བཞེད་པའི་ཕྱིར། མི་བཞེད་པ་ཅི་ལྟར་ཞེ་ན། ལུགས་སྔ་མ་དེ་ནི་མངོན་རྟོགས་རྐྱང་པའི་ལུགས་ཞེས་བྱ་བ་ཡིན་ལ། སློབ་དཔོན་ནི་མཁྱེན་པ་གསུམ་གྱིས་ཀྱང་གང་ཟག་ཅིག་སངས་རྒྱ་བའི་ལམ་གྱི་རིམ་པ་ཚང་ལ་མ་ནོར་བ་ཅིག་བསྟན་པར་བཞེད་པའི་ཕྱིར་ཏེ། རྣམ་མཁྱེན་འབྲས་བུ་དང༌། ལམ་ཤེས་རྒྱུ་དང༌། རྒྱུ་དང་རྒྱུ་མིན་གྱི་རབ་དབྱེ་ཤེས་པའི་ཕྱིར་དུ་དམན་པའི་གཞི་ཤེས་སྐབས་གསུམ་པར་བསྟན་ནོ་ཞེས་བཞེད་པའི་ཕྱིར། མངོན་རྟོགས་རྐྱང་པའི་ལམ་རིམ་འཆད་པ་དག་གིས་ནི་དེ་ལྟར་མི་འདོད་དེ། དེ་དག་གིས་ནི་ས་བདུན་པ་མན་ཆད་དུ་སྐྱེ་མེད་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་ནས། དག་པའི་ས་གསུམ་དུ་སྦྱོར་བ་བཞིས་ཉམས་སུ་བླངས་པ་ལས་འབྲས་བུ་ཆོས་ཀྱི་སྐུ་འབྱུང་བར་འདོད་པའི་ཕྱིར། འོ་ན་རང་ལུགས་ལ། ལམ་གསུམ་ལན་དྲུག་ཏུ་བསྟན་པ་ལ་བཟློས་པའི་སྐྱོན་མེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། སྐབས་དང་པོ་གསུམ་དུ་བསྟན་པ་དང༌། སྦྱོར་བ་བཞིར་བསྟན་པ་མི་བཟློས་ཏེ། དང་པོ་གསུམ་དུ་ནི་ལྟ་བའི་ལྡོག་པ་ནས་བསྟན་ལ། སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་ནི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཟུང་དུ་འཇུག་པའི་ཆ་ནས་བསྟན་པའི་ཕྱིར། དང་པོ་གསུམ་ཡང་མི་ཟློས་ཏེ། གཞི་དང་ལམ་དང༌། རྣམ་པ་སྐྱེ་མེད་ཀྱི་ལྡོག་ཆ་ནས་སོ་སོར་བསྟན་པའི་ཕྱིར། བར་པ་གསུམ་ཡང་མི་ཟློས་ཏེ། དབང་ཐོབ་ཕྱིར་གྱི་ལམ་གསུམ་དང༌། ཐོབ་པའི་ཚུལ་གྱི་ལམ་གསུམ་དང༌། བརྟན་པ་ཐོབ་ཕྱིར་གྱི་ལམ་གསུམ་གྱི་ལྡོག་ཆ་ནས་སོ་སོར་བསྟན་པའི་ཕྱིར། ཞེས་བྱ་བ་ནི་གཞུང་འདིའི་དོན་དུ་བཟུང་བར་བྱའོ། །གསུམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྣམ་བཞག་ལ། འདིར་དེའི་གཏན་ཚིགས་ཡང་དག་ཞིག་འགོད་དགོས་པའི་རྒྱུ་མཚན་ནི། ཡུམ་གྱི་མདོར། རྣམ་པ་དེ་དག་དང༌། རྟགས་དེ་དག་དང༌། མཚན་མ་དེ་དག་དང་ལྡན་པའི་བྱང་ཆེན་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་བཤད་པས་སོ། །དེ་ཡང་རྣམ་པ་ཞེས་པས་རང་བཞིན་གྱི་དང༌། རྟགས་ཞེས་པས་འབྲས་བུའི་དང༌། མཚན་མ་ཞེས་པས་རྒྱུ་ཚོགས་གྲངས་ཚང་རྟགས་སུ་འགོད་དགོས་པར་བསྟན་ནོ། །འདི་ལ་གཉིས་ཏེ། རྩ་བའི་རྟགས་འགོད་པ་དང༌། ཚུལ་སྒྲུབ་པའོ། །དང་པོ་ལ། ཆོས་ཅན་གྱི་དང༌། བསྒྲུབ་བྱའི་ཆོས་ཀྱི་དང༌། གཏན་ཚིགས་ཀྱི་དོན་ནོ། །དང་པོ་ནི། མ་ངེས་པའི་རིགས་ཅན་གྱི་བྱང་སེམས་རྣམས་ཆོས་ཅན་དུ་འཇོག་པ་ཡིན་ཏེ། སྤྱིར་ཐེག་པ་ཆེན་པོ་དང༌། བྱེ་བྲག་སྦྱོར་མཐོང་བསྒོམ་གསུམ་ལ་གནས་པར་ངེས་པ་རྣམས་ནི། སྐབས་ཀྱི་རྒོལ་བའི་བློ་ངོར་དེ་དང་དེར་གྲུབ་ཟིན་པས། སྒྲུབ་མི་དགོས་པའི་ཕྱིར་དང༌། དམན་པར་རིགས་ངེས་པ་རྣམས་ལ་ནི། སྐབས་ཀྱི་རྒོལ་བའི་ཚད་མས་བསལ་ཟིན་པས་དེར་སྒྲུབ་མི་ནུས་པའི་ཕྱིར། གཉིས་པ་ནི། ཐ་སྙད་དང༌། དོན་གཉིས་ལས། དང་པོ་ནི། སྤྱིར་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་དང༌། བྱེ་བྲག་སྦྱོར་བའི་སྟོབས་ཀྱིས་དང༌། བསམ་པའི་སྟོབས་ཀྱིས་ཕྱིར་མི་ལྡོག་པའོ། །དོན་ནི་ཐེག་པ་གཞན་གྱིས་བར་མ་ཆོད་པར་རང་རྒྱུད་ལ་རྣམ་མཁྱེན་གྱི་ཡེ་ཤེས་འབྱུང་རུང་དུ་སྒྲུབ་པའོ། །གསུམ་པ་གཏན་ཚིགས་ཀྱི་དོན་ལ་གཉིས་ཏེ། ཐ་སྙད་སྒྲུབ་པ་ལ་ལུང་ཉིད་རྟགས་སུ་བཀོད་པ་དང༌། དོན་སྒྲུབ་པ་ལ་ལུང་གི་དོན་རྟགས་སུ་བཀོད་པའོ། །དང་པོ་ནི། གཟུགས་སོགས་འདུ་ཤེས་ཟློག་པ་དང༌། ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་རྣམ་རྟགས་མཚན་མ་དེ་དང་ལྡན་པའི་མ་ངེས་པའི་རིགས་ཅན་གྱི་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་སྟེ། དེར་མདོ་ལས་གསུངས་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། དེ་ཆོས་ཅན། དེས་མ་ཆོད་པར་རང་རྒྱུད་ལ་དེ་འབྱུང་དུ་རུང་སྟེ། དེའི་རྒྱུ་ཚོགས་གྲངས་ཚང་པའི་ཕྱིར། ཞེས་པའོ། །གཉིས་པ་ཚུལ་སྒྲུབ་པས་གཏན་ཚིགས་དང་པོའི་ཁྱབ་འབྲེལ་སྒྲུབ་པ་དང༌། གཉིས་པའི་ཚུལ་གསུམ་སྒྲུབ་པའོ། །དང་པོ་ནི། རབ་འབྱོར་རྣམ་པ་དེ་དག་སོགས་དང་ལྡན་པའི་བྱང་ཆེན་མི་ལྡོག་པར་བཟུང་བར་བྱའོ། །ཞེས་པའི་མདོ་ཆོས་ཅན། རང་གི་བསྟན་བྱའི་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་བྱ་བའི་རྟགས་ཀྱིས་འགྲུབ་བོ། །གཉིས་པ་ལ་ཁྱབ་འབྲེལ་ནི། ཇི་སྐད་དུ། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ཞེས་པའི་རིགས་པས་འགྲུབ་ལ། ཕྱོགས་ཆོས་ནི། དེ་ཆོས་ཅན། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། བརྩེ་བ་སྙིང་རྗེ་ཆེན་པོ་སྔོན་དུ་སོང་བ་ཡིན་ཏེ། བདུད་ལས་ཀྱིས་མི་ཚུགས་པ་དང༌། གཞན་གྱི་དོན་དུ་དམྱལ་བ་ཡང་ཚོལ་བ་ལྟ་བུའི་རྗེས་ཐོབ་ཀྱི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཞེས་པའོ། །འདིའི་ཁྱབ་འབྲེལ་ཡང་ལུང་གིས་གྲུབ་པ་ཡིན་ཏེ། འདི་ལྟར་དེ་ལ་དེས་ཁྱབ་པར་སྟོན་པའི་རྒྱན་གྱི་གཞུང་ཆོས་ཅན། རང་གི་བསྟན་བྱའི་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པའི་རྟགས་ཀྱིས་འགྲུབ་པ་ཡིན་ནོ། །དེ་ལྟར་གཏན་ཚིགས་དེ་ཐམས་ཅད་ནི་ཡིད་ཆེས་པའི་གཏན་ཚིགས་སོ། །གཏན་ཚིགས་འདི་དག་གང་བཀོད་ཀྱང་རྟགས་དེ་དང་ལྡན་པའི་བྱང་སེམས་སུ་ཡིན་ཀྱང༌། སྤྱིར་རྫོགས་བྱང་ཙམ་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་ནུས་པ་ལ་ཁྱད་པར་མེད་མོད་ཐེག་ཆེན་གྱི་ལམ་སོ་སོའི་རྟོགས་པ་སྔོན་སོང་དུ་བསྒྲུབ་པ་ལ་གཏན་ཚིགས་སོ་སོར་ངེས་པ་ཡིན་ཏེ། མཐོང་ལམ་པའི་རྟོགས་པ་སྔོན་སོང་དུ་སྒྲུབ་པ་ལ་སྦྱོར་ལམ་གྱི་རྗེས་ཐོབ་རྟགས་སུ་བཀོད་ན་ཁྱབ་པ་འཁྲུལ་བའི་ཕྱིར། བོད་ཀྱི་སློབ་དཔོན་རྣམས་ཕྱིར་མི་ལྡོག་པའི་ས་མཚམས། བྱང་སེམས་སྦྱོར་ལམ་པ་དབང་རྣོན་དང༌། མཐོང་ལམ་པ་དབང་འབྲིང་དང༌། བསྒོམ་ལམ་པ་དབང་རྟུལ་ནས་འཇོག་པ་ནི་བསམ་པའི་སྟོབས་ཀྱིས་མི་ལྡོག་པའི་ས་མཚམས་ཡིན་གྱི། ཐེག་དམན་གྱི་ལམ་དུ་འཇུག་མི་སྲིད་པའི་ས་མཚམས་མ་ཡིན་ཏེ། བྱང་སེམས་ཀྱི་སྦྱོར་ལམ་ནས་དེ་མི་འཇུག་པས་ཁྱབ་པའི་ཕྱིར། བསམ་པས་ལྡོག་མི་ལྡོག་གི་དོན་ཡང༌། རྗེས་ཐོབ་ཏུ་རང་དོན་ཡིད་བྱེད་ཀྱི་བསམ་པ་སྐྱེ་སྲིད་པ་དང་མི་སྲིད་པ་ལ་བྱའོ། །བྱེ་བྲག་མཐོང་ལམ་པ་ཕྱིར་མི་ལྡོག་པའི་སྐབས་སུ། རྟགས་ཀྱི་རྣམ་གཞག་དང༌། དབང་པོ་སོ་སོའི་དོན་ནོ། །དང་པོ་ནི། མཐོང་ལམ་གྱི་རྗེས་ཐོབ་ལ་གནས་པའི་བྱང་སེམས་གང་ཞིག དེ་ལ་གནས་པ་དང༌། རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་ཐ་སྙད་མི་ཤེས་པའི་རྒོལ་བའི་ངོར། གཟུགས་སོགས་འདུ་ཤེས་ཟློག་པ་དང༌། །ཞེས་པའི་སྐབས་ནས་བསྟན་པའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཤིག་ཆོས་ཅན། ཐེག་ཆེན་གྱི་ཤེས་བཟོད་བཅུ་དྲུག་གི་རྟོགས་པ་སྔོན་དུ་སོང་བ་ཡིན་ཏེ། གཞུང་དེས་བསྟན་པའི་རྗེས་ཐོབ་ཀྱི་སྤྱོད་པ་དེ་དང་ལྡན་པའི་ཕྱིར། ཞེས་བསྒྲུབ་ནས་ཤེས་བཟོད་དེ་ལ་གནས་པའི་བྱང་སེམས་ཆོས་ཅན། དེ་ལས་མི་ལྡོག་པའི་ཐ་སྙད་བྱར་རུང་སྟེ། མཐོང་ལམ་ལ་གནས་པའི་བྱང་སེམས་ཡིན་པའི་ཕྱིར། ཞེས་འགོད་པར་བྱེད་དོ། །གཉིས་པ་ནི། རང་རང་གི་དབང་བསྒྱུར་བྱ་ལ་དབང་བྱེད་པའི་ཕྱིར་ན་དབང་པོ་ཞེས་བྱ། དབྱེ་ན་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་དབང་པོ་དང༌། རྣམ་བྱང་གི་དབང་པོའོ། །དང་པོ་ནི། རང་གི་དབང་བསྒྱུར་བྱ་ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་དབང་བྱེད་པའོ། །དབྱེ་ན། མིག་སོགས་དྲུག ཕོ་མོའི་དབང་པོ་གཉིས། སྲོག་དང་ཚོར་བའི་དབང་པོ་ལྔ་སྟེ་བཅུ་བཞིའོ། །དེ་ཡང་མིག་སོགས་དབང་པོ་དྲུག་གིས་རང་རང་གི་ཡུལ་ལ་དབང་བྱེད་དོ། །ཕོ་མོའི་དབང་པོ་གཉིས་ཀྱིས་ནི་ཕོ་མོའི་བྱེ་བྲག་འབྱེད་པ་ལ་དབང་བྱེད། སྲོག་གིས་ནི་རིགས་མཐུན་གནས་པ་ལ་དབང་བྱེད། ཟག་བཅས་ཀྱི་ཚོར་བ་བདེ་བ་དང༌། ཡིད་བདེ་བས་ནི་འདོད་ཆགས་སྐྱེད་པ་ལ་དབང་བྱེད། སྡུག་བསྔལ་དང་ཡིད་མི་བདེ་བས་ནི་ཞེ་སྡང་བསྐྱེད་པ་ལ་དབང་བྱེད། བཏང་སྙོམས་ཀྱིས་གཏི་མུག་བསྐྱེད་པ་ལ་དབང་བྱེད། གཉིས་པ་རྣམ་བྱང་གི་དབང་པོ་ལ་མཚན་ཉིད་ནི། རང་གི་དབང་བསྒྱུར་བྱ་རྣམ་བྱང་གི་ཆོས་ལ་དབང་བྱེད་པའོ། །དེ་ཡང་དད་སོགས་ལྔ་ནི་འཇིག་རྟེན་པའི་རྣམ་བྱང་ལ་དབང་བྱེད། ཐ་མ་གསུམ་གྱིས་ནི་འཇིག་རྟེན་ལས་འདས་པའི་རྣམ་བྱང་ལ་དབང་བྱེད་པ་ཡིན་ཏེ། མི་ཤེས་པ་ཀུན་ཤེས་པའི་དབང་པོས་ནི་མཐོང་སྤང་སྤོང་བ་ལ་དབང་བྱེད། ཀུན་ཤེས་པའི་དབང་པོས་ནི་སྒོམ་སྤང་སྤོང་བ་ལ་དབང་བྱེད། ཀུན་ཤེས་ལྡན་པའི་དབང་པོས་ནི་མྱང་འདས་མངོན་དུ་བྱེད་པ་ལ་དབང་བྱེད་དོ། །དེ་ཡང་དད་སོགས་ལྔ་དབང་པོར་འཇོག་པ་ནི། འཕགས་ལམ་བསྐྱེད་པ་ལ་བདག་པོར་གྱུར་པའི་ཆ་ནས་ཡིན་ལ། དེ་ཡང་དྲོད་ནས་ཡིན་གྱི། སྔ་རོལ་ཏུ་མ་ཡིན་ཏེ། བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་མ་ཐོབ་པའི་ཕྱིར་རོ། །དེ་ལྟར་ན་དཀར་པོའི་ཆོས་ཐམས་ཅད་ཀྱི་རྒྱུ་ཤིན་ཏུ་འཇོག་པ་ནི་དད་སོགས་ཙམ་ཡིན་གྱི། དེའི་དབང་པོ་ཡིན་པས་ཁྱབ་པ་ནི་མ་ཡིན་ནོ། །ཟག་མེད་ཀྱི་དབང་པོ་དང་པོའི་ངོས་འཛིན་མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་ལ་འཇོག་པར་ནི་མངོན་པ་གོང་འོག་གཉིས་ཀ་མཐུན་ལ། གོང་མར་སྦྱོར་ལམ་ནས་བཞག་པ་ནི་དེ་ཟག་མེད་རྗེས་མཐུན་པ་ཡིན་པ་ལ་དགོངས་ཤིང༌། ཡུམ་གྱི་མདོ་ཡང་དེ་དང་མཐུན་ནོ། །དབང་པོ་གཉིས་པའི་ས་མཚམས་ནི། བཅུ་དྲུག་པ་ནས་སྒོམ་ལམ་རྡོ་རྗེ་ལྟ་བུའི་བར་དང༌། གསུམ་པའི་ས་མཚམས་ནི་མི་སློབ་ལམ་ཁོ་ནའོ། །གསུམ་པོ་གང་ལ་འདོགས་པའི་གཞི་ནི། གནས་སྐབས་དེ་དང་དེ་ན་ཡོད་པའི་དད་སོགས་ལྔ་དང༌། བདེ་བ་ཡིད་བདེ་བཏང་སྙོམས་གསུམ་དང༌། ཡིད་ཀྱི་དབང་པོ་སྟེ་དགུའོ། །ཁམས་གང་ན་དབང་པོ་དེ་དག་གང་ཡོད་ཅེ་ན། ཇི་སྐད་དུ། མཛོད་ལས། དྲི་མེད་མ་གཏོགས་འདོད་པར་གཏོགས། །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས་གཟུགས་ཅན་དང༌། །བདེ་བའང་མ་གཏོགས་གཟུགས་མེད་གཏོགས། །ཞེས་གསུངས་པ་ལྟར་ཡིན་ནོ། །གསུམ་པ་སྒོམ་བྱ་སྦྱོར་བའི་ངོ་བོ་ལ། ཆོས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང༌། གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ཞིང་དག་པའི་སྦྱོར་བ། འཕྲིན་ལས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཐབས་མཁས་ཀྱི་སྦྱོར་བ་རྣམས་སོ། །དང་པོ་ལ་དངོས་དང༌། ཀླན་ཀ་སྤང་པའོ། །དང་པོ་ནི། འདི་ཐོག་མར་སྲི་ཞི་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་ནས་སྒོམ་པའི་རྣལ་འབྱོར་ཞིག་ཡིན་ལ། ས་མཚམས་ནི་ས་བརྒྱད་པར་འདི་ལ་དབང་ཐོབ་པ་ཡིན་ཀྱང༌། ཐེག་ཆེན་གྱི་ཚོགས་ལམ་ནས་བཞག་དགོས་ཏེ། སྐྱེ་མེད་གསུམ་ལ་དབང་ཐོབ་ཕྱིར་དུ་སྒོམ་པའི་རྣམ་རྫོགས་སྦྱོར་བའི་ངོ་བོ་ནི་ལེའུ་འདིར་འདི་ལས་མ་བཤད་ལ། དེ་ལྟ་བུའི་རྣམ་ཀུན་དེ་ཡང་ཐེག་ཆེན་སྦྱོར་ལམ་གྱི་སྔོན་དུ་འགྲོ་དགོས་པའི་ཕྱིར། འདིར་སྲིད་ཞི་མཉམ་པའི་དོན་ནི། སྲིད་པ་འཁོར་བའི་མིང་ཅན་གྱི་ཀུན་རྫོབ་ཀྱི་བདེན་པ་དང༌། ཞི་བའི་མིང་ཅན་རང་བཞིན་གྱིས་མྱ་ངན་ལས་འདས་པ་གཉིས་མཉམ་པའི་དོན་ཏེ། གང་དུ་ན། རང་གི་ངོ་བོས་སྟོང་པ་ཉིད་དུའོ། །གཉིས་པ་ནི། རབ་འབྱོར་གྱིས་དེ་ལྟར་བཤད་པ་ལ། ཤཱ་རིའི་བུས་ཀླན་ཀ་བཞིར་བཀོད་ནས། དེ་ལ་རབ་འབྱོར་གྱིས་ལན་བཏབ་པ་ནི། འདི་ལྟར་ལས་མེད་པར་ཐལ་བའི་དང༌། ལན་ལ་མ་ངེས་པའི་དང༌། ལུང་དང་འགལ་བའི་དང༌། ཧ་ཅང་ཐལ་བའི་ཀླན་ཀ་ལན་དང་བཅས་པ་རྣམས་སོ། །དང་པོ་ནི། རབ་འབྱོར་བྱང་ཆེན་རྨི་ལམ་དུ་དགེ་བའམ་མི་དགེ་བའི་ལས་ཤིག་བྱེད་ན། དེ་ལས་སོག་པའམ། འབྲི་བར་འགྱུར་བ་ཡོད་དམ། སྨྲས་པ། ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་ན་དེ་མེད་དོ། །འོན་ཏེ་སད་ནས་རྣམ་པར་རྟོག་ན་ནི་དེ་ལས་སོག་པའམ། འབྲི་བར་ཡང་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ནི། རབ་འབྱོར་བཅོམ་ལྡན་འདས་ཀྱང་ཟད་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པ་བསྐྱེད་པར་མཛད་པས། དེ་ཡང་ལས་སོག་པའམ། ཉེ་བར་སོག་པར་འགྱུར་རམ། སྨྲས་པ། ཤཱ་རིའི་བུ་དེ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་རྟོག་པ་དང༌། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །ཞེས་པ་ནས། ཤཱ་རིའི་བུ་ལས་ནི་དམིགས་པ་དང་བཅས་པར་སྐྱེའི། དམིགས་པ་མེད་པར་ནི་མ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ནི། རབ་འབྱོར་བཅོམ་ལྡན་འདས་ཀྱིས་དམིགས་པ་ཐམས་ཅད་དབེན་ནོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་ལས་ནི་དམིགས་པ་དང་བཅས་པ་སྐྱེ་ཡི། དམིགས་པ་མེད་པར་མ་ཡིན། རབ་འབྱོར་གྱིས་སྨྲས་པ། དམིགས་པ་མེད་པ་ཉིད་ལ་དམིགས་པར་བྱ་སྟེ། དམིགས་པ་དང་བཅས་པའི་སེམས་སྐྱེ་བ་ཡིན་གྱི། དམིགས་པ་མེད་པར་མ་ཡིན། ཞེས་གསུངས་སོ། །བཞི་པ་ནི། རབ་འབྱོར་བྱང་ཆེན་རྨི་ལམ་དུ་སྦྱིན་པ་སྦྱིན། ཚུལ་ཁྲིམས་བསྲུངས། དགེ་བ་དེ་ཡང་བྱང་ཆུབ་ཏུ་བསྔོ་ན་ཡོངས་སུ་བསྔོས་པ་འགྱུར་རམ། སྨྲས་པ། ཤཱ་རིའི་བུ་བྱང་ཆེན་བྱམས་པ་འདི་མངོན་སུམ་དུ་འདུག་ན། འདི་ལ་དྲིས་ཤིག་དང༌། འདིས་ལན་ལྡོན་པར་འགྱུར་རོ། །དེ་ནས་བྱམས་པས་སྨྲས་པ། བདག་གིས་ནི་གང་ལ་ལན་བློན་པ་དང༌། གང་གིས་ལན་བློན་པ་དང༌། ཇི་ལྟར་བླན་པར་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མཐོང་ངོ༌། །ཞེས་གསུངས་སོ། །མདོ་དེ་དག་ནི་ཡུམ་བརྒྱད་སྟོང་པ་ལས་འབྱུང་བ་ཡིན་ལ། དེ་དག་འདིར་འདྲེན་དགོས་པའི་ཤེས་བྱེད་ནི། ཇི་སྐད་དུ། ལས་མེད་ལ་སོགས་ཀླན་ཀ་དང༌། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་མདོ་ཉིད་ལ་ཞལ་འཕངས་པའི་དོན་གྱིས་སོ། །དེ་ལྟར་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་འོག་ཏུ་ཞིང་དག་པའི་སྦྱོར་བ་འཆད་དགོས་པའི་རྒྱུ་མཚན་ནི། སྦྱོར་བ་སྔ་མ་དེ་ཙམ་གྱིས་སྒྲིབ་གཉིས་སྤངས་པའི་ཆོས་སྐུ་མངོན་དུ་བྱེད་ནུས་ཀྱང༌། སྦྱོར་བ་འདི་མེད་ན་གཟུགས་ཀྱི་སྐུའི་སྣང་བ་བསྐྱེད་པའི་སྒོ་ནས་གཞན་དོན་བྱེད་པར་མི་ནུས་པའོ། །དེ་ལྟར་ཞིང་དག་པའི་སྦྱོར་བ་མ་རྫོགས་པ་དེ་སྲིད་དུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ལ་དུས་རྟག་ཏུ་མཉམ་པར་མི་འཇོག་པར་ཐབས་ཤེས་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་རྣལ་འབྱོར་དེ་ལ་ནི་ཐབས་མཁས་ཀྱི་སྦྱོར་བ་ཞེས་བྱའོ། །དེ་མ་རྫོགས་པར་དེ་ལ་མཉམ་པར་བཞག་ན་ཉེས་པ་ཅི་ཞིག་ཏུ་འགྱུར་ཞེ་ན། དུས་མ་ཡིན་པར་ཡང་དག་པའི་མཐའ་མངོན་དུ་བྱས་པའི་ཉེས་པར་འགྱུར་རོ། །དེའི་ཕྱིར་དེ་མངོན་དུ་བྱེད་པའི་དུས་དང་དུས་མ་ཡིན་པ་མི་ཤེས་པ་ལ་ནི་ཐབས་མི་མཁས་པ་ཞེས་བྱ་ལ། དེ་ཤེས་པའི་ལྡོག་ཆ་ནས་ཐབས་ལ་མཁས་པ་ཞེས་བྱའོ། །དེའི་ཡུལ་ནི་ཡང་དག་པའི་མཐའ་སྟེ། ཆོས་ཀྱི་སྐུའོ། །དེ་ལ་ལྡོག་པའི་སྒོ་ནས་བཅུར་ཕྱེ་བ་ནི། མདོ་ལས་སངས་རྒྱས་ཀྱི་སའི་རྣམ་ཐར་སྒོ་གསུམ་དང༌། བྱང་ཕྱོགས་སོ་བདུན་ལ་སྡེ་ཚན་བདུན་དུ་ཕྱེ་བ་རྣམས་སོ། །བསྟན་བཅོས་ལས་ནི། དགྲ་རྣམས་ལ་ནི་འདས་པ་དང༌། །ཞེས་སོགས་བཅུར་གསུངས་སོ། །འདིར་བདུད་བཞིའི་ངོས་འཛིན་དང་གྲངས་ངེས་དང༌། ས་མཚམས་སྟེ་གསུམ་བཤད་པར་བྱ་བ་ལས། དང་པོ་ལ། འཆི་མེད་ཀྱི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་བྱེད་དོ། །སྒྲ་བཤད་པ་ནི། འཆི་བའི་ཕྱིར་དེ་ཞེས་བྱའོ། །མཚན་གཞིའི་དབྱེ་བ་ལ་བཞི་ལས། ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཉོན་མོངས་པའི་བདུད་ནི་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་དང༌། དེས་ཀུན་ནས་བསླང་བའི་ལས་སོ། །བྱང་སེམས་འཕགས་པའི་རྒྱུད་ཀྱི་ཉོན་མོངས་པའི་བག་ལ་ཉལ་ནི་ཉོན་མོངས་པའི་བདུད་དུ་མ་བཞག་སྟེ། ཡང་སྲིད་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་དང༌། དེས་ཀུན་ནས་བསླང་བའི་ལས་གསོས་འདེབས་བྱེད་གང་དུ་ཡང་མི་རུང་བའི་ཕྱིར་རོ། །འཆི་བདག་གི་བདུད་ནི་འཁོར་བར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པའི་དབང་གིས་འཆི་བའོ། །ལྷའི་བུའི་བདུད་ནི་བདུད་དེ་གསུམ་ལས་འདའ་བའི་ཕྱིར་དུ་བརྩོན་འགྲུས་བརྩོམ་པ་ལ་བར་དུ་གཅོད་བྱེད་དོ། །འདི་ཡང་མདོ་སྡེ་དྲན་པ་ཉེར་གཞག་ལས། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ཆུང་མ་དང་བཅས་པས། འདོད་པའི་སེམས་ཅན་རྣམས་ལ་མེ་ཏོག་གི་མདའ་རྣམ་པ་ལྔ་འཕངས་པས་འདོད་པའི་ཡོན་ཏན་ལྔ་ལ་སེམས་སྦྱོར་བར་བྱེད་ཅེས་གསུངས་ལ། དེ་ནི་གཟུགས་ཅན་གྱི་རྒྱན་དུ་བྱས་པ་ཡིན་ཏེ། ངེས་པའི་དོན་ལ་རང་རང་གི་སེམས་རྒྱུད་ལ་གནས་པའི་བརྒྱལ་བར་བྱེད་པ་དང༌། རྨོངས་པར་བྱེད་པ་དང༌། འདོད་པ་ལ་འདུན་པར་བྱེད་པ་དང༌། ཕྲག་དོག་དང༌། སེར་སྣ་ལ་མེ་ཏོག་གི་མདའི་མིང་གིས་བཏགས་ཤིང༌། འདོད་པའི་འདོད་ཆགས་དང༌། རྣམ་འཚེ་ལ་ནི་བདུད་སྡིག་ཏོ་ཅན་ཆུང་མ་དང་བཅས་པའི་མིང་ཏུ་བཏགས་སོ། །དེ་ཡང་ཉོན་མོངས་པ་དེ་དག་གི་རང་ལྡོག་ནས་བཤད་ན། ཉོན་མོངས་པའི་བདུད་དང་ཁྱད་པར་མི་ཕྱེད་པས་དེ་དག་གི་བྱེད་ལས་ལ་ལྷའི་བུའི་བདུད་ཅེས་བྱ་ལ། གཟུགས་ཁམས་པ་ལའང་འདི་མེད་དེ། འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གཉིས་པ་ནི། གང་འཆི་བ་དང༌། གང་གིས་འཆི་བ་དང༌། འཆི་བའི་ངོ་བོ་གང་ཡིན་པ་དང༌། འཆི་མེད་སྒྲུབ་པ་ལ་བར་དུ་གཅོད་པའི་དབང་དུ་བྱས་ནས་གོ་རིམ་བཞིན་དུ། ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་རྣམས་གཞག་གོ །བསྡུ་བ་ལས་ནི། ཚེ་ཡུན་རིང་དུ་གནས་ཏེ་གནས་སྐབས་ཀྱི་ཡོན་ཏན་ཁྱད་པར་ཅན་དུ་མ་བསྒྲུབས་ནས། མཐར་ཐུག་གི་འབྲས་བུ་ལྷག་པ་ཅེས་དང༌། ལྷག་མེད་ཀྱི་མྱང་འདས་ལ་བར་དུ་གཅོད་པའི་དབང་དུ་བྱས་ནས་འཆི་བདག་དང༌། ལྷའི་བུ་དང༌། ཉོན་མོངས་པ་དང༌། ཕུང་པོའི་བདུད་རྣམས་བཞག་པར་འཆད་དོ། །གསུམ་པ་ལ་ཐེག་དམན་གྱིས་དང༌། ཐེག་ཆེན་གྱིས་བཅོམ་པའི་ས་མཚམས་སོ། །དང་པོ་ནི། ཉན་ཐོས་ཀྱི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པའི་ཚེ་བདུད་གསུམ་བཅོམ་པ་ཡིན་ཏེ། ཉོན་སྒྲིབ་ས་བོན་དང་བཅས་པ་སྤངས་པའི་ཕྱིར། ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་པའི་ཚེ་ལྷའི་བུའི་བདུད་བཅོམ་པ་ཡིན་ཏེ། འདོད་པ་ལ་ཆགས་བྲལ་བྱས་པའི་ཕྱིར། དེ་ཡང་མངོན་གྱུར་པ་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤོང་ནུས་ལ། མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ནི་ཕྱིར་མི་འོང་གི་འབྲས་བུ་དང༌། དེའི་ཞུགས་པ་ཆགས་བྲལ་སྔོན་སོང་དུ་གྱུར་པ་དེའི་ཚེ་ནའོ། །གཞན་དག་ཉན་ཐོས་ཀྱི་མཐོང་ལམ་ནས་དཀོན་མཆོག་མངོན་པར་རྟོགས་པ་ཐོབ་པའི་ཕྱིར་དེ་སྤངས་སོ། །ཞེས་གསུང་བ་ནི། དེ་ཐོབ་ནས་བདུད་ལས་ཀྱིས་མི་ཕྱེད་པ་ལ་བསམ་པ་ཡིན་མོད་དེ་ལས་མ་གཏོགས་པའི་ཁུངས་གཞན་བཙལ་དགོས་ཏེ། འདོད་པ་ལ་ཆགས་བྲལ་མ་བྱས་པར་དེ་བཅོམ་པ་དཀའ་བའི་ཕྱིར་དང༌། དེ་མཐོང་སྤང་ཁོ་ནར་འཆད་པ་དཀའ་བའི་ཕྱིར་དང༌། དེ་ལྟར་འཆད་པའི་ལུང་ཡང་མི་སྣང་བའི་ཕྱིར། ཡང་བསམ་གཏན་གྱི་རབ་མཐའ་ཐོབ་ནས་འཆི་བདག་གི་བདུད་བཅོམ་ཞེས་གསུངས་ཡང༌། མངོན་པ་འོག་མ་ལྟར་ན། བསམ་གཏན་གྱི་རབ་མཐའ་སོ་སོ་སྐྱེ་བོ་ལ་ཡང་སྣང་ལ། གོང་མའི་དགོངས་པས་འཕགས་པ་ཁོ་ན་ལ་འཆད་ན་ཡང༌། ཕྱིར་མི་འོང་ལུས་མངོན་བྱེད་ཀྱིས་འཆི་བདག་གི་བདུད་བཅོམ་པར་འཇོག་པར་དཀའ་བ་ཡིན་ཏེ། དེས་ཚེ་འདོར་ལེན་ལ་དབང་ཐོབ་ན་ཚེ་དེ་ཉིད་ལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་ནུས་པས་ཁྱབ་པར་ཁས་ལེན་དགོས་ལ། དེ་ལྟར་ཡང་གཞན་དག་གིས་ནི་མི་འདོད་དོ། །ཕུང་པོའི་བདུད་བཅོམ་པའི་ས་མཚམས་ལྷག་མེད་ནས་འཇོག་པ་ཡང་དཔྱད་དགོས་པ་ཡིན་ཏེ། དེའི་ཚེ་ཉེར་ལེན་གྱི་ཕུང་པོ་སྔ་མ་དང་བྲལ་བ་ཙམ་ཡིན་ཀྱང༌། དེ་ཕྱི་མ་གཉེན་པོའི་སྟོབས་ཀྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་འགོག་པ་ནི་སྔོན་ལྷག་བཅས་ཀྱི་དུས་ན་ཐོབ་ཟིན་པའི་ཕྱིར་རོ། །གཉིས་པ་ནི། དམན་ལམ་སྔོན་དུ་མ་སོང་བའི་ས་དང་པོ་ནས་བདུད་བཞི་ཀ་བཅོམ་པ་ཡིན་ཏེ། ཉན་ཐོས་དགྲ་བཅོམ་གྱི་སྤངས་པ་རྫོགས་པའི་ཕྱིར། དེ་ལྟ་ན་ཡང་ལས་ཉོན་སྔ་མས་འཕངས་པའི་ཕུང་པོ་མ་དོར་བ་དེ་སྲིད་དུ། དེས་རྒ་བ་དང༌། ན་བ་དང་འཆི་བའི་སྡུག་བསྔལ་ཕྱི་མ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཀྱང་སྔ་མ་དང་བྲལ་བ་ནི་མ་ཡིན་པས། ཕུང་པོ་དང༌། འཆི་བདག་གི་བདུད་གཉིས་དང་བྲལ་བར་ནི་མི་བརྗོད་དོ། །ཐེག་ཆེན་གྱི་སྦྱོར་ལམ་ནས་ལྷའི་བུའི་བདུད་བཅོམ་པའི་ཤེས་བྱེད་དུ་དཀོན་མཆོག་མངོན་པར་རྟོགས་པ་ཐོབ་པའི་ཕྱིར་ཞེས་གསུང་པ་ཡང༌། དགོངས་པ་སྔ་མ་ལྟར་ཡིན་མོད། ཆགས་བྲལ་སྔོན་དུ་མ་སོང་ན་བཤད་དཀའ་བ་ཡིན་ཏེ། དྲོད་རྩེ་གཉིས་ཀྱི་རྗེས་ཐོབ་ཏུ་ཐར་བར་བསྔོས་པའི་དགེ་བ་འདོད་པའི་ཉོན་མོངས་ཀྱིས་གཞན་དུ་གཡོ་ནུས་པའི་ཕྱིར་དང༌། བདུད་དེ་འཇོམས་པ་ལ་དེ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ཞིག་ཡོད་པར་ཁས་བླངས་ན་ལེགས་པའི་ཕྱིར། དམན་ལམ་སྔོན་དུ་མ་སོང་བའི་ས་བརྒྱད་པ་ནས་ཕུང་པོའི་བདུད་བཅོམ་པའི་ཤེས་བྱེད་དུ། རྣམ་པར་གྲོལ་བའི་སྐུ་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་ཕྱིར། ཞེས་འཆད་པ་དེ་ཡང༌། དཔྱད་ན་འཆད་དཀའ་བ་ཡིན་ཏེ། རྣམ་པར་གྲོལ་བའི་སྐུ་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་ལ་སྐྲག་པ་སྤངས་པའི་ཆ་དང༌། ཡོན་ཏན་རྫོགས་པའི་ཆ་གཉིས་ཡོད་པ་ལས། དང་པོའི་དབང་དུ་བྱས་པ་དེ་ཡིན་པར་རྒྱུད་བླ་མ་ལས་བཤད་ལ། ས་བརྒྱད་པ་ནས་དེ་མངོན་དུ་བྱེད་པའི་ནུས་པ་ཡོད་པའི་ཤེས་བྱེད་ཀྱང༌། དེ་ནས་ཆོས་ཉིད་ལ་དུས་རྟག་ཏུ་མཉམ་པར་འཇོག་པའི་ནུས་པ་ཡོད་པའི་རྒྱུ་མཚན་གྱིས། རྫོགས་སྨིན་སྦྱངས་གསུམ་མ་བྱས་པའི་གོང་དུ་སྐུ་དེ་མངོན་དུ་བྱེད་པའི་ནུས་པ་ཡོད་པ་ལ་འཆད་དགོས་པ་ཡིན་ལ། དེ་ཙམ་གྱིས་དེས་དེ་སྤངས་པར་འཇོག་ན་དེ་འདྲ་དེ་ཤེས་སྒྲིབ་སྤངས་པའི་ཤེས་བྱེད་དུ་ཡང་མཚུངས་པ་དང༌། རྣམ་གྲོལ་གྱི་སྐུ་མངོན་དུ་བྱེད་པའི་ནུས་པ་མ་ཐོབ་པ་དེ་སྲིད་དུ་ཕུང་པོའི་བདུད་མ་སྤངས་ན། ལྷག་མེད་ཀྱི་མྱང་འདས་ཐོབ་པ་ཙམ་གྱིས་དེ་བཅོམ་པར་ཁས་བླངས་པ་དང་ཡང་འགལ་ཞིང༌། ཕུང་པོའི་བདུད་ཅེས་བྱ་བ་རྣམ་གྲོལ་གྱི་སྐུ་མངོན་དུ་བྱེད་པ་ལ་གེགས་བྱེད་ཀྱི་བདུད་ཉིད་དུ་ཁས་ལེན་དགོས་པར་འགྱུར་རོ། །དེ་ཡང་དེ་ལྟ་ན་ནི་དམན་པའི་ལྷག་མེད་ཀྱི་ཚེ་རྣམ་གྲོལ་གྱི་སྐུ་མངོན་དུ་བྱས་པར་ཐལ་ལོ། །ཡང་གཞན་དག་བདུད་བཞི་མ་ལུས་པར་བཅོམ་པ་དང་སངས་རྒྱས་པ་དུས་མཉམ་མོ་ཞེས་འཆད་པ་དེའི་ལྟར་ན། དེའི་གནས་ངན་ལེན་ལ་བསམ་པ་ཡིན་ན་ནི་སྤངས་པའི་ས་མཚམས་དེ་ལྟར་ཡིན་ཀྱང༌། བདུད་དེ་དང་དེའི་གནས་ངན་ལེན་དེ་དང་དེར་ཁས་ལེན་དགོས་པར་འགྱུར་བས་མི་རིགས་སོ། །ཡང་བག་ལ་ཉལ་གྱི་ཉོན་སྒྲིབ་ཉོན་མོངས་པའི་བདུད་ཡིན་པ་དང༌། བག་ལ་ཉལ་དེའི་རྒྱུ་མཐུན་གྱི་འབྲས་བུར་གྱུར་པའི་ཕུང་པོ་ཕུང་པོའི་བདུད་ཡིན་པ་ལ་བསམ་ནས་འཆད་པ་ཡིན་ན་ནི། དམན་པའི་ལམ་ལ་ལྟོས་ན་དེ་ལྟར་རིགས་ཤིང༌། དམན་པའི་དགྲ་བཅོམ་པས་དེ་སྤངས་པ་ཡིན་མོད། བྱང་སེམས་འཕགས་པའི་དབང་དུ་བྱས་ན་དེ་བདུད་དུ་མི་རིགས་ཏེ། རྫོགས་པའི་བྱང་ཆུབ་ཀྱི་གེགས་མ་ཡིན་པའི་ཕྱིར་དང༌། རྒྱུ་ལམ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། གལ་ཏེ་མ་རིག་བག་ཆགས་ཀྱི་དབང་གིས་ལུས་བླངས་ནས། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ལ་བསམས་ནས་སྤངས་པའི་ས་མཚམས་དེ་ལྟར་འཛིན་པ་ཡིན་ན་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སུ་དེ་ལ་འཆི་བདུད་ཀྱི་སྒྲས་བསྟན་པ་ཡོད་ཀྱང༌། འཆི་བདུད་དངོས་མ་ཡིན་ཏེ། བདུད་བཞིའི་ཟླས་དྲངས་པའི་འཆི་བ་དེ་མ་ཡིན་པའི་ཕྱིར། དེ་དེ་ཡིན་ན་ནི། མ་རིག་པའི་བག་ཆགས་དང༌། ཟག་མེད་ཀྱི་ལས་གཉིས་པོ་ཉོན་མོངས་པའི་བདུད་དང༌། དེ་ལས་བྱུང་བའི་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་ཡང་ཕུང་པོའི་བདུད་ཉིད་དུ་ཐལ་པར་འགྱུར་རོ། །འོ་ན་ཅི་ཞེ་ན། སངས་རྒྱས་ཀྱི་སྐུ་རྟག་བརྟན་ཞི་བ་གཡུང་དྲུང་དུ་འཆད་པའི་ལོག་ཕྱོགས་རྣམ་པ་བཞི་ཡོད་པ་ལས། གཡུང་དྲུང་གི་སྐུའི་ལོག་ཕྱོགས་ལ་འཆི་བདུད་དང༌། གཡུང་དྲུང་གི་སྐུ་ཉིད་ལ་འཆི་བ་མེད་པའི་གོ་འཕང་ཞེས་འཇོག་པ་ཡིན་ཏེ། ཇི་སྐད་དུ། འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་རྒྱུ་བ་མེད་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །སྤྱིར་ངོས་འཛིན་དང་བཅོམ་ཚུལ་དེ་ལྟར་ཡིན་ཀྱང་འདིར་སྐབས་སུ་བབ་པ་ནི་དེའི་གནས་ངན་ལེན་གྱི་དབང་དུ་བྱས་པ་ཡིན་ཏེ། སངས་རྒྱས་ཀྱི་སར་དེའི་བཅོམ་ཚུལ་འཆད་པ་སྐབས་སུ་བབ་པའི་ཕྱིར། དེ་སྐད་དུ་ཡང༌། བར་ཆད་ཀྱི་ཆོས་ལས་ཡང་དག་པར་རྒལ་བས་ལྷ་ལ་སོགས་པའི་བདུད་ལས་འདས་ཞེས་གསུངས་སོ། །རྣམ་མང་ལུང་དགེས་སྒྱུ་འཕྲུལ་མཁན་གང་གིས། །རྣམ་ཀུན་རྫོགས་པའི་ཡ་མཚན་ཅི་ཡང་སྤྲུལ། །རྣམ་བཀྲའི་ཆོས་ཀྱི་ངོ་མཚར་ཅི་མཆིས་པ། །རྣམ་མཁྱེན་ཆོས་ཀྱི་རྒྱལ་པོའི་དོན་དུ་བསྔོ། །ཅེས་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལུང་ཆོས་སྤྱིའི་སྙིང་པོ་བསྡུས་པ་ཞེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་ལེའུ་སྟེ་བཞི་པའོ།།  །།གཉིས་པ་དབང་ཐོབ་པའི་ཚུལ་གྱིས་སྒོམ་པ་རྩེ་མོའི་སྦྱོར་བ་ལ་གཉིས་ཏེ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ་དང༌། བསྟན་བཅོས་ལས་འབྱུང་བའི་དཀའ་བའི་གནས་རྣམས་རྒྱས་པར་བཤད་པའོ། །དང་པོ་ནི། གོང་དུ། དེའི་རྟགས་དང་ཞེས་པའི་མདོ་ལ་འཕྲོས་ནས། བཀའ་སྩལ་པ། རབ་འབྱོར་བྱང་ཆེན་རྨི་ལམ་ན་ཡང་ཆོས་ཐམས་ཅད་སྒྲ་བརྙན་དང༌། མིག་ཡོར་དང༌། སྤྲུལ་པ་དང༌། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་བལྟ་ཡང༌། མངོན་དུ་མི་བྱེད་ན་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་སོགས་མདོ་ཚན་བཅུ་གཉིས་ཀྱིས་ནི་རྟགས་ཀྱི་རྩེ་སྦྱོར་བསྟན་ནོ། །དེ་ནས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སེམས་ཅན་དེ་དག་སངས་རྒྱས་སུ་གྱུར་པ་ལ། གང་ལ་ལ་ཞིག་གིས་རིམ་གྲོར་བྱས་ཤིང༌། དགེ་བ་རྫོགས་བྱང་དུ་བསྔོ་བ་དང༌། ཡང་གང་ལ་ལ་ཞིག་གིས་དེ་དག་རྫོགས་པའི་བྱང་ཆུབ་ལ་བཀོད་ན། དེའི་རྒྱུས་བསོད་ནམས་འཕེལ་བ་ལ་དཔེར་བྱས་ནས། དེ་བས་ཀྱང་གང་ལ་ལ་ཞིག་གིས་ཡུམ་འདི་གཞན་ལ་སྟོན་པ་དང༌། འཆད་པ་དང༌། ཡང་དག་པར་སྟོན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཞེས་པས་ནི་རྣམ་འཕེལ་གྱི་རྩེ་སྦྱོར་བསྟན་ནོ། །དེ་ནས་ལྷའི་དབང་པོས་མེ་ཏོག་མན་དར་བ་མང་པོས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ནས། དགེ་བའི་རྩ་བ་འདིས། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག ཞེས་སོགས་ཀྱིས་ནི་ངེས་པར་བརྟན་པའི་རྩེ་སྦྱོར་བསྟན་ནོ། །དེ་ནས་བརྒྱ་བྱིན་གྱིས་སེམས་དཔའ་བཞིའི་སེམས་བསྐྱེད་ལ་རྗེས་སུ་ཡི་རང་བར་བགྱིད་ན་བསོད་ནམས་ཇི་ཙམ་དུ་འཕེལ། དྲིས་པའི་ལན་གྱིས་ནི་སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་བསྟན་ནོ། །དེ་ལ་འཕྲོས་ནས། བཀའ་སྩལ་པ། དེ་དག་གིས་ནི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང༌། གཉིས་སུ་མེད་པའི་འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་བསྔོ་བར་བྱའོ། །ཞེས་སོགས་བསྟན་བཤད་གཉིས་ཀྱི་སྒོ་ནས་མཐོང་སྤང་རྟོག་པ་བཞི་གསུངས་སོ། །དེ་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་མེ་ཏོག་མན་དྷ་ར་བ་མང་པོ་ཐོགས་ནས། བཅོམ་ལྡན་འདས་ལ་མངོན་པར་གཏོར་རོ། །ཞེས་སོགས་མདོ་ཚན་གསུམ་གྱིས་ནི་བྱང་ཆུབ་ཆེན་པོའི་རྒྱུ་བསྟན་ནོ། །དེ་ནས་བཀལ་སྩལ་པ། ཀུན་དགའ་བོ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡུམ་འདི་ལས་བྱུང་ཀྱང་ཟད་པ་མེད་དོ། །ཞེས་སོགས་ཀྱིས་ནི་བྱང་ཆུབ་ཆེན་པོ་བསྟན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། ཇི་ལྟར་ན་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ཞེས་སོགས་དྲིས་པའི་ལན་གྱིས་ནི་མཐོང་ལམ་རྩེ་སྦྱོར་བསྟན་ནོ། །སྐབས་དེར་ཕྱིན་དྲུག་རེ་རེའི་ནང་དུ་གཞན་ལྔ་པོ་ཚང་བར་གསུངས་པ་ལ་འཕྲོས་ནས། ཤེས་ཕྱིན་གྱི་ནང་དུ་བསམ་གཏན་ཚང་ཚུལ་དྲིས་པའི་ལན་དུ། བཀའ་སྩལ་པ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང༌། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཏིང་ངེ་འཛིན་དེ་ལ་གནས་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་མཐུན་པ་དང་མི་མཐུན་པ་ལ་སོ་སོར་རྟོག་གོ །ཞེས་སོགས་ཀྱིས་མཉམ་གཞག་སེང་གེ་རྣམ་བསྒྱིང་དང་རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་གཉིས་བསྟན་ནོ། །འདི་གཉིས་ཀ་མཐོང་ལམ་དུ་མི་རུང་བས་མཐོང་ལམ་རྩེ་སྦྱོར་དུ་མི་གཏོགས་ཀྱང་མཐོང་ལམ་རྩེ་སྦྱོར་གྱི་ཁྱད་པར་གྱི་ལམ་ཡིན་པས་དེའི་སྡེ་ཚན་དུ་བསྡུས་པའོ། །འོ་ན་འདི་སྒོམ་ལམ་རྩེ་སྦྱོར་དངོས་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདིའི་དུས་སུ་སྒོམ་ལམ་རྩེ་སྦྱོར་གྱི་སྦྱོར་བ་ཉེར་བསྡོགས་མ་སྐྱེས་ཤིང༌། སྒོམ་སྤང་རྟོག་པའི་གཉེན་པོ་ཡང་མ་ཐོབ་པའི་ཕྱིར་རོ། །འོ་ན་ཅི་འདིའི་རྗེས་ཐོབ་མཐོང་ལམ་དུ་མི་འཇོག་པ་བདེན་མོད། མཉམ་གཞག་སེང་གེ་རྣམ་བསྒྱིངས་མཐོང་ལམ་རྩེ་སྦྱོར་དུ་མི་རུང་བ་ཅི་ཞེ་ན། དེའི་ཤེས་བྱེད་ནི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་རང་གི་ཉེར་ལེན་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་བསམ་གཏན་ས་དྲུག་པོ་གང་ལ་བརྟེན་པ་དེ་ཁོ་ན་ལ་བརྟན་གྱི། ས་གཞན་དུ་དབང་པོ་འཕོ་བའི་ལོང་མེད་པའོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། ཞེས་དྲིས་པའི་ལན་གྱིས་ནི་སྒོམ་ལམ་གྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་དེ་བསྟན་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཡིན་དྲིས་པའི་ལན་དུ། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བའི་ཡར་སོང་གཅིག་དང༌། བརྒྱད་ལ་འགོག་པ་སྤེལ་ནས་སྙོམས་པར་འཇུག་པ་གཅིག་དང༌། དགུ་ལ་འདོད་སེམས་སྤེལ་ནས་སྙོམས་པར་འཇུག་པ་ཞིག་སྟེ། གསུམ་གསུངས་པས་ནི་དངོས་གཞི་ཐོད་རྒལ་བཤད་པ་ཡིན་ནོ། །དེ་དག་ལས་སྦྱོར་བ་སྡུད་བྱེད་ཀྱི་གཞུང་ནི། འགོག་དང་ཞེས་སོགས་རྐང་པ་གཉིས་ཡིན་ལ། འདོད་པར་གཏོགས་པའི་ཞེས་སོགས་རྐང་པ་གཉིས་ཀྱིས་ནི་སྦྱོར་དངོས་གཉིས་ཀྱི་བར་དང༌། དངོས་གཞི་གསུམ་པོ་སོ་སོའི་བར་དུ་ཡང་འདོད་སེམས་རེ་རེས་བར་དུ་ཆོད་དགོས་པ་ནི་རྩ་བས་མདོའི་དགོངས་པ་བླངས་པ་ཡིན་ལ། འགྲེལ་པས་ནི་མདོའི་སྒྲ་ཇི་བཞིན་པ་དེ་ཉིད་བཤད་དོ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །ཞེས་སོགས་ཀྱིས་ནི་དངོས་གཞི་གསུམ་བསྟན་ལ། དེ་ཡང་རྐང་པ་དང་པོས་དངོས་གཞི་ཆུང་ངུ་དང༌། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པས་འབྲིང་དང༌། གཅིག་དང་གཉིས་གསུམ་སོགས་རྐང་པ་གཉིས་ཀྱིས་ནི་ཆེན་པོ་བསྟན་ནོ། །འདིས་འབྲིང་པོ་ཁོ་ན་བསྟན་པ་མ་ཡིན་ཏེ། དེའི་སྐབས་སུ་ནི་བརྒྱད་རྒལ་རྒྱུ་མེད་པའི་ཕྱིར། དེ་ལྟར་ན་དྲུག་ཚན་དྲུག་གི་ནང་ན་ཡོད་པའི་ཤེས་ཕྱིན་གྱི་བསམ་གཏན་དེ་ནི་གནས་ཚུལ་ལ་སྒོམ་ལམ་ཁོ་ནར་ངེས་ལ། གཞུང་དུ་བསྟན་ཚུལ་ནི་མཐོང་རྩེའི་ཁྱད་པར་གྱི་ལམ་དང༌། སྒོམ་ལམ་གྱི་སྦྱོར་དངོས་གཉིས་ཏེ། གསུམ་དུ་བསྡུས་ནས་བཤད་དོ། །དེ་ལྟར་དྲུག་ཚན་དྲུག་སྟོན་པའི་མདོ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། དེ་བཞིན་གཤེགས་པས་ཆོས་འདི་དག་གི་མདོ་དང་རྒྱས་པ་བསྟན་ན་དེ་ལ་བྱང་ཆེན་འཚང་རྒྱ་བར་འཚལ་བས། ཕར་ཕྱིན་དྲུག་པོ་འདི་དག་གི་མདོ་དང་རྒྱས་པ་ཀུན་ཆུབ་པར་བགྱིའོ། །དེ་ནས་གོམས་པར་བགྱིའོ། །དེ་ནས་ཡིད་ཀྱིས་རྟོག་པར་བགྱིའོ། །དེ་ནས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་བགྱིའོ། །ཞེས་སོགས་ཀྱིས་ནི་སྒོམ་སྤང་དུ་གྱུར་པའི་རྟོག་པ་བཞི་བཤད་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུས་ལྗང་བུ་བསྐྱེད་པར་འདོད་པ་རྩ་བ་དང་ཡལ་ག་དང་སྡོང་བུ་དང་འབྲས་བུ་མ་དམིགས་པར་དུས་དུས་སུ་ཆུས་བྲན་ཞིང༌། རིམ་གྱིས་ཡལ་ག་ལ་སོགས་པ་ཕུན་སུམ་ཚོགས་པར་འགྱུར་བ་དེ་བཞིན་དུ་བྱང་ཆེན་ཕྱིན་དྲུག་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་སོགས་ཀྱིས་ནི་རྟེན་པ་ཡོན་ཏན་བཤད་དོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་ཆེན་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འཚལ་བ་དེའི་བསོད་ནམས་ཅི་ཙམ་ཞིག་ཏུ་འཕེལ་བར་འགྱུར། ཞེས་ཞུས་པའི་ལན་གྱིས་ནི་བར་ཆད་མེད་པའི་རྩེ་སྦྱོར་གསུངས་སོ། །གསོལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ཇི་ལྟ་བུ། དམིགས་པ་ཇི་ལྟ་བུ། དབང་བསྒྱུར་བ་ཅི་ལྟ་བུ། རྣམ་པ་དང་མཚན་ཉིད་ཇི་ལྟ་བུ་ཞིག་མཆིས། ཞེས་ཞུས་པའི་ལན་གྱིས་ནི། རྒྱུ་བར་ཆད་མེད་རྩེ་དང༌། འབྲས་བུ་རྣམ་མཁྱེན་གཉིས་ཀའི་རྐྱེན་གསུམ་བཤད་དོ། །ཡང་གསོལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། ཞེས་ཞུས་པའི་ལན་དུ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པར་བསྟན་པ་ལ་རྒོལ་བ་བཅུ་དྲུག་ལན་དང་བཅས་པས་ནི་བསལ་བྱ་ལོག་སྒྲུབ་སེལ་བྱེད་ཀྱི་གཉེན་པོ་བཅུ་དྲུག་དང་བཅས་པ་བསྟན་ནོ། །སྐབས་འདིའི་རྒལ་ལན་གྱི་དོན་ནི། ལྟ་བའི་དབང་དུ་བྱས་ནས་ཆོས་ཐམས་ཅད་ངོ་བོས་སྟོང་པར་བཤད་པ་ལ། སྒོམ་པ་དང་སྤྱོད་པ་མི་ཐད་པར་ཐལ་ལོ། །ཞེས་རྒོལ་བ་ཡིན་ལ། འདི་ལ་ནི་དོན་དམ་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པའི་ཀླན་ཀ་ཞེས་བྱ་ལ། ཀླན་ཀ་དེ་ནི་བདེན་གཉིས་རྣམ་འབྱེད་ཀྱི་རིགས་པས་སེལ་ནུས་པ་ཡིན་ཏེ། ལྟ་བ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རབ་ཏུ་ཕྱེ་བ་ཡིན་ལ། སྒོམ་པ་དང་སྤྱོད་པ་ནི་ཐ་སྙད་ཀྱི་བདེན་པ་ཁས་བླངས་པ་ལས་བཞག་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྩེ་སྦྱོར་གྱི་མཚན་ཉིད་དང༌། མཚན་གཞི་ངོས་བཟུང་བ་དང༌། དེ་སྟོན་བྱེད་ཀྱི་གཞུང་སོ་སོའི་དཀའ་བའི་གནས་རྣམས་བཤད་པའོ། །དང་པོ་ལ་མཚན་ཉིད་ནི། མཁྱེན་གསུམ་གྱི་རྣམ་པ་རྣམས་བསྡུས་སྒོམ་རབ་ཏུ་གྱུར་པའི་བྱང་སེམས་ཀྱི་རྣལ་འབྱོར་རོ། །རབ་ཏུ་གྱུར་པའི་དོན་ནི་མི་མཐུན་ཕྱོགས་ཀྱི་སྤོང་གཉེན་དུ་གྱུར་པ་ལ་བྱ་བ་ཡིན་ཏེ། རྣམ་ཀུན་གྱི་སྦྱོར་བ་ཙམ་དུ་འཇོག་པ་ལ་དེར་གྱུར་པ་མི་དགོས་པའི་ཕྱིར། དཔེར་ན་ཚོགས་ལམ་དང༌། སྒོམ་ལམ་རྗེས་ཐོབ་ཀྱི་རྣམ་ཀུན་བཞིན་ནོ། །མི་མཐུན་པའི་ཕྱོགས་ནི་གསུམ་སྟེ། མཐོང་སྤང་དང༌། སྒོམ་སྤང་དང༌། དེ་གཉིས་ཀའི་གནས་ངན་ལེན་ནོ། །དེའི་གཉེན་པོ་ཡང་གསུམ་སྟེ། མཐོང་ལམ་རྩེ་སྦྱོར་དང༌། བསྒོམ་ལམ་དང༌། བར་ཆད་མེད་རྩེའོ། །དེ་གསུམ་ཀ་ལ་སྦྱོར་འཇུག་གཉིས་གཉིས་སུ་དབྱེ་དགོས་པ་ཡིན་ཏེ། དང་པོ་གཉིས་ལ་དེར་འབྱེད་པ་ནི་རྒྱན་རྩ་འགྲེལ་དུ་གསལ་ཞིང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་དེར་འབྱེད་པ་ནི་མངོན་པ་ཀུན་ལས་བཏུས་སུ་གསལ་བ་ལྟར། འདིར་ཡང་ཁས་ལེན་པ་རིགས་པས་འཐོབ་པའི་ཕྱིར། དེ་དག་ལས་མཐོང་ལམ་དང་བར་ཆད་མེད་རྩེའི་སྦྱོར་བ་གཉིས་ནི་དེ་དང་དེ་དངོས་མ་ཡིན་ལ། བསྒོམ་ལམ་གྱི་དེ་ནི་སྒོམ་རྩེ་དངོས་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་རོ། །མཐོང་བསྒོམ་གཉིས་ཀྱི་སྦྱོར་བ་ལ་ཡང་གཉིས་ཏེ། གཉིས་ཀའི་ཐུན་མོང་གི་དང༌། སོ་སོའི་སྦྱོར་བའོ། །དང་པོ་ནི། བྱང་སེམས་ཀྱི་ངེས་འབྱེད་ཆ་བཞི་ཀའི་མཉམ་གཞག་རྣམས་ཏེ། ཇི་སྐད་དུ། མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་བར་འབྱུང་བ། ཞེས་འབྱུང་བས་སོ། །གཉིས་པ་ལ། མཐོང་ལམ་གྱི་དང༌། སྒོམ་ལམ་གྱི་སྦྱོར་བའོ། །དང་པོ་ནི། རྒྱན་རྩ་འགྲེལ་ན་དེའི་ངོས་འཛིན་གསལ་བར་མི་བཞུགས་ཀྱང༌། བྱང་སེམས་ཀྱི་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་ལ་དེར་འཆད་དགོས་པ་ཡིན་ཏེ། མཐོང་སྤང་རྟོག་པའི་ས་བོན་གྱི་སྤོང་གཉེན་གང་ཞིག དེའི་ས་བོན་དྲུངས་འབྱིན་པར་ནུས་པའི་ཡེ་ཤེས་དངོས་སུ་འདྲེན་པས་སོ། །གཉིས་པ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་པའི་སྐབས་ནས་བསྟན་པའི་སེང་གེ་རྣམ་བསྒྱིངས་ལ་དེར་འཆད་དགོས་པ་ཡིན་ཏེ། གཞུང་ལས་གསལ་བར་བཤད་ཅིང༌། དེའི་མཚན་ཉིད་ཀྱང་ཚང་བའི་ཕྱིར་རོ། །གསུམ་པའི་སྦྱོར་བ་ནི། རྒྱུན་མཐའི་སྔ་ལོགས་སུ་བྱུང་བའི་སྐྱེ་མེད་གསུམ་གྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་ལ་བཤད་ན་ལེགས་པ་ཡིན་ཏེ། ཇི་སྐད་དུ། དྲན་པ་བདག་པོའི་རྐྱེན་དང་ནི། །ཞེས་འབྱུང་བའི་ཕྱིར་དང༌། གནས་ངན་ལེན་གྱི་དྲི་མའི་སྤོང་གཉེན་གང་ཞིག རྒྱུན་མཐའི་ཡེ་ཤེས་དངོས་སུ་འདྲེན་བྱེད་ཡིན་པས་སོ། །འདིའི་སྦྱོར་དངོས་གཉིས་ཀ་སྒོམ་ལམ་རྩེ་སྦྱོར་དུ་མི་བཞག་སྟེ། འདིའི་དུས་སུ་སྒོམ་སྤང་གི་རྟོག་པ་བརྒྱ་རྩ་བརྒྱད་སྤངས་ཟིན་པའི་ཕྱིར་ཏེ། དེ་སྤངས་པ་དང་བརྟེན་པ་ཡོན་ཏན་མངོན་དུ་བྱེད་པ་དུས་མཉམ་ལ། འདི་ནི་དེའི་ཡང་རྗེས་ལ་འབྱུང་བར་གསུངས་བས་སོ། །དེ་ལྟར་ན་མཐོང་རྩེ་སྒོམ་རྩེ་བར་མེད་པའི་རྩེ་སྦྱོར་གསུམ་ལ་ལྟོས་པའི་ལམ་བཞི་བཞི་འཆད་དགོས་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱི་སྤང་བྱ་དྲུངས་འབྱིན་པར་བྱེད་པ་དང༌། ཕྱུང་ཟིན་པའི་གནས་སྐབས་ལ་ལྟོས་ནས་སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་དང༌། རྣམ་པར་གྲོལ་བའི་དང་ཁྱད་པར་གྱི་ལམ་བཞི་བཞི་འབྱུང་བར་ཆོས་མངོན་པ་ལས་གསུངས་པ་ལྟར་འདིར་ཡང་དོན་གྱི་ཐོབ་པའི་ཕྱིར། དང་པོ་གཉིས་ཀྱི་དབང་དུ་བྱས་པའི་ལམ་དང་པོ་གཉིས་ནི་བཤད་མ་ཐག་པ་དེ་དང་དེ་ཡིན་ལ། རྣམ་པར་གྲོལ་བའི་ལམ་ནི་གཞུང་རྩ་བར་མི་གསལ་ཡང༌། འགྲེལ་པར་ངོ་སྐལ་གྱི་ཤེས་སྒྲིབ་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང༌། ཉོན་མོངས་ཀྱི་བག་ཆགས་བརྒྱ་རྩ་བརྒྱད་སྤངས་པ་དུས་མཉམ་པར་བཤད་པའི་གཞུང་གིས་སྟོན་ལ། ཁྱད་པར་གྱི་ལམ་ནི། སེང་གེ་རྣམ་བསྒྱིངས་ཀྱི་མཉམ་རྗེས་གཉིས་དང༌། བརྟེན་པ་ཡོན་ཏན་རྣམས་ཀྱིས་སོ་སོར་སྟོན་ནོ། །དེ་ལྟར་བཤད་པ་ན། སྦྱོར་ལམ་རྩེ་སྦྱོར་ལ་ལམ་བཞི་པོ་ཚང་བར་འཆད་རྒྱུ་མེད་པའི་ཕྱིར། རྩེ་སྦྱོར་དངོས་མ་ཡིན་པར་ཐལ་ལོ། །སྙམ་དུ་མི་བསམ་སྟེ། དེའི་མཚན་ཉིད་ཚང་བའི་ཕྱིར་དང༌།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*