མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྤྱིའི་དོན་ཉེར་མཁོ་བསྡུས་པ། ང ༽

བར་ཆད་མེད་ལམ་གྱི་ངོ་བོ་རྒྱུ་འབྲས་ལ་ལྟོས་ནས་ལམ་བཞིར་ཕྱེ་བ་ཡིན་གྱི། རྩེ་སྦྱོར་ཙམ་ལ་དེ་ལྟར་ཕྱེ་དགོས་པ་མ་ཡིན་པའི་ཕྱིར། དེ་ལྟར་བཞི་ལས། དང་པོ་སྦྱོར་ལམ་རྩེ་སྦྱོར་གྱི་མིང་ནི། མཐོང་སྒོམ་ལམ་གྱི་སྤང་བྱ་རྟོག་པ་བཞི་པོ་གང་རུང་གི་ས་བོན་མནོན་པའི་སྤོང་གཉེན་དུ་གྱུར་པའི་ངེས་འབྱེད་ཆ་མཐུན་ནོ། །མཚན་གཞི་ནི། ཐེག་ཆེན་གྱི་ངེས་འབྱེད་ཆ་བཞིའི་མཉམ་གཞག་ཁོ་ནའོ། །མདོ་ལས་བསྟན་ཚུལ་ནི་རྗེས་ཐོབ་ཀྱི་ཆ་ནས་བཤད་པ་ཡིན་ཏེ། རྟགས་དང་རྣམ་འཕེལ་ལ་སོགས་པ་མཚོན་གྱི་ཆོས་ཀྱི་སྒོ་ནས་བཤད་པའི་ཕྱིར་རོ། །དེ་ཡང་དྲོད་ཀྱི་རྩེ་སྦྱོར་མཉམ་གཞག་ཏུ་ཐོབ་པ་ན་རྗེས་ཐོབ་ཏུ་རྟགས་བཅུ་གཉིས་པོ་འདི་ལྟར་འབྱུང་ངོ༌། །ཞེས་དང༌། མཉམ་གཞག་ཏུ་རྩེ་མོའི་ཡེ་ཤེས་བསྒོམས་པ་ལས་བསོད་ནམས་འདི་ལྟར་འཕེལ་ལོ་ཞེས་དང༌། མཉམ་གཞག་ཏུ་བཟོད་པའི་རྩེ་སྦྱོར་བསྒོམས་པ་ལས་རྗེས་ཐོབ་ཏུ་བསྔོ་བ་དང་སེམས་ཅན་གྱི་དོན་བྱེད་ཚུལ་འདི་ལྟར་འབྱུང་ངོ་ཞེས་དང༌། མཉམ་གཞག་ཏུ་ཆོས་མཆོག་གི་ཏིང་ངེ་འཛིན་བསྒོམས་པ་ལས་རྗེས་ཐོབ་ཏུ་བསོད་ནམས་མང་པོ་འབྱུང་བའི་ཚུལ་བཤད་པའི་སྒོ་ནས་བསྟན་པས་སོ། །གལ་ཏེ་མདོ་ལས་རྗེས་སུ་ཡི་རང་བསོད་ནམས་མང་བར་བསྟན་པ་མ་ཡིན་ནམ། ཏིང་ངེ་འཛིན་བསོད་ནམས་མང་བ་ཇི་ལྟར་བསྟན་ཞེ་ན། དེ་དེར་བསྟན་པས་ཅིག་ཤོས་ཀྱང་དེར་མཚོན་ནུས་པ་ཡིན་ཏེ། གཉིས་པོ་མཚུངས་ལྡན་དུ་འབྱུང་བའི་ཕྱིར་རོ། །དཔེར་ན་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་སྒོམ་ལམ་བཞིན་ནོ། །གཉིས་པ་མཐོང་ལམ་རྩེ་སྦྱོར་བཤད་པ་ལ་གསུམ་སྟེ། བྲལ་བྱ་རྟོག་པ་བཤད་པ་དང༌། བྲལ་འབྲས་བྱང་ཆེན་བཤད་པ་དང༌། བྲལ་བྱེད་མཐོང་ལམ་བར་ཆད་མེད་ལམ་བཤད་པའོ། །དང་པོ་ལ། སྤྱིར་རྟོག་པའི་ངོ་བོ་དང་དབྱེ་བ་བཤད་པ་དང༌། ལམ་གཉིས་ཀྱི་སྤང་བྱ་སོ་སོར་ཕྱེ་བའོ། །དང་པོ་ནི། རྒྱན་རྩ་འགྲེལ་དུ་བཤད་པའི་སྤང་བྱ་རྟོག་པ་ཇི་སྙེད་པ་ནི་སྒྲ་དོན་འཛིན་པའི་རྟོག་པ་ཡིན་ལ། དེ་ལ་ཡང་འདིར་བསྟན་རྟོག་པས་ཁྱབ་པ་ཡིན་ཞིང༌། དེ་ལའང་ཉོན་མོངས་པ་ཅན་ཡིན་མིན་གཉིས་ལས། ཕྱི་མ་འཆད་པ་སྐབས་སུ་བབ་པ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་རྟོག་པ་སྤང་བྱ་ཡིན་པ་ཤེས་བྱེད་ཀྱི་དཔེར་བཀོད་ནས་དེ་མ་ཡིན་པའི་རྟོག་པ་སྤང་བྱར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར། དེ་ལ་དབྱེ་ན། གཟུང་འཛིན་གྱི་རྟོག་པ་གཉིས་སུ་འབྱེད་དོ། །ཡུལ་ཐམས་ཅད་གཟུང་གཉིས་སུ་ངེས་པའི་ཕྱིར། ཡུལ་གཟུང་བ་ལའང་ཆོས་དང་གང་ཟག་གཉིས་སུ་ཡོད་ཅིང་ཆོས་ལའང་ཀུན་ནས་ཉོན་མོངས་ཀྱི་དང༌། རྣམ་བྱང་གི་ཆོས་གཉིས་ལས། གཉིས་པ་ལ་ཐེག་པ་ཆེན་པོའི་རྣམ་བྱང་དང༌། དམན་པའི་རྣམ་བྱང་གཉིས་ལས། དང་པོ་ལ་འཇུག་བྱར་ཞེན་པའི་བློ་ལ་ནི་འཇུག་པ་གཟུང་རྟོག་ཞེས་དང༌། གཉིས་པ་ལ་དམིགས་ནས་ལྡོག་བྱར་ཞེན་པའི་བློ་ནི་ལྡོག་པ་གཟུང་རྟོག་ཅེས་བྱའོ། །འདིར་ནི་དེ་ཉིད་འཆད་པ་སྐབས་སུ་བབ་པ་ཡིན་ཏེ། ཇི་སྐད་དུ། འཇུག་པ་དང་ནི་ལྡོག་པ་ལ། །རྣམ་རྟོག་ཅིས་བཤད་པའི་ཕྱིར་རོ། །ཡུལ་འཛིན་པ་ལའང་ཀུན་བྱང་གཉིས་སུ་ཡོད་མོད་ཀྱི། དེར་མི་འབྱེད་པར་གང་ཟག་དང་ཆོས་གཉིས་སུ་ཕྱེ་ནས་དེ་དང་དེར་བཏགས་པ་ཙམ་དུ་ཞེན་པའི་བློ་ནི་བཏགས་འཛིན་གྱི་རྟོག་པ་ཞེས་བྱའོ། །དེ་ལྟར་གཟུང་འཛིན་གྱི་རྟོག་པ་བཞི་པོ་དེ་དག་ལ་གོ་རིམ་བཞིན་དུ། འཇུག་ལྡོག་གི་གཟུང་རྟོག་དང༌། གང་ཟག་རྫས་འཛིན་གྱི་རྟོག་པ་དང༌། སྐྱེས་བུ་བཏགས་ཡོད་དུ་འཛིན་པའི་རྟོག་པ་ཞེས་བྱ་བའི་མིང་འདོགས་པ་ནི་མཐོང་སྤང་གི་དབང་དུ་བྱས་པ་ཡིན་གྱི། སྒོམ་སྤང་རྟོག་པ་ལའང་མིང་དེ་ལྟར་འདོགས་པ་ནི་མ་ཡིན་ཏེ། དེ་ལྟར་འདོགས་པ་ལ། ཤེས་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར། དང་པོ་ནི། འཕགས་སེང་གཉིས་ཀས་དེ་ལྟར་མ་བཤད་པའི་ཕྱིར་དང༌། སྒོམ་སྤང་གཟུང་རྟོག་གཉིས་ཀྱི་ཡུལ་མདོ་གཞུང་ནས་འབྱུང་བ་ལ་བརྟགས་ན་ཐེག་པ་ཆེ་ཆུང་གི་དབྱེ་བ་མཐོང་སྤང་གི་སྐབས་ཇི་ལྟ་བ་བཞིན་དུ་མི་རྙེད་པའི་ཕྱིར་དང༌། འཛིན་རྟོག་གཉིས་ཀྱི་མིང་གི་ཁྱད་པར་ཡང་སློབ་དཔོན་འཕགས་པས། གང་ཟག་ཏུ་གདགས་པ་དང༌། གདགས་པའི་རྒྱུ་ལ་རྟེན་པ་ཞེས་བཤད་ཀྱི། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པའི་མིང་གིས་མ་བཤད་པའི་ཕྱིར། གནོད་བྱེད་ནི། འཛིན་རྟོག་དང་པོ་རྫས་འཛིན་དུ་བཤད་ན་བདེན་འཛིན་དུ་འགྱུར་ལ། དེ་ལྟ་ན་ཐེག་ཆེན་སྒོམ་སྤང་དུ་གྱུར་པའི་འཛིན་རྟོག་དང་པོ་མེད་པར་འགྱུར་ཏེ། ཐེག་ཆེན་གྱི་མཐོང་ལམ་ནས་གང་ཟག་ལ་བདེན་འཛིན་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར། གང་ཟག་གི་བདག་ཏུ་འཛིན་པའི་རྟོག་པ་བཞིན་ནོ། །འོ་ན་སྒོམ་སྤང་དུ་གྱུར་པའི་རྟོག་པ་བཞི་པོ་འདི་དག་ལ་ཐ་སྙད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། དངོས་པོ་ཙམ་ལ་བརྟེན་པ་དང༌། རྣམ་བྱང་ལ་བརྟེན་པ་གཉིས་དང༌། གང་ཟག་ལ་བཏགས་པ་ཙམ་དུ་ཞེན་པ་དང༌། དེར་གདགས་པའི་རྒྱུ་ལ་བཏགས་པ་ཙམ་དུ་ཞེན་པ་ཞེས་བྱ་བའི་ཐ་སྙད་ཀྱིས་འདོགས་པར་སློབ་དཔོན་འཕགས་པས་བཤད་དོ། །གསུམ་པ་ལ་གསུམ་སྟེ། སྤྱིར་སྤང་བྱ་གཉིས་ཀྱི་ངོས་འཛིན། བཤད་མ་ཐག་པའི་སྒོམ་སྤང་རྟོག་པ་རྣམས་ཀྱི་དམིགས་བསལ་བྱེ་བྲག་ཏུ་བཤད་པ། རྫས་བཏགས་ཀྱི་རྟོག་པ་རྣམས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བཤད་པའི་དོན་བསམ་པའོ། །དང་པོ་ནི། སྤྱིར་རྟོག་པ་ཇི་སྙེད་པ་བདེན་པར་ཞེན་པའི་བློ་དང༌། བདེན་མེད་དུ་ཞེན་པའི་བློ་གཉིས་སུ་ཁ་ཚོན་ཆོད་ཅིང༌། བདེན་འཛིན་ལ་ཀུན་བཏགས་དང༌། ལྷན་སྐྱེས་གཉིས་ལས། དང་པོ་རྣམས་མཐོང་སྤང་ཁོ་ན་དང༌། ཕྱི་མ་སྒོམ་སྤང་ཁོ་ནའོ། །བདེན་མེད་དུ་ཞེན་པའི་རྟོག་པ་རྣམས་ལ་ནི་ལྷན་སྐྱེས་ཡོད་པ་མ་ཡིན་ཏེ། གྲུབ་པའི་མཐས་བཏགས་པ་ཁོ་ནར་ངེས་པའི་ཕྱིར། དེའི་ཕྱིར་སྒོམ་སྤང་རྟོག་པ་ལ་ལྷན་སྐྱེས་ཀྱིས་ཁྱབ་བོ་ཞེས་བྲག་ཆ་བཞིན་དུ་སྒྲོག་པ་དེ་ནི་འཁྲུལ་པ་ཡིན་ཏེ། དཔེར་ན་བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་སྟོང་ཉིད་ལ་མཚན་མར་འཛིན་པའི་བློ་བཞིན་ནོ། །འོ་ན་ཅི་བདེན་འཛིན་ལྷན་སྐྱེས་རྣམས་བསྒོམ་སྤང་ཁོ་ནར་ངེས་ན། ཐེག་ཆེན་འཕགས་པའི་རྒྱུད་ལ་འབྱུང་བ་ཞིག་གམ་ཞེ་ན། མ་ཡིན་ཏེ། དེས་ཆོས་ཐམས་ཅད་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །འོ་ན་མཐོང་སྤང་དུ་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ནི་སྒོམ་པའི་ལམ་ཁོ་ན་ལ་རག་ལས་པའི་ཕྱིར། དེ་བས་ན་མ་སྤངས་ཀྱང་མངོན་དུ་མི་འགྱུར་བ་ནི་མཐོང་སྤང་དུ་གྱུར་པའི་ཆོས་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་བཞིན་ནོ། །གཉིས་པ་ནི། སྐབས་ལྔ་པར་བཤད་པའི་རྟོག་པ་འདི་རྣམས་ནི་ཀུན་བཏགས་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། སངས་རྒྱས་པའི་གྲུབ་མཐས་བློ་ཁ་མ་བསྒྱུར་བའི་སེམས་ཅན་རྣམས་ལ་འདི་ནས་བཤད་པའི་རྟོག་པའི་ཡུལ་དེ་དང་དེ་དག་ལ་མཚན་མར་ཞེན་པའི་བློ་མི་འབྱུང་བའི་ཕྱིར། དཔེར་ན་ཆོས་བསྡུས་པ་ལ་དགའ་བའི་གདུལ་བྱ་ལ་ཆོས་མདོར་བསྡུས་པ་གསུངས་སོ། །སྙམ་དུ་ཞེན་པའི་བློ་བཞིན་ནོ། །དེ་ལྟ་ན་ཡང་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཙམ་གྱིས་དེའི་ས་བོན་སེལ་མི་ནུས་པ་ནི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་རྟོག་པ་མ་ཡིན་པའི་རྒྱུ་མཚན་ལས་ནི་མ་ཡིན་ཏེ། རྟོག་པ་ཀུན་བཏགས་གང་ཡིན་མཐོང་སྤང་དུ་མ་ངེས་པའི་རྒྱུ་མཚན་ལས་སོ། །དཔེར་ན་བདེན་མེད་དུ་ཞེན་པའི་རྟོག་པ་མ་དག་སའི་རྗེས་ཐོབ་ཏུ་འབྱུང་བ་བཞིན་ནོ། །དེ་ཡང་ཞིབ་མོར་བཤད་ན་བཏགས་འཛིན་གྱི་རྟོག་པ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་སུ་ཕྱེ་ནས་སྤང་བྱ་གཉིས་སུ་འཇོག་པ་མ་ཡིན་གྱི། མངོན་གྱུར་དང་དབང་ལྡན་གཉིས་སུ་ཕྱེ་ནས་སྤང་བྱ་གཉིས་སུ་ཕྱེ་ནས་འཇོག་པ་ཡིན་ཏེ། བཏགས་འཛིན་རྟོག་པ་མངོན་འགྱུར་གྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཅིང༌། དབང་ལྡན་གྱིས་དེ་མི་བྱེད་པའི་ཕྱིར། དང་པོའི་ཤེས་བྱེད་ཀྱི་གཏན་ཚིགས་ནི། ཆོས་ཉིད་མངོན་སུམ་དུ་མཐོང་ན་བདེན་མེད་དུ་ཞེན་པའི་སྤྲོས་པ་མངོན་གྱུར་པ་བཀག་པའི་སྒོ་ནས་མཐོང་དགོས་པའི་ཕྱིར། གཉིས་པའི་ཤེས་བྱེད་ཀྱི་དཔེ་ནི། བདེན་འཛིན་ལྷན་སྐྱེས་བག་ལ་ཉལ་གྱིས་བདེན་མེད་མངོན་སུམ་དུ་མཐོང་བ་ལ་གེགས་མི་བྱེད་པ་བཞིན་ནོ། །དེ་བས་ན་འདིར་བཤད་པའི་སྒོམ་སྤང་རྟོག་པ་རྣམས་ནི་བདེན་འཛིན་ལྷན་སྐྱེས་ལ་བྱ་བ་མ་ཡིན་ཏེ། མ་དག་སའི་རྗེས་ཐོབ་ཏུ་མངོན་དུ་གྱུར་པའི་མཚན་འཛིན་གྱི་རྟོག་པ་ལ་བཤད་ནས་དེ་དང་སྒོམ་ལམ་སྦྱོར་འཇུག་གཉིས་སྤང་གཉེན་དུ་སྦྱར་ནས་འཆད་པའི་ཕྱིར་རོ། །ཡང་ཅི་གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་ལམ་གཉིས་ཀྱི་སྦྱོར་བ་གཉིས་དང་སྤང་གཉེན་དུ་སྦྱོར་བ་དང༌། རྟོག་པ་ཕྱི་མ་གཉིས་ལམ་གཉིས་པོའི་བར་ཆད་མེད་ལམ་གཉིས་དང་སྤང་གཉེན་དུ་སྦྱོར་བ་མི་འཐད་དེ། ས་བོན་དྲུངས་འབྱིན་པའི་བྱ་བ་ནི་སྦྱོར་བའི་ལམ་གྱིས་བྱེད་པའི་ནུས་པ་མེད་ལ། དེ་མགོ་གནོན་པའི་དབང་དུ་བྱེད་ན་རྟོག་པ་བཞི་ཀ་དང་སྦྱོར་བའི་ལམ་སྤང་གཉེན་དུ་སྦྱོར་རིགས་པར་འགྱུར་ཏེ། དེ་དང་དེ་འཛིན་སྟངས་དངོས་སུ་འགལ་བས་ལྷན་ཅིག་ཏུ་མི་གནས་པའི་ཕྱིར་སྙམ་ན། ལན་ལ་གཉིས་ལས། རྣལ་འབྱོར་སྤྱོད་པ་པ་དག་གི་འཆད་ཚུལ་ལྟར་ན་གཟུང་རྟོག་གཉིས་པའི་གཉེན་པོ་མ་སྐྱེས་པའི་གོང་དུ་འཛིན་རྟོག་དང་པོའི་སྤོང་གཉེན་སྐྱེ་བ་མ་ཡིན་ཏེ། གཟུང་འཛིན་གྱི་རྟོག་པ་བཞི་པོ་རིམ་ཅན་ཁོ་ནར་སྤོང་དགོས་པའི་ཕྱིར་ཏེ། གཟུང་རྟོག་མ་སྤངས་པར་འཛིན་རྟོག་སྤོང་བ་ལ་མི་འཇུག་པའི་ཕྱིར། ངོ་བོ་ཉིད་མེད་པར་སྨྲ་བ་ལྟར་ན་གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་སྤང་སླ་བ་ཡིན་ཏེ། མི་མཐུན་པའི་ཕྱོགས་ཀྱི་རྟོག་པ་ཡིན་པའི་ཕྱིར། ཕྱི་མ་གཉིས་སྤང་དཀའ་བ་ཡིན་ཏེ། གཉེན་པོའི་ཕྱོགས་ཀྱི་རྟོག་པ་ཡིན་པའི་ཕྱིར། དེ་ལྟར་ན་ལམ་གཉིས་པོའི་སྦྱོར་བའི་ལམ་ནི་རྟོག་པ་དང་པོ་གཉིས་ཀྱི་སྤོང་གཉེན་དུ་བཞག་སྟེ། སྤྲོས་པ་ཕྱོགས་གཅིག་བཀག་ནས་བདེན་པར་མེད་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ཇི་སྐད་དུ། སྟོང་ཉིད་བག་ཆགས་གོམས་པ་ལས། །དངོས་པོའི་བག་ཆགས་ལྡོག་པར་འགྱུར། །ཞེས་བཤད་པ་ལྟར་རོ། །རྟོག་པ་ཕྱི་མ་གཉིས་དང་ལམ་གཉིས་པོའི་བར་ཆད་མེད་ལམ་སྤང་གཉེན་དུ་སྦྱོར་བར་རིགས་ཏེ། དེ་དག་ནི་སྤྲོས་པ་མཐའ་དག་བཀག་པས་སྤྲོས་མེད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟ་ན་ཡང་བཞི་ཀའི་ས་བོན་ནི་བར་ཆད་མེད་ལམ་གྱིས་སྤོང་དགོས་པ་ལ་ཁྱད་པར་མེད་དོ། །བྱེ་བྲག་ཏུ་སྒོམ་སྤང་འཛིན་རྟོག་དང་པོ་ནི་སྤང་སླ་བ་ཡིན་ཏེ། གང་ཟག་བཏགས་ཡོད་དུ་ཞེན་པའི་རྟོག་པ་ནི་ཐེག་དམན་ལ་ཡང་ཡོད་པས་རགས་པའི་ཕྱིར་དང་གང་ཟག་ཏུ་གདགས་པའི་རྒྱུ་བཏགས་ཡོད་དུ་ཞེན་པ་ནི་ཐེག་ཆེན་འཕགས་པ་ཁོ་ན་ལ་ཡོད་པས་ཕྲ་བའི་ཕྱིར། གསུམ་པ་ནི། ལམ་གཉིས་ཀྱི་སྤང་བྱར་གྱུར་པའི་རྫས་འཛིན་རྟོག་པ་ནི་སོ་སོ་སྐྱེ་བོ་ཁོ་ན་ལ་ཡོད་པ་དང༌། བཏགས་འཛིན་གྱི་རྟོག་པ་འཕགས་པ་ཁོ་ན་ལ་ཡོད་པར་བཤད་པ་དེ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླང་བར་བྱ་བ་ཡིན་ནམ་ཞེ་ན། ཐེག་པ་ཆེན་པོའི་སྐྱེ་འཕགས་གཉིས་ཀྱི་དབང་དུ་བྱས་ནས་དེ་དང་དེར་ངེས་པ་ཉིད་དུ་འཆད་དགོས་པ་ཡིན་ཏེ། སྤང་གཉེན་གཉིས་པོ་རྟེན་གཅིག་གི་དབང་དུ་བྱས་ནས་འཆད་དགོས་ཀྱི། རྒྱུད་མི་གཅིག་པ་སོ་སོ་ལ་ཡོད་པ་གཉིས་དེར་སྦྱོར་དུ་མི་རུང་བའི་ཕྱིར། དེ་ལྟར་ན་ཐེག་ཆེན་གྱི་ལམ་གཉིས་ཀྱི་སྤང་བྱར་གྱུར་པའི་རྫས་འཛིན་གྱི་རྟོག་པ་ནི་ཐེག་ཆེན་གྱི་སྐྱེ་འཕགས་གཉིས་ཀྱི་ནང་ནས་སོ་སྐྱེ་ཁོ་ནའི་རྟེན་ཅན་དུ་བཞག་སྟེ། ཐེག་ཆེན་གྱི་འཕགས་པ་ལ་རྟེན་པར་འགལ་བའི་ཕྱིར་ཏེ། དེས་བདེན་མེད་མངོན་སུམ་དུ་རྟོགས་པའི་རྒྱུ་མཚན་གྱིས་རྟག་པ་མཐའ་བཟུང་བའི་ཚུལ་གྱིས་ཀྱང་བདེན་འཛིན་མངོན་གྱུར་དུ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར། དེར་གྱུར་པའི་བཏགས་འཛིན་གྱི་རྟོག་པ་ནི་དེ་གཉིས་ཀྱི་ནང་ནས་ཐེག་ཆེན་གྱི་འཕགས་པ་ཁོ་ན་ལ་བཞག་སྟེ། དེ་ནི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་དབང་དུ་བྱས་པས་ཐེག་ཆེན་སོ་སྐྱེའི་རྟེན་ཅན་དུ་འགལ་བའི་ཕྱིར། འོ་ན་མཐོང་སྤང་དུ་གྱུར་པའི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཐེག་ཆེན་འཕགས་པ་ལ་ཇི་ལྟར་ཡོད་ཅེ་ན། དེ་ནི་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཁོ་ནར་ངེས་པའི་ཕྱིར་དེའི་རྒྱུད་ལ་སྐྱེས་པ་མི་སྲིད་དོ། །དེ་ལྟ་ན་ཡང་དེའི་རྟེན་གྱི་གང་ཟག་ནི་འཕགས་པ་ཁོ་ན་སྟེ། དེ་འདྲ་དེ་རྟག་པ་མཐར་བཟུང་བའི་ཚུལ་གྱིས་སྐྱེ་ན་འཕགས་པ་ཁོ་ན་ལ་སྐྱེ་བས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་བདེན་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་དྲངས་པའི་རྟོག་པ་ཡིན་དགོས་པའི་ཕྱིར། གལ་ཏེ་འོ་ན་ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཆོས་ལ་བདེན་འཛིན་དང༌། གང་ཟག་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་དེ། ལམ་གཉིས་པོའི་སྤང་བྱར་གྱུར་པའི་རྟོག་པ་མ་ཡིན་པར་ཐལ་ལོ་སྙམ་ན་ལེགས་པར་བརྟགས་ན་འདོད་པ་ཡིན་ཏེ། སྤྱིར་གཉེན་པོ་དེ་དང་དེ་མ་སྐྱེས་གོང་གི་ཉོན་མོངས་པ་དང་ལས་དང་རྣམ་པར་རྟོག་པ་གང་ཡིན་ཀྱང་དེ་དང་དེའི་སྤང་བྱར་མི་འཆད་པའི་ཕྱིར་ཏེ། ཇི་སྐད་དུ། རིགས་པ་མཁྱེན་པས། སྐྱེས་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེ་སྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །རང་གི་རིགས་པས་ཀྱང་འགྲུབ་སྟེ། གང་གིས་གང་མི་སྐྱེ་བའི་ཆོས་ཅན་དུ་བྱེད་ནུས་པ་དེ་དེའི་སྤང་བྱར་རིགས་ཀྱི། དེ་ལྟར་མི་ནུས་པ་དེ་ནི་དེའི་སྤང་བྱར་འགལ་བའི་ཕྱིར་རོ། །འོ་ན་མཐོང་སྤང་དུ་གྱུར་པའི་རྫས་འཛིན་རྟོག་པ་སོ་སོ་སྐྱེ་བ་ལ་ཇི་ལྟར་ཡོད་ཅེ་ན། དེར་གྱུར་པའི་རྫས་འཛིན་གྱི་རྟོག་པ་དེ་མངོན་དུ་འགྱུར་བ་ཅིག་སྲིད་ན་དེའི་རྟེན་གྱི་གང་ཟག་སོ་སོ་སྐྱེ་བོ་ཁོ་ནར་ངེས་ཏེ། འཕགས་པ་ལ་དེ་མངོན་དུ་འགྱུར་བར་འགལ་བའི་ཕྱིར་རོ། །གལ་ཏེ་མཐོང་སྤང་དུ་གྱུར་པའི་རྟོག་པ་རྣམས་ཆོས་ཅན། རང་མངོན་དུ་གྱུར་པའི་གང་ཟག་ཅིག་སྲིད་དེ། རྟོག་པ་ཡིན་པའི་ཕྱིར་སྙམ་ན། མཐོང་ལམ་བར་ཆད་མེད་ལམ་གྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་རྟོག་པ་རྣམས་ཀྱིས་མ་ངེས་སོ། །ཡང་གལ་ཏེ་སྐྱེས་ཟིན་གྱི་རྟོག་པ་རྣམས་སྤང་བྱ་གཉིས་པོ་གང་རུང་མ་ཡིན་ན་སྤྱིར་སྤང་བྱ་མ་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟ་ན་སྒྲིབ་པ་མ་ཡིན་པར་ཐལ་ལོ་སྙམ་ན། མ་བརྟགས་པའི་རྣམ་གཞག་ལ་དེ་ལྟར་ཡིན་ཀྱང་དཔྱད་པ་ན་དེ་དག་སྤང་བྱའི་རིགས་རྒྱུན་ཡིན་པ་ལ་བསམས་ནས་སྤང་བྱར་བཏགས་པ་ཡིན་གྱི། སྤང་བྱ་དངོས་མ་ཡིན་ཏེ། སྤོང་བྱེད་ཀྱི་གཉེན་པོ་མེད་པའི་ཕྱིར་རོ། །རྟོག་པའི་རྣམ་བཤད་རྟོག་དཔྱོད་ཀྱིས། །བརྟགས་ཤིང་དཔྱད་ནས་རྣམ་བརྟགས་པ། །རྣམ་གྲངས་གཉིས་པ་རྣམ་བཤད་པས། །བློ་བཟང་གོང་ནས་གོང་བློ་འཕེལ།།  །།གཉིས་པ་བྲལ་འབྲས་བྱང་ཆུབ་ཆེན་པོ་ལ་གཉིས་ཏེ། དངོས་དང༌། ཞར་ལ་རྣལ་འབྱོར་གྱི་ས་བཞི་བཤད་པའོ། །དང་པོ་ལ་ཉན་ཐོས་སྡེ་པའི་བྱང་ཆེན་ནི་མི་འཐད་པ་དང༌། ཐེག་ཆེན་རང་ལུགས་ཀྱི་བྱང་ཆེན་ངོས་བཟུང་བའོ། །དང་པོ་ནི། བྱང་ཆུབ་ཀྱི་ངོ་བོ་དྲི་མ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཤིག་ལ་འདོད་པར་མཐུན་ཀྱང༌། དེ་ཉིད་རྒྱས་པར་འཆད་ཚུལ་ལ་སྡེ་པ་གཉིས་མི་མཐུན་པ་ཡིན་ཏེ། ཉན་ཐོས་པ་ལྟར་ན། དྲི་མ་རྣམས་རང་གི་ངོ་བོས་སྟོང་པ་མ་ཡིན་གྱི། འགལ་ཟླ་གང་ཟག་གི་བདག་མེད་པར་རྟོགས་པའི་ཤེས་རབ་ཀྱིས་བདག་དེའི་ཡུལ་ཅན་གྱི་མ་རིག་པ་སྔར་ཡོད་ཟད་པར་བྱེད་ཅིང༌། ཕྱི་མ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་བྱང་ཆུབ་ཅེས་བྱ་བའི་མིང་གིས་འདོགས་པར་འདོད་ཅིང༌། ཐེག་ཆེན་པ་ལྟར་ནི། དྲི་མ་རྣམས་རང་གི་ངོ་བོས་སྟོང་པར་རྟོགས་པའི་ཤེས་རབ་གོམས་པར་བྱས་པ་ལས་དྲི་མ་ཀུན་རྫོབ་ཏུ་ཡང་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་དེ་སྐྱེ་བ་མེད་པར་རྟོགས་པ་ཞེས་བྱ་ཞིང༌། དེའི་རྒྱུ་མཚན་གྱིས་དེ་ཉིད་ཟད་པ་མེད་པར་རྟོགས་པ་ལ་བྱང་ཆུབ་ཆེན་པོ་ཞེས་ཐ་སྙད་འདོགས་པའི་ཕྱིར། འདི་སྒྲུབ་པ་ལ་རིགས་པ་དང༌། ལུང་གཉིས་ལས། དང་པོ་ནི། དྲི་མ་རྣམས་ཆོས་ཅན། རང་གི་ངོ་བོས་སྟོང་སྟེ། གཅིག་ཏུ་ཡང་མེད། དུ་མར་ཡང་མེད་པའི་ཕྱིར། དེ་ལྟར་བསྒྲུབས་པས་ནི་དྲི་མ་ཁོ་ནར་མ་ཟད་ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་རང་ལུགས་ཀྱི་ཚད་མས་མི་འགྲུབ་པར་བསྟན་ནོ། །གཉིས་པ་ནི། དེ་ཆོས་ཅན། རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། རྗེ་བཙུན་གྱིས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་སོ། །འདིའི་དོན་ནི། གང་ཆོས་ཡིན་ན་ཆོས་དབྱིངས་ཡིན་དགོས། དབྱིངས་དེ་ཡིན་ན་སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་དགོས་སོ། །ཞེས་བྱ་བ་འདི་ཡིན་ལ། དེ་ལའང་ལུགས་གཉིས་ལས། གཞན་སྟོང་སྨྲ་བ་རྣལ་འབྱོར་སྤྱོད་པ་པ་དག་གི་ལྟར་ན། གཟུང་འཛིན་གྱི་སྤྲོས་པ་མཐའ་དག་གིས་དབེན་པ་ཡིན་གྱི། དབྱིངས་དེ་རང་གི་ངོ་བོས་སྟོང་པ་ནི་མ་ཡིན་ཏེ། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཕྱིར་གང་ཡོད་ན་ཆོས་ཀྱི་དབྱིངས་ཡིན་པས་ཁྱབ་སྟེ། ཡོད་ན་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ཡིན་དགོས་པའི་ཕྱིར་ཏེ། ཆོས་རྣམས་ཀྱི་རང་གི་ངོ་བོ་དང༌། གནས་ལུགས་དང༌། དོན་དམ་པ་ཞིག་ནི་ཡོད་ལ། གཟུང་འཛིན་གཉིས་མེད་པའི་ཕྱིར། ཞེས་ཁས་ལེན་པ་ཡིན་ནོ། །རང་སྟོང་དུ་སྨྲ་བ་ངོ་བོ་ཉིད་མེད་པ་པ་དག་གི་ལྟར་ན། གང་ཤེས་པར་བྱ་བའི་ཆོས་ཡིན་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་དགོས། དེ་ཡིན་ན་ལྟོས་ནས་བཞག་དགོས། དེ་ཡིན་ན་རང་གི་ངོ་བོས་མ་གྲུབ་དགོས། དེ་ལྟ་ན་སྤྲོས་པའི་མཐའ་དང་བྲལ་དགོས། དེ་དང་བྲལ་ན་ཆོས་ཀྱི་དབྱིངས་ཡིན་དགོས། དེ་ཡིན་ན་ཡོད་པ་ལ་སོགས་པ་སྤྲོས་པའི་མཐའ་གང་དུ་ཡང་མ་གྲུབ་དགོས་སོ། །ཞེས་བྱ་བ་འདི་མཐར་ཐུག་གི་གྲུབ་པའི་མཐའ་ཡིན་གྱི། དེ་ལས་གཞན་དུ་ཆོས་ཀྱི་དབྱིངས་ལ་ཡོད་པས་ཁྱབ་པར་ཁས་བླངས་ན་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ། སྐབས་འདིར་ཆོས་དབྱིངས་ཡིན་པའི་རྟགས་ཀྱིས་དྲི་མ་རྣམས་ཡོད་པ་མ་ཡིན་པར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར། མདོར་ན་སྒྲིབ་པ་སྔར་ཡོད་གཉེན་པོས་ཟད་པར་ཁས་བླངས་ན་རྟག་ཆད་ཀྱི་ལྟ་བ་ལས་མ་འདས་པ་ཡིན་ཏེ། ཇི་སྐད་དུ། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཞེས་སྒྲིབ་པ་ཡོད་པར་ཁས་ལེན་པ་དང༌། སངས་རྒྱས་ཀྱིས་སྒྲིབ་པ་སྤངས་པ་ནང་འགལ་དུ་བསྟན་པས་སོ། །གཉིས་པ་རང་ལུགས་ལ། ཡུལ་གྱི་བྱང་ཆུབ་རང་བཞིན་རྣམ་དག་དང༌། ཡུལ་ཅན་གྱི་བྱང་ཆུབ་གློ་བུར་རྣམ་དག་གི་ཡེ་ཤེས་སོ། །དང་པོ་ནི། དྲི་མ་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན་ཟད་སྐྱེ་གདོད་མ་ནས་ཡོད་མ་མྱོང་བ་སྟེ། རང་བཞིན་གྱི་མྱང་འདས་དང་དོན་གཅིག་གོ །གཉིས་པ་ནི། དེ་ལྟར་མངོན་སུམ་དུ་རྟོགས་ཏེ་གོམས་པར་བྱས་པས་གློ་བུར་གྱི་དྲི་མ་མཐའ་དག་གིས་རྣམ་པར་དག་པའི་ཡེ་ཤེས་སོ། །དབྱེ་ན་སྐུ་གསུམ་སྟེ། ཇི་སྐད་དུ། སྐུ་གསུམ་དག་གི་བྱང་ཆུབ་ཆེ། །ཞེས་འབྱུང་བ་ལྟར་རོ། །དེ་ཡང་ངོ་བོ་ཉིད་ཀྱི་སྐུ་བྱང་ཆེན་ཡིན་པ་ལ་མི་མཐུན་པ་མེད་ལ། ལོངས་སྤྲུལ་གཉིས་ལ་གནས་ཚུལ་དང༌། སྣང་ཚུལ་གཉིས་ལས། དང་པོ་ལ་ནི་མཚན་ཉིད་དེ་ཚང་བའི་ཕྱིར། བྱང་ཆུབ་ཆེན་པོར་གདོན་མི་ཟ་ལ། གཉིས་པ་ནི། སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པའི་ཕྱིར་དེར་མི་རུང་ངོ༌། །དེ་ལྟ་ན་ཡང་གདུལ་བྱ་དེ་རང་གི་རློམ་ཚོད་ལ་བྱང་ཆུབ་ཆེན་པོར་རློམ་པ་ཡིན་ཏེ། ལྷ་དབང་གི་གཟུགས་བརྙན་ལ་དེར་རློམ་པ་བཞིན་ནོ། །ཞར་བྱུང་དམན་པའི་བྱང་ཆུབ་ལ། ཉན་རང་གཉིས་ལས། དང་པོ་ལ་ཡུལ་གྱི་བྱང་ཆུབ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྟོག་པས་བཏགས་པའི་བདག་ངོ་བོ་ཉིད་ཀྱིས་མེད་པས་སེམས་ཀྱི་ཆོས་དབྱིངས་གང་ཟག་གི་བདག་རང་བཞིན་གྱིས་རྣམ་པར་དག་པ་དེའོ། །ཡུལ་ཅན་གྱི་བྱང་ཆུབ་ནི་དེ་དེས་དག་པར་མངོན་སུམ་རྟོགས་པས་གློ་བུར་གྱི་ཉོན་མོངས་ལས་གྲོལ་བའི་ཡེ་ཤེས་སོ། །གཉིས་པ་རང་རྒྱལ་གྱི་བྱང་ཆུབ་ལ། ཡུལ་གྱི་བྱང་ཆུབ་ནི་གཟུང་འཛིན་ཐ་དད་ཀྱིས་སྟོང་པའི་དེ་བཞིན་ཉིད་དོ། །ཡུལ་ཅན་ནི་དེ་མངོན་སུམ་དུ་རྟོགས་པས་ཤེས་སྒྲིབ་གཟུང་རྟོག་ལས་གྲོལ་བའི་ཡེ་ཤེས་སོ། །གཉིས་པ་ཞར་བྱུང་རྣལ་འབྱོར་གྱི་ས་ལ་གཉིས་ཏེ། འདིར་རྣལ་འབྱོར་གྱི་ས་བཞི་འཆད་པའི་རྒྱུ་མཚན་དང༌། རྣལ་འབྱོར་གྱི་ས་སོ་སོའི་དོན་བཤད་པའོ། །དང་པོ་ནི། ཐོག་མར་ཉན་ཐོས་དང་ཐེག་པ་ཆེན་པོ་སེམས་ཙམ་པའི་ལྟ་བ་རྟོགས་པར་བྱས་ནས། དེའི་འོག་ཏུ་དབུ་མའི་ལྟ་བ་ལ་འཇུག་པའི་ཕྱིར་དུ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་གྱི་རིམ་པ་འདི་ལྟར་ཁས་ལེན་པ་དེ་ལ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བྱའོ། །ཀུན་རྫོབ་ཀྱི་བདེན་པ་སེམས་ཙམ་པ་དང་མཐུན་པར་ཁས་ལེན་པས་དེར་འཇོག་པ་ནི་མ་ཡིན་ཏེ། ལུགས་འདིས་ཀྱང་ཀུན་རྫོབ་ཀྱི་བདེན་པར་འཇོག་པའི་ཚེ་མ་བརྟགས་གཅིག་བུར་ཉམས་དགའ་བ་ཉིད་ཀྱི་སྒོ་ནས་ཁས་ལེན་པའི་ཕྱིར། གཉིས་པ་ལ་སོ་སོའི་ངོ་བོ་ངོས་བཟུང་བ་དང༌། ལྟ་བའི་ས་མཚམས་བསྟན་པའོ། །དང་པོ་ལ་སྤྱིའི་ངོ་བོ་ནི་ཞི་ལྷག་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་རྣལ་འབྱོར་ཞེས་བྱའོ། །དེ་ལས་ཀྱང་འདིར་ནི་ལྟ་བ་གཙོ་བོར་གྱུར་པ་ཡིན་ཏེ། བསམ་བྱུང་གི་རིགས་པས་དཔྱད་པའི་དོན་ལ་མཉམ་པར་འཇོག་པའི་ཕྱིར་དང༌། སྤང་བྱ་ཉོན་མོངས་དང་རྣམ་རྟོག་སེལ་བའི་ཆ་ནས་བསྟན་པའི་ཕྱིར་རོ། །དབྱེ་ན་རྣལ་འབྱོར་གྱི་ས་བཞིའོ། །བཞིར་འཇོག་པའི་རྒྱུ་མཚན་ནི། སྤང་བྱ་སྒྲིབ་པ་གཉིས་སུ་ངེས་པ་ལས་དང༌། སྤོང་བྱེད་ཀྱི་ལྟ་བ་ལ་གསུམ་དུ་གྲངས་ངེས་པའི་རྒྱུ་མཚན་གྱིས་སོ། །དང་པོ་ནི། ཉོན་སྒྲིབ་ཀྱི་གཉེན་པོར་བདག་མེད་རྟོགས་པ་རྣལ་འབྱོར་གྱི་ས་གཞག་སྟེ། དེས་ཉོན་མོངས་ཀྱི་རྩ་བ་གང་ཟག་གི་བདག་འཛིན་དྲུངས་འབྱིན་པར་ནུས་པའི་ཕྱིར། ཤེས་སྒྲིབ་ལ་གཟུང་རྟོག་དང༌། འཛིན་རྟོག་གཉིས་ལས། དང་པོ་ལའང་ཕྱི་རོལ་གྱི་དོན་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་དང༌། དོན་དུ་སྣང་བའི་ཤེས་རྣམ་ལ་བདེན་པར་འཛིན་པའི་རྟོག་པ་གཉིས་ལས། དང་པོའི་གཉེན་པོར་གཟུང་མེད་རྟོགས་པ་རྣལ་འབྱོར་གྱི་ས་བཞག་སྟེ། དེས་གཟུང་བ་ཀུན་བཏགས་བདེན་གྲུབ་ཁེགས་པས་གཟུང་འཛིན་རྫས་གཞན་དུ་འཛིན་པའི་རྟོག་པ་དྲུངས་འབྱིན་པའི་ཕྱིར། གཉིས་པའི་གཉེན་པོར་འཛིན་མེད་རྟོགས་པ་རྣལ་འབྱོར་གྱི་ས་བཞག་སྟེ། དེས་འཛིན་པ་ཀུན་བཏགས་བདེན་གྲུབ་ཁེགས་པས་གཟུང་འཛིན་གཉིས་སུ་འཛིན་པའི་རྟོག་པ་དྲུངས་འབྱིན་པར་ནུས་པའི་ཕྱིར། རྣལ་འབྱོར་གྱི་ས་འདིས་གཟུང་འཛིན་གཉིས་མེད་དུ་རྟོགས་པའི་རྒྱུ་མཚན་གྱིས་འཛིན་མེད་རྟོགས་པ་ཞེས་བྱ་བཤད་ཀྱང་འཛིན་པ་བདེན་མེད་དུ་རྟོགས་པ་མ་ཡིན་ཏེ། འཛིན་པར་རང་གི་ངོ་བོས་སྟོང་པར་མ་རྟོགས་པའི་ཕྱིར་ཏེ། འདི་འཛིན་པའི་ངོ་བོ་ཡོངས་གྲུབ་ལ་བདེན་པར་འཛིན་པའི་རྣམ་པ་ཅན་དུ་བཤད་པའི་ཕྱིར། ཤེས་སྒྲིབ་འཛིན་རྟོག་གི་གཉེན་པོར་སྤྲོས་བྲལ་རྟོགས་པ་རྣལ་འབྱོར་གྱི་ས་བཞག་སྟེ། འདིས་གཉིས་མེད་ཀྱི་ཤེས་པ་ལ་མཚན་མར་འཛིན་པའི་རྟོག་པ་དྲུངས་འབྱིན་པར་ནུས་པའི་ཕྱིར་རོ། །ས་སོ་སོའི་ངོ་བོ་ནི་གོ་རིམ་བཞིན་དུ། གང་ཟག་གི་བདག་མེད་པར་རྟོགས་པའི་ཤེས་རབ་དང༌། གཟུང་བ་ཀུན་བཏགས་རང་གི་ངོ་བོས་སྟོང་པར་རྟོགས་པ་དང༌། འཛིན་པ་ཀུན་བཏགས་ཀུན་རྫོབ་ཀྱི་རང་གི་ངོ་བོས་སྟོང་པར་རྟོགས་པ་དང༌། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་གྱི་རང་གི་ངོ་བོས་སྟོང་པར་རྟོགས་པའི་ཤེས་རབ་རྣམས་སོ། །གསུམ་པ་ས་མཚམས་ནི། རྣལ་འབྱོར་གྱི་ས་དང་པོ་ཉན་ཐོས་སྡེ་པ་དང༌། ཐུན་མོང་གི་ལྟ་བ་ཡིན་ཞིང༌། རྟེན་གྱི་གང་ཟག་ཉན་ཐོས་འཕགས་པ་ལ་ཡོད་པ་དང༌། ས་གཉིས་པ་ནི་སེམས་ཙམ་རྣམ་བདེན་པ་དང་ཐུན་མོང་གི་ལྟ་བ་ཡིན་ཞིང༌། རྟེན་གྱི་གང་ཟག་རང་རྒྱལ་འཕགས་པ་ལ་ཡོད་པ་དང༌། ས་གསུམ་པ་ནི། རྣམ་རྫུན་དབུ་མ་དང་ཐུན་མོང་གི་ལྟ་བ་ཡིན་ཞིང༌། རྟེན་གྱི་གང་ཟག་ལ་འདོད་ཚུལ་མི་མཐུན་པ་གཉིས་ཏེ། རྣལ་འབྱོར་སྤྱོད་པ་པ་ལྟར་ན་འདི་རང་རྒྱལ་ལ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་བཤད་པས་སོ། །དེས་ན་ཐེག་པ་ཆེན་པོའི་འཕགས་པ་ཁོ་ན་ལ་འདི་བཞག་དགོས་པ་ཡིན་ཏེ། དེ་ལས་གོང་ན་དབུ་མའི་ལྟ་བ་གཞན་མེད་ལ། ལྟ་བ་དེ་རྒྱུད་ལ་མངོན་དུ་གྱུར་པའི་ཐེག་དམན་མི་སྲིད་པའི་ཕྱིར་རོ། །དབུ་མ་རང་སྟོང་དུ་སྨྲ་བ་ལྟར་ན་འདི་རང་རྒྱལ་ལ་ཡོད་པ་ཡིན་ཏེ། འདི་ནི་གཞན་སྟོང་གི་ཚུལ་གྱི་ལྟ་བ་མཆོག་ཏུ་འགྱུར་བ་དེ་ཡིན་ལ། དེ་ཙམ་ཞིག་རང་སངས་རྒྱས་ལ་མེད་ན་ཤེས་སྒྲིབ་གཟུང་རྟོག་གི་ས་བོན་འཇོམས་པར་མི་ནུས་པའི་ཕྱིར་དང༌། ཐེག་པ་ཆེན་པོའི་འཕགས་པས་ནི་གཉིས་མེད་ཀྱི་ཡེ་ཤེས་དེ་ངེས་པར་རང་སྟོང་དུ་རྟོགས་དགོས་པའི་ཕྱིར། ཇི་སྐད་དུ། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས། ཞེས་བྱ་བའི་མཚན་ཉིད་ཅན་གྱི་ལྟ་བ་དེ་ཐེག་པ་ཆེན་པོའི་འཕགས་པ་ལ་མངོན་དུ་གྱུར་པའི་དོན་མེད་དོ། །ཞེས་བཞེད་པ་ཡིན་ནོ། །རྣལ་འབྱོར་གྱི་ས་བཞི་པ་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་བར་བཞག་པ་ཡིན་ཏེ། རང་སྟོང་གི་ཚུལ་ལ་ལྟོས་པའི་སྤྲོས་བྲལ་གྱི་ལྟ་བ་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །ཞར་ལ་འདི་ཤེས་དགོས་ཏེ། ཇི་སྐད་དུ། བཀའ་དང་ཚད་ལྡན་གྱི་བསྟན་བཅོས་དག་ལས། གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་གྱུར་པའི་དབུ་མ་དེ་འཆད་པ་ན། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། དེ་ནི་དབུ་མ་པ་ཡིས་རིག །ཅེས་སྤྲོས་པའི་མཐའ་བཞི་ཀ་དང་བྲལ་བའི་ཤེས་རབ་ལ་དབུ་མའི་ལྟ་བ་ཞེས་བཤད་པ་དེའི་དོན་འགྲེལ་བ་ལ་ཚུལ་གཉིས་ཏེ། ཐོགས་མེད་སྐུ་མཆེད་ཀྱིས་འགྲེལ་ཚུལ་དང༌། དབུ་མ་ཐལ་རང་དུ་སྨྲ་བ་རྣམས་ཀྱིས་འགྲེལ་ཚུལ་ལོ། །དང་པོ་ནི། ཀུན་བཏགས་ཀྱི་ངོ་བོ་ཡོད་པ་མ་ཡིན། གཞན་དབང་གི་ངོ་བོ་མེད་པ་མ་ཡིན། ཀུན་བཏགས་དང་གཞན་དབང་གི་ངོ་བོ་གཉིས་ཀ་ཡོད་མེད་གཉིས་མ་ཡིན་དེ་གཉིས་ཀ་ཡོད་མེད་གཉིས་མ་ཡིན་པ་ཡང་མ་ཡིན་པའོ། །དེའི་རྒྱུ་མཚན་གྱིས་མཐའ་བཞིར་འཛིན་པའི་རྟོག་པ་རྣམས་ནི་སྤང་བྱའོ། །མཐའ་བཞི་བཀག་པའི་ཤུལ་ན་གཉིས་མེད་ཀྱི་ཡེ་ཤེས་དེ་གཅིག་བུ་བདེན་པར་ཡོད་ཀྱང༌། དེ་ལ་མཚན་མར་འཛིན་པའི་བློ་ནི་སྤང་བྱ་ཁོ་ནར་ངེས་ཏེ། མཚན་མེད་ཀྱི་ཡེ་ཤེས་ལ་གེགས་བྱེད་པའི་ཕྱིར། གཉིས་པ་དེ་དག་གི་ལུགས་ལྟར་ན། ལུང་དེ་སྒྲ་ཇི་བཞིན་པ་ཉིད་དུ་འདོད། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཡོད་པ་མ་ཡིན། མེད་པ་ཡང་མ་ཡིན། གཉིས་ཀ་ཡང་མ་ཡིན། གཉིས་ཀ་མ་ཡིན་པ་ཡང་མ་ཡིན་པའི་རྒྱུ་མཚན་གྱིས་སྤྲོས་པའི་མཚན་མ་གང་དུ་ཡང་མི་འཛིན་ཏེ། དེ་ལྟར་གཟུང་ན་སྤྲོས་མེད་ཀྱི་ཡེ་ཤེས་ལ་གེགས་བྱེད་པའི་ཕྱིར་རོ། །དེ་ལྟར་ན་ཤིང་རྟའི་སྲོལ་གཉིས་ལས་འབྱུང་བའི་དབུ་མའི་ལྟ་བ་གཉིས་ལས། མཆོག་ཏུ་གྱུར་པ་གང་ཞེ་ན། གཅིག་ནི་གཞན་སྟོང་དབུ་མར་སྨྲ་བའི་ལྟ་བ་ཡིན་ལ། ཅིག་ཤོས་ནི་རང་སྟོང་སྨྲ་བའི་དབུ་མའི་ལྟ་བ་མཆོག་ཏུ་གྱུར་པའོ། །འདི་གཉིས་ཀ་ལ་ཡང་མཉམ་གཞག་ཏུ་སྤྲོས་པའི་མཚན་མ་མཐའ་དག་འགོག་པ་དང༌། རྗེས་ཐོབ་ཀྱི་ཤེས་པས་ཐ་སྙད་བཏགས་ནས་བསོད་ནམས་ཀྱི་ཚོགས་སོག་པར་བྱེད་དོ། །འདི་གཉིས་ཀས་ཀྱང་མཉམ་གཞག་ཏུ་སྤྲོས་པ་འགོག་པའི་གྲངས་ལ་ནི་ཁྱད་པར་མེད་དེ། སྤྲོས་པའི་མཚན་མ་མཐའ་དག་མ་བཀག་ན་སྒྲིབ་པ་མཐའ་དག་གི་ས་བོན་དྲུངས་འབྱིན་པར་མི་ནུས་སོ་ཞེས་ལུགས་གཉིས་ཀས་འདོད་པའི་ཕྱིར་རོ། །འདི་ལ་རང་སྟོང་དུ་སྨྲ་བ་ལྟར་ན། ལུགས་སྔ་མས་གཉིས་མེད་ཀྱི་ཡེ་ཤེས་བདེན་མེད་དུ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་མ་བསམས་པར། མཚན་འཛིན་གྱི་རྟོག་པ་བཙན་ཐབས་སུ་བཀག་པའི་ཕྱིར། དེ་ལ་མཚན་མར་འཛིན་པའི་རྟོག་པ་སྤོང་མི་ནུས་སོ་ཞེས་ཟེར་ཞིང༌། དེ་ཉིད་ཟླ་བའི་ཞབས་སོགས་ཆེན་པོ་དག་གི་བཞེད་པ་ཡང་ཡིན་མོད་ཀྱང༌། ཉེས་པ་སྔ་མ་དེ་འཇུག་པ་མ་ཡིན་ཏེ། དེ་དེར་གཏན་ལ་མ་ཕབ་ཀྱང་སེམས་ཀྱི་ངོ་བོ་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་རྟོགས་ནས་དེའི་རྒྱུན་གོམས་པས། རྟོག་པ་མཐའ་དག་གི་ས་བོན་དྲུངས་འབྱིན་པར་ནུས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རྒྱུད་བླ་མ་ལས། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པ། ཞེས་དང༌། དེ་ཉིད་འཆད་པ་ན། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟར་ཉིད་དེ་ཡང༌། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་གསུངས་སོ། །དེ་ལས་གཞན་དུ་རང་སྟོང་དུ་སྨྲ་བ་དག་གིས་ཇི་སྐད་སྨྲས་པ་དེ་ཉིད་ལན་གྱིས་བཟློག་པར་མི་ནུས་པ་ཞིག་ཡིན་ན། ཐེག་པ་ཆེན་པོ་རྒྱུད་བླ་མ་ནས་བཤད་པའི་ལྟ་བ་དེས་སྤང་བྱ་མཐའ་དག་གི་ས་བོན་སྤོང་མི་ནུས་པར་འགྱུར་ཏེ། དེར་གཉིས་མེད་ཀྱི་ཡེ་ཤེས་བདེན་མེད་དུ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་མ་བསྟན་པའི་ཕྱིར་རོ། །གལ་ཏེ་དེ་ནས་བཤད་པའི་ལྟ་བ་དེ་དང་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་སུ་བཤད་པའི་མཐར་ཐུག་ལྟ་བ་ལ་ཁྱད་པར་ཡོད་དེ། རྒྱུད་བླ་རྩ་འགྲེལ་དུ་ནི། གཉིས་མེད་ཡེ་ཤེས་བདེན་གྲུབ་ཏུ་མི་འཆད་ལ། ཅིག་ཤོས་སུ་ནི་དེ་བདེན་གྲུབ་ཏུ་བཤད་པའི་ཕྱིར་དང༌། ཅིག་ཤོས་ནི་སེམས་ཙམ་རྣམ་བརྫུན་པའི་ལྟ་བ་ཡིན་ལ། རྒྱུད་བླ་མའི་བསྟན་བཅོས་ནི་ཐོགས་མེད་ཞབས་ཀྱིས་དབུ་མར་བཀྲལ་བའི་ཕྱིར། ཞེས་ཟེར་བ་དེ་ཡང་མ་ཤེས་པ་ཡིན་ཏེ། རྒྱུད་བླ་མར་ཡང༌། ཟག་པ་མེད་པའི་དབྱིངས་ཞེས་བྱ་བའི་མིང་ཅན་གཞི་ལམ་འབྲས་བུའི་སྐབས་ཐམས་ཅད་དུ་ཁྱབ་བྱེད་དུ་འགྲོ་བའི་གཉིས་མེད་ཀྱི་ཡེ་ཤེས་དེ་ལ་སངས་རྒྱས་ཀྱི་སྙིང་པོའི་མིང་གིས་བཏགས་ནས། རྟག་བརྟན་གཡུང་དྲུང་དང་དོན་དམ་པ་དང་བདེན་པར་ཡོད་པ་ཞེས་བྱ་བ་རྣམས་སུ་གསལ་བར་བཤད་པའི་ཕྱིར། དབུས་མཐའ་དང་མདོ་སྡེ་རྒྱན་ནས་འབྱུང་བའི་མཐར་ཐུག་གི་ལྟ་བ་དེ་ལ་སེམས་ཙམ་པའི་ལྟ་བར་འཆད་པའི་ཚད་ལྡན་གྱི་ལུང་གཞན་མེད་ཅིང༌། བྱམས་པ་དང་ཐོགས་མེད་མཆེད་གཉིས་ཀྱིས་ནི། ལྟ་བ་དེ་ཉིད་སེམས་ཙམ་གྱི་ལྟ་བ་ནས་རིམ་གྱིས་ཞུགས་པའི་དབུ་མའི་ལྟ་བ་དེར་བཤད་ཀྱི། སེམས་ཙམ་གྱི་ལྟ་བར་བཤད་པ་མེད་པའི་ཕྱིར་དང༌། སེམས་ཙམ་གྱི་ལྟ་བ་ཞེས་པ་ནི་ཀུན་རྫོབ་ཀྱི་སྣང་བ་སེམས་སུ་ཁས་ལེན་པའི་ལྟ་བ་ལ་འཇོག་པ་ཡིན་ལ། ཅིག་ཤོས་ཀྱི་ལྟ་བ་དེ་ནི་སྣང་བ་སེམས་ཡིན་པ་བཀག་ནས་གཟུང་འཛིན་གཉིས་མེད་གཏན་ལ་ཕབ་པའི་ཕྱིར་རོ། །དེ་ལྟར་ན་ལང་ཀར་གཤེགས་པ་ལས། སེམས་ཙམ་ལས་ནི་འདས་ནས་ཀྱང༌། །སྣང་བ་མེད་ལ་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་པ་དེ་ཡང་འདིར་བཤད་པའི་རྣལ་འབྱོར་གྱི་ས་གསུམ་པ་དེ་ཉིད་བསྟན་པ་ཡིན་ཞིང༌། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་རྣམས་དེ་སྐད་སྒྲོགས། །ཞེས་གསུངས་པ་དེ་དང༌། འདིར་བཤད་པའི་རྣལ་འབྱོར་གྱི་ས་གསུམ་པ་དོན་གཅིག་པ་ཡིན་ཏེ། འདིར་གཟུང་བ་མེད་ན་འཛིན་པ་མེད་དོ། །ཞེས་འཛིན་པ་བདེན་མེད་དུ་བསྒྲུབ་པ་དང༌། རྣམ་འགྲེལ་ལས། གང་གིས་དངོས་པོ་རྣམ་དཔྱད་ན། །ཞེས་གཅིག་དང་དུ་བྲལ་གྱི་རིགས་པས་གཟུང་རྣམ་བདེན་མེད་དུ་བསྒྲུབ་པ་དེ་དང༌། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་གཞུང་དྲངས་མ་ཐག་པ་དེ་དག་དོན་གཅིག་ལ་འདུ་བའི་ཕྱིར། དེ་ལྟར་བཤད་པ་འདི་ནི་ཤིང་རྟའི་སྲོལ་གཉིས་ཀྱི་དབུ་མ་ལྟ་བ་ཕྱོགས་འཛིན་དུ་མ་ཕྱེ་བར། རྗེ་བཙུན་བྱམས་པའི་གཞུང་ཐོགས་མེད་མཆེད་གཉིས་ཀྱིས་ཇི་ལྟར་ཕྱེ་བའི་ཚུལ་དེ་ལ་གུས་པ་བསྐྱེད་ནས་རྨ་མེད་པ་ཉིད་དུ་བྱ་བའི་སླད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཔང་པོར་བྱས་ནས་ལེགས་པར་བཤད་པ་ཡིན་ལ། སློབ་དཔོན་བཟང་པོའི་ཞབས་ཀྱིས་ནི་རང་སྟོང་གི་ཚུལ་ཞལ་གྱིས་བཞེས་པ་ཡིན་པས་དེའི་ལུགས་ནི་སྔར་དཀྱུས་མའི་སྐབས་སུ་བཤད་ཟིན་པ་དེ་ཉིད་དོ། །འདི་ལ་བསལ་བྱ་ཅི་ཡང་མེད། །ཞེས་པའི་སྐབས་སུ། དབུ་མ་པའི་ལྟ་སྒོམ་སྤྱོད་འབྲས་གསུམ་ངོས་བཟུང་བར་བྱ་བ་ལས། དང་པོ་ལ། ལྟ་བའི་ཡུལ་ནི། ཡང་དག་ཉིད་ལ་ཞེས་པ་སྟེ། འདིའི་དོན་འཕགས་སེང་ལྟར་ན་ཡང་དག་པའི་ཀུན་རྫོབ་སྟེ། འདི་ནི་ལྟ་བའི་དམིགས་ཡུལ་ཡིན་གྱི། འཛིན་སྟངས་ཀྱི་ཡུལ་ནི་མ་ཡིན་ཏེ། ཡིན་ན་དོན་དམ་པའི་བདེན་པར་ཐལ་བས་སོ། །རྣམ་བརྫུན་པ་ལྟར་ན་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཏེ། འཛིན་སྟངས་ཀྱི་གཟུང་བྱའོ། །དོན་དེ་ཉིད་ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པ་ཡང་ཡིན་ཏེ། ཇི་སྐད་དུ། ཡང་དག་ཉིད་ལ་ཞེས་པའི་འགྲེལ་པར། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མར་གྱུར་པ་ནི་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་གསུངས་པས་སོ། །སློབ་དཔོན་ཟླ་བ་གྲགས་པ་ལྟར་ན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་མེད་པར་དགག་པ་དེའོ། །མེད་དགག་འདི་ལ་གནས་སྐབས་སུ་ཡང་དག་པ་ཞེས་བྱ་སྟེ། དོན་དམ་པའི་བདེན་པར་འཇོག་པའི་ཕྱིར། འདི་མཐར་ཐུག་ཏུ་ནི་ཡང་དག་པ་མ་ཡིན་ཏེ། བརྫུན་པའི་ཕྱིར། དེ་སྐད་དུ་ཡང༌། ཟླ་བའི་ཞབས་ཀྱིས། མྱ་ངན་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་བཞིན་ཏེ། ཞེས་གསུངས་སོ། །ལྟ་བའི་ངོ་བོ་ནི། ཡང་དག་ལྟ་ཞེས་པ་སྟེ། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཤེས་རབ་བོ། །དེ་ཡང་འཕགས་སེང་གིས་ནི་སྦྱོར་བའི་དུས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་དེ་ཉིད་ལྟ་བ་ཡིན་པར་དགོངས་ནས་སྣང་བཅས་སུ་བཤད་ལ། ཟླ་བས་ནི་སོར་རྟོག་གི་ཤེས་རབ་དེ་ཉིད་ཀྱང་ཡེ་ཤེས་ཀྱི་མེས་བསྲེགས་ནས། མཐོང་བྱ་ཅི་ཡང་མི་གཟིགས་པ་དངོས་གཞིའི་དུས་ཀྱི་ཡེ་ཤེས་དེ་ཉིད་ལྟ་བར་འཇོག་པ་ལ་དགོངས་ནས། སྣང་མེད་དུ་བཞེད་དོ། །དེ་སྐད་དུ་ཡང༌། འཇིག་རྟེན་པ་ཡི་དེ་ཉིད་ལ་གནས་ལ། །ཕུང་པོ་འཇིག་རྟེན་གྲགས་ཏེ་ལྔ་ཆར་ཡོད། །དེ་ཉིད་ཡེ་ཤེས་འཆར་བ་འདོད་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །ཞེས་གསུངས་ལ། རྐང་པ་དང་པོ་སྦྱོར་བའི་དབང་དུ་བྱས་ནས་འཇིག་རྟེན་པའི་ལྟ་བ་དང༌། རྐང་པ་གཉིས་པས་ནི་དངོས་གཞིའི་ཡེ་ཤེས་ངོས་བཟུང་ནས་འཇིག་རྟེན་ལས་འདས་པའི་ལྟ་བར་འཆད་དོ། །འོ་ན་མེད་པར་དགག་པ་དེ་ཉིད་ལྟ་བའི་འཛིན་སྟངས་ཀྱི་གཟུང་བྱར་མི་རིགས་ཏེ། མངོན་སུམ་གྱིས་སྤྱི་མཚན་གཞལ་བྱར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཉེས་པ་མེད་དེ། ལྟ་བ་དེས་སྤྲོས་པའི་མཚན་མ་ཅི་ཡང་མ་གཟིགས་པ་ལ་སྤྲོས་བྲལ་གྱི་རྣམ་པ་ཤར་བ་ཞེས་བྱ་ཞིང༌། དེ་འདྲའི་ཤེས་རྣམ་དེ་ཐ་སྙད་དུ་ཉམས་སུ་མྱོང་བ་ལ་སྤྲོས་བྲལ་རྟོགས་པ་ཞེས་བྱ་བའི་ཐ་སྙད་བཏགས་པ་ཡིན་ཏེ། དཔེར་ན། སྔོན་པོའི་རྣམ་པ་ཤར་བ་ལ་དེ་རྟོགས་པར་ཐ་སྙད་བྱས་པ་བཞིན་ནོ། །དེའི་ཕྱིར་རྟོག་པ་བཞིན་དུ་ལྡོག་པ་གཞན་སེལ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་འཛིན་པ་ནི་མ་ཡིན་ཏེ། དེ་ནི་དེ་ལ་གཉིས་སྣང་དང་བཅས་པ་ཡིན་ལ། འདི་ལ་ནི་རང་རིག་རང་གསལ་བ་ཙམ་ལས་མ་གཏོགས་དེའི་རྣམ་པ་འཆར་རྒྱུ་མཚན་ཉིད་པ་ཅིག་ཡོད་པ་མ་ཡིན་པའི་ཕྱིར་དང༌། དངོས་མེད་ཀྱི་རྣམ་པ་ཤར་བ་མཚན་ཉིད་པ་ཅིག་ཡིན་ན་དོན་སྤྱི་ཤར་བ་ལས་མ་འདས་པས་རྟོག་པ་ཉིད་དུ་ཐལ་བའི་ཕྱིར་རོ། །གཉིས་པ་སྒོམ་པ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་གང་དང་གང་ཞིག་དཔྱད་གཞིར་བཟུང་ནས་དཔྱད་པ་ན་ཅི་ཡང་མ་རྙེད་པ་དེའི་ངང་ལ་མཉམ་པའི་འཇོག་པ་ནི་ལྟ་བ་སྒོམ་པའི་དོན་ཡིན་ལ། སྤྱོད་པ་བསྒོམ་པ་ནི་མཉམ་གཞག་ཏུ་བྱམས་སོགས་བཞི་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལྟ་བུའོ། །གསུམ་པ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལྟ་བུའོ། །འདི་ལའང་མཉམ་གཞག་དང༌། རྗེས་ཐོབ་ཀྱི་རིམ་པས་གཉིས་དང༌། དོན་དམ་སེམས་བསྐྱེད་ཀྱི་བསླབ་བྱ་ལ་སློབ་པ་དང༌། ཀུན་རྫོབ་སེམས་བསྐྱེད་ཀྱི་བསླབ་བྱ་ལ་སློབ་པའི་དབྱེ་བས་གཉིས་སོ། །མདོར་ན་ལྟ་བའི་རྣམ་གཞག་བྱེད་པའི་ཚེ་ན་ཆོས་རྣམས་ཀྱི་རང་གི་ངོ་བོ་ཅུང་ཟད་ཀྱང་ཁས་མི་ལེན་ཞིང༌། སྤྱོད་པའི་རྣམ་གཞག་བྱེད་པའི་ཚེ་ན། སྣང་གྲགས་ཀྱི་ཆོས་རྣམས་ཀྱི་རང་གི་ངོ་བོ་མི་འགོག་པར་ལྷན་ཅིག་སྐྱེས་པའི་བློ་ལ་ཇི་ལྟར་སྣང་བ་བཞིན་ཁས་བླངས་ནས། སྒོམ་པས་ཉམས་སུ་ལེན་པའི་ཚེ་བདེན་གཉིས་ཟུང་འཇུག་ཏུ་ལེན་པ་ཡིན་ཏེ། སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ཉམས་སུ་ལེན་པའི་ཕྱིར་རོ། །དེ་ལྟར་ན་ལྟ་བ་ནི་དོན་དམ་ལ་འཇུག་པའི་བློ་དང༌། སྤྱོད་པ་ནི་ཀུན་རྫོབ་ལ་འཇུག་པའི་བློ་དང༌། སྒོམ་པ་ནི་ཟུང་འབྲེལ་ལ་འཇུག་པའི་བློ་ཡིན་ནོ། །ཞེས་ཤེས་པར་བྱ་ལ། དེ་ལྟར་ཤེས་པ་དེའི་ཚེ་རྒྱ་ནག་མཁན་པོའི་ལུགས་འཛིན་པ་དག ལྟ་བ་གཏན་ལ་འབེབས་པའི་ལུང་རིགས་རྒྱུ་མཚན་དུ་བྱས་ནས། སྤྱོད་པའི་ཕྱོགས་རྣམས་དོར་བས་ཆོག་པར་ཁས་ལེན་པ་དང༌། གངས་ཅན་དུ་ཕྱིས་བྱོན་པ་དག་ལྟ་བ་གཏན་ལ་འབེབས་པའི་ལུང་རིགས་རྣམས་སྒྲ་ཇི་བཞིན་དུ་ཁས་བླངས་པ་ལ་ཐབས་ཀྱི་ཆ་རྣམས་འདོར་དགོས་པར་འགྱུར་རོ་ཞེས་ཧ་ཅང་ཐལ་བ་འཕེན་པ་དེ་དག་གིས་ནི་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཁས་བླངས་པ་ཡིན་ཏེ། བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་ཟབ་མོ་དང་བྲལ་བས་དོན་དམ་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པར་ནུས་པ་ཉིད་དུ་བྱེད་པའི་ཕྱིར། དེ་གང་གིས་སེལ་ན་བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་སོ། །དེ་གང་ཞེ་ན། རིགས་པས་དཔྱད་ན་ཡོད་པ་མ་ཡིན་ཞིང༌། མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་ཡོད་པར་རྟོགས་པའི་ཤེས་རབ་བོ། །གསུམ་པ་འབྲས་བུ་ནི། སངས་རྒྱས་ཀྱི་སྐུ་གསུམ་སྟེ། ལྟ་བ་རྐྱང་པའི་ལག་རྗེས་ནི་ངོ་བོ་ཉིད་ཀྱི་སྐུ་དང༌། སྤྱོད་པ་རྐྱང་པའི་ལག་རྗེས་ནི་ཀུན་རྫོབ་པའི་སྐུ་གཉིས་དང༌། ཟུང་འཇུག་ཏུ་བསྒོམས་པའི་འབྲས་བུ་ནི་སྐུ་གསུམ་དབྱེར་མེད་པ་དེའོ། །གལ་ཏེ་ཀུན་རྫོབ་པའི་སྐུ་གཉིས་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པར་ཁས་བླངས་པ་དེ་ལྟ་ན། ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲས་བུར་མི་རུང་ངོ་སྙམ་ན། སྐྱོན་ཡོད་པ་མ་ཡིན་ཏེ། གདུལ་བྱའི་སེམས་རྒྱུད་ལ་དེ་ལྟར་སྣང་བ་དེ་ཡང་སྐུ་གསུམ་དབྱེར་མེད་པའི་ཆོས་ཀྱི་སྐུ་བདག་པོའི་རྐྱེན་དུ་མེད་ན་མི་འབྱུང་བའི་ཕྱིར་རོ། །གསུམ་པ་བྲལ་བྱེད་མཐོང་ལམ་རྩེ་སྦྱོར་འཆད་པ་ལ་གསུམ་སྟེ། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་མོ། །དང་པོ་ནི། ཇི་སྐད་དུ། སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་བྱ་བས་བསྟན་ལ། ངོ་བོ་ནི་སྦྱིན་སོགས་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པ་ལ་འཇུག་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བཟོད་པ་བཞིའོ། །གཉིས་པ་ནི་མཐོང་སྤང་དུ་གྱུར་པའི་རྣམ་པར་རྟོག་པ་བག་ཆགས་དང་བཅས་པ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་པར་གྲོལ་བའི་ལམ་ཞིག་ཡིན་ལ། ཇི་སྐད་དུ། དེ་སྐྱེས་ན་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་ཀྱི་དབྱེ་བས་ཞེས་སོགས་ཀྱིས་བསྟན་ལ། ངོ་བོ་ནི་བཅུ་དྲུག་པའི་རྟོགས་པ་ནི་དངོས་ཡིན་ལ། རྗེས་མཐུན་པ་ནི་ཤེས་པ་གཞན་བཞི་པོའང་ཡིན་ལ། གསུམ་པ་ལ་མཉམ་གཞག་དང༌། རྗེས་ཐོབ་གཉིས་ལས། དང་པོ་ནི། དེ་ནས་སེང་གེ་སོགས་རྐང་པ་གཉིས་ཀྱིས་བསྟན་ལ། ངོ་བོ་ནི་བཅུ་དྲུག་པའི་རྗེས་སུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་མི་མཐུན་གཉིས་ཀྱིས་སྙོམས་པར་འཇུག་པ་ཞིག་ཡིན་ལ། དགོས་པ་ནི། མཐོང་སྤང་ཐག་བསྲིང་བའི་ཕྱིར་ཡིན་གྱི། སྒོམ་སྤང་སྤོང་བའི་ཕྱིར་དུ་འཇུག་པ་ནི་མ་ཡིན་ཏེ། ཡིན་ན་སྦྱོར་བ་སེང་གེ་རྣམ་བསྒྱིངས་སུ་ཐལ་བས་སོ། །གཉིས་པ་ནི། རྟེན་ཅིང་འབྲེལ་འབྱུང་ཞེས་སོགས་རྐང་པ་གཉིས་ཀྱིས་བསྟན་ལ། འདི་ལ་དངོས་དང༌། མཐའ་བཅད་པ་གཉིས་སོ། །དང་པོ་ནི། མཉམ་གཞག་དེའི་རྗེས་ཐོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་འབྱུང་ཟློག་གཉིས་ཀྱི་སྒོ་ནས་རྟོག་པར་བྱེད་པའི་ཤེས་རབ་བོ། །མཉམ་རྗེས་འདི་གཉིས་ནི་སྐྱེ་མེད་གསུམ་གྱི་རྣམ་པ་ལ་བསྡུས་སྒོམ་རབ་ཏུ་གྱུར་པ་ཙམ་གྱི་ཆ་ནས་རྩེ་སྦྱོར་དུ་བཞག་ནུས་ཀྱང༌། མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་གྱི་དབང་དུ་བྱས་ན་རྩེ་སྦྱོར་འཁོར་དང་བཅས་པའོ། །རྣལ་འབྱོར་རིམ་བཞིས་རྣལ་དུ་བྱེད་ཚུལ་དང༌། །སྤྲོས་མེད་རིགས་པས་སྤྲོས་པ་འགོག་ཚུལ་དང༌། །མཐོང་ལམ་རྩེ་མོས་ཇི་ལྟར་མཐོང་ཚུལ་རྣམས། །རིགས་པར་བཤད་འདི་རིགས་པའི་ཚུལ་དུ་བཟུང༌།།  །།གཉིས་པ་ལ་དབྱེ་གཞི། དབྱེ་ངོ༌། དེ་ལ་རྣལ་འབྱོར་དུ་བྱེད་པའི་ཚུལ་ལོ། །དང་པོ་ལ་ཀླུ་སྒྲུབ་ཞབས་ཀྱི་གཞུང་ལུགས་ལས་ཆོས་ཐམས་ཅད་རྟེན་འབྲེལ་དུ་བཤད་ཀྱང༌། འདིར་ནི་ཐོགས་མེད་སྐུ་མཆེད་ཀྱི་གཞུང་བཞིན་དུ་བཤད་པར་བྱ་བ་ལ། མཚན་ཉིད་ནི་རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན། རྒྱུ་རྐྱེན་ལས་སྐྱེས་པའོ། །ལོག་རྟོག་སེལ་བའི་དབང་དུ་བྱས་ན་རྐྱེན་གསུམ་ལས་བྱུང་བའོ། །གསུམ་ནི། གཡོ་བ་མེད་པའི་རྐྱེན་ལས་དང༌། ནུས་པའི་རྐྱེན་ལས་དང༌། མི་རྟག་པའི་རྐྱེན་ལས་བྱུང་བའོ། །དང་པོ་ནི། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་གཞན་གྱི་བློ་སྔོན་དུ་བཏང་ནས་བྱུང་བ་མ་ཡིན་པའོ། །གཉིས་པ་ནི། རྒྱུ་རིགས་མི་མཐུན་ལས་བྱུང་བ་མ་ཡིན་པའོ། །གསུམ་པ་ནི་རྒྱུ་རྟག་པ་ལས་བྱུང་བ་མ་ཡིན་པའོ། །དེ་ལ་དགོངས་ནས་ས་ལུ་ལྗང་པའི་མདོར། འདི་ཡོད་པའི་ཕྱིར་འདི་འབྱུང༌། །ཞེས་སོགས་མདོ་ཚན་གསུམ་གསུངས་སོ། །གཉིས་པ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་དང༌། རྣམ་བྱང་གི་རྟེན་འབྲེལ་ལོ། །དང་པོ་ལ་མཚན་ཉིད་ནི། སྡུག་ཀུན་གང་རུང་གིས་བསྡུས་པའི་རྟེན་འབྲེལ་ལོ། །འདི་ལ་ཡན་ལག་སོ་སོའི་ངོ་བོ། ཡན་ལག་མདོར་བསྡུ་བའི་ཚུལ། ས་མཚུངས་ཀྱི་ཚུལ་ལ་དཔྱད་པའོ། །དང་པོ་ལ་མ་རིག་པ་ནི་སྤྱིར་ཉོན་མོངས་པ་ཅན་གྱི་དང༌། བྱེ་བྲག་ཏུ་ཡང་སྲིད་འཕེན་བྱེད་ཀྱི་ལས་དེའི་རྒྱུ་དུས་ཀྱི་ཀུན་སློང་དུ་གྱུར་པ་ཡིན་གྱི། དེ་ལས་གཞན་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ནི་འདིར་མི་བཟུང་སྟེ། འདི་ནི་ཉོན་མོངས་པའི་ཀུན་འབྱུང་འཆད་པའི་སྐབས་ཡིན་པའི་ཕྱིར། ལས་དེའི་དུས་ཀྱི་ཀུན་སློང་ཁོ་ནར་ངེས་པ་ཡང་མ་ཡིན་ཏེ། འཕེན་བྱེད་ཡིན་གྱི་ལས་དགེ་བ་རྣམས་ལ་དུས་ཀྱི་ཀུན་སློང་ཉོན་མོངས་ཅན་མི་སྲིད་པའི་ཕྱིར། ལས་དེས་བཞག་པའི་བག་ཆགས་དང་ལྷན་ཅིག་ཏུ་བྱུང་བའི་མ་རིག་པ་ཡང་འདིར་མི་བཟུང་སྟེ། འདི་ནི་ཡང་སྲིད་ཕྱི་མའི་སྡུག་བསྔལ་གྱི་ཕུང་པོ་འཕེན་བྱེད་ཁོ་ན་ཡིན་གྱི་སྐྱེད་བྱེད་ཙམ་མ་ཡིན་པའི་ཕྱིར། འདི་སྤང་བྱ་གཉིས་ལས་གང་ཡིན་ཞེ་ན། གཉིས་ཀའི་ཆ་ཡོད་དེ། མཐོང་སྤང་དུ་གྱུར་པའི་དང༌། ཉོན་ཡིད་འཁོར་གྱི་མ་རིག་པ་གཉིས་ཀས་འཕེན་བྱེད་ཀྱི་ལས་ཀྱི་རྒྱུ་དུས་ཀྱི་ཀུན་སློང་བྱེད་པར་ནུས་པའི་ཕྱིར། བྱེ་བྲག་ཏུ་བདེ་འགྲོའི་ཕུང་པོ་འཕེན་བྱེད་ཀྱི་ལས་ལ་ནི་དུས་ཀྱི་ཀུན་སློང་དུ་གྱུར་པའི་མ་རིག་པ་འདི་ཡོད་པ་མ་ཡིན་ཏེ། ལས་དེ་ནི་གཏི་མུག་མེད་པའི་དགེ་བའི་རྩ་བ་དང་མཚུངས་ལྡན་དུ་འབྱུང་བའི་ཕྱིར། ངན་འགྲོ་འཕེན་བྱེད་ཀྱི་ལས་ལ་ནི་མཐོང་སྤང་དུ་གྱུར་པའི་མ་རིག་པ་དུས་ཀྱི་ཀུན་སློང་ལ་ཡོད་པ་ཡིན་ཏེ། ལས་དེ་ནི་མི་དགེ་བ་ཁོ་ན་ཡིན་པས་ཆགས་སྡང་གཉིས་ལས་གང་རུང་གཅིག་དང༌། མ་རིག་པ་སྟེ་གཉིས་པོ་དེ་དང་ངེས་པར་མཚུངས་ལྡན་དུ་འབྱུང་བའི་ཕྱིར་དང༌། ངན་སོང་གི་ཕུང་ཁམས་སྐྱེ་མཆེད་མཐོང་སྤང་དུ་བཤད་པའི་རིགས་པས་རྗེས་སུ་དཔག་ན་དེ་ལྟར་འགྲུབ་པའི་ཕྱིར་རོ། །དེ་ལྟར་ན་ཉོན་མོངས་ཅན་གྱི་མ་རིག་པ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་ལས། དང་པོ་ནི། ཡིད་ཤེས་ཁོ་ནའི་འཁོར་དུ་འབྱུང་བ་དང༌། ཁ་ནང་དུ་བལྟས་པ་ཁོ་ནར་ངེས་ཏེ། གྲུབ་པའི་མཐས་ཀུན་ཏུ་བཏགས་པའི་ཕྱིར་དང༌། བདེན་པ་རྣམས་ལ་རྨོངས་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར་འདི་འགྲུབ་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་འགྱུར་བ་མི་སྲིད་དོ། །གཉིས་པ་ལ། ཉོན་ཡིད་འཁོར་དང་ཡིད་ཤེས་འཁོར་གཉིས་ལས། དང་པོ་ནི་ཀུན་གཞི་ལ་དམིགས་ནས་ངར་སེམས་པ་ཡིན་པས། ནང་དུ་བལྟས་པ་ཁོ་ན་ཡིན་ལ། དེའི་ཕྱིར་དེས་ཀྱང་འགྲུབ་བྱེད་ཀྱི་ལས་ཀྱི་ཀུན་སློང་མི་བྱེད་དོ། །གཉིས་པ་ལའང་བདེན་པ་ལ་རྨོངས་པ་དང༌། ཡུལ་རྨོངས་པ་གཉིས་ལས། ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀྱི་ཀུན་སློང་ནི་ཕྱི་མ་ཁོ་ནར་ངེས་ཏེ། ཡང་སྲིད་ཕྱི་མ་དོན་དུ་གཉེར་བའི་ལེན་པ་དང་མཚུངས་ལྡན་དུ་འབྱུང་དགོས་པའི་ཕྱིར། དེ་ལྟར་ན་མ་རིག་པའི་རྟེན་འབྲེལ་ནི་གྲོགས་དང་བཅས་པའི་དབང་དུ་བྱས་ན་ཆགས་སྡང་གང་རུང་དང་མཚུངས་པར་ལྡན་ལ། འོག་གི་སྲེད་ལེན་ཡང་མ་རིག་པ་དང་ངེས་པར་མཚུངས་ལྡན་དུ་འབྱུང་བ་ཡིན་ནོ། །དེ་ལྟ་ན་ཡང་གོང་འོག་གཉིས་པོ་ལས་ཀྱི་ཀུན་སློང་བྱེད་ཚུལ་མི་འདྲ་སྟེ། སྔ་མས་ནི་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་འཕེན་པར་བྱེད་ལ། ཕྱི་མས་ནི་འཕགས་པའི་བག་ཆགས་དེ་སད་པར་བྱེད་པའི་ཕྱིར་རོ། །དེས་བསླང་བའི་ལས་གཉིས་ཀྱང་ཚུལ་མི་འདྲ་སྟེ། འཕེན་བྱེད་ཀྱི་ལས་དེ་ནི་སྡུག་བསྔལ་གྱི་ཕུང་པོ་འཕེན་བྱེད་ཡིན་གྱི། སྐྱེད་བྱེད་མ་ཡིན། འགྲུབ་བྱེད་ཀྱི་ལས་དེ་ནི་དེའི་སྐྱེད་བྱེད་ཡིན་ཀྱང་འཕེན་བྱེད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འདིའི་མ་རིག་པ་ལ་སྤང་བྱ་གཉིས་ཀ་ཡོད་པ་དེ་ལྟ་ན་མཐོང་ལམ་ཐོབ་ནས་ཀྱང་ཡང་སྲིད་འཕེན་བྱེད་ཀྱི་ལས་སོག་པ་ཡོད་པར་འགྱུར་ཏེ། དེ་ན་ལས་དེའི་ཀུན་སློང་དུ་གྱུར་པའི་མ་རིག་པ་ཡོད་པའི་ཕྱིར། འདོད་ན་ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། །ཞེས་བྱ་བའི་ལུང་དང་འགལ་བར་འགྱུར་རོ་ཞེ་ན། ཉེས་པ་དེ་ཡོད་པ་མ་ཡིན་ཏེ། སྒོམ་པས་སྤང་བར་བྱ་བ་ཡིན་ན་འཕགས་པ་ལ་མངོན་དུ་འགྱུར་བས་མ་ཁྱབ་པའི་ཕྱིར། གང་ཟག་གི་བདག་ཏུ་འཛིན་པ་དང༌། ཡུལ་ལ་ལོག་པར་ཞུགས་པའི་ཆགས་སྡང་དྲག་པོ་བཞིན་ནོ། །དེ་བཞིན་དུ་ཐེག་ཆེན་གྱི་སྒོམ་སྤང་ཡིན་ན་ཐེག་ཆེན་འཕགས་པ་འགའ་ཞིག་ལ་མངོན་དུ་གྱུར་པས་མ་ཁྱབ་སྟེ། བདེན་འཛིན་ལྷན་སྐྱེས་བཞིན་ནོ། །འོ་ན་ཅི་འཕགས་པ་ལ་ཉོན་ཡིད་འཁོར་གྱི་མ་རིག་པ་མེད་པའམ། དེས་དེའི་ཀུན་སློང་མི་བྱེད་པ་གཉིས་ལས། གང་ཡིན་ཞེ་ན། འཕགས་རྒྱུད་ཀྱི་དེས་དེའི་ཀུན་སློང་མི་བྱེད་དེ། དེས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཕྱིར། དཔེར་ན་བསམ་གཏན་གྱི་དངོས་གཞི་ལས་མ་ཉམས་པའི་འདོད་རྟེན་ཅན་གྱི་སོ་སྐྱེ་ལ་འདོད་པའི་ཉོན་ཡིད་ཡོད་ཀྱང་དེས་དེར་སྐྱེ་བའི་ལས་མི་སློང་བ་བཞིན་ནོ། །གཉིས་པ་འདུ་བྱེད་ནི། མ་རིག་པ་དེས་ཀུན་ནས་བསླང་བའི་ཡང་སྲིད་འཕེན་བྱེད་ཀྱི་ལས་སོ། །འདི་ཡང་ལུས་ངག་དང་ཡིད་ཤེས་འཁོར་གྱི་སེམས་པའི་ལས་གང་རུང་ཁོ་ནར་ངེས་ཀྱི། ཀུན་གཞིའི་སྟེང་གི་ལས་ཀྱི་བག་ཆགས་ནི་འདིར་མི་བཟུང་སྟེ། འདི་ནི་བག་ཆགས་དེ་འཇོག་བྱེད་ཡིན་པའི་རྒྱུ་མཚན་གྱིས་གང་གིས་འཕེན་པར་བྱེད་པའི་ཡན་ལག་ཏུ་བཞག་པ་ཡིན་གྱི། དེས་འཕངས་པའི་བག་ཆགས་དེ་ནི་སྡུག་བསྔལ་གྱི་རྒྱུའི་རྐྱེན་ཡིན་པའི་རྒྱུ་མཚན་གྱིས་ཇི་ལྟར་འཕངས་པའི་ཡན་ལག་ཏུ་བཞག་པའི་ཕྱིར་རོ། །འདི་ལ་གསུམ་སྟེ། བསོད་ནམས་ཀྱི་དང༌། བསོད་ནམས་མ་ཡིན་པའི་དང༌། མི་གཡོ་བའི་ལས་སོ། །དེ་དག་ནི་གོ་རིམ་བཞིན་དུ། འདོད་པ་ཁམས་ཀྱི་བདེ་འགྲོ་དང༌། ངན་འགྲོ་དང༌། ཁམས་གོང་མ་འཕེན་པར་བྱེད་པའི་ལས་སོ། །འོ་ན་ལས་སྔ་མ་གཉིས་གཡོ་བར་བཞག་པའི་དོན་ཅི་ཞེ་ན། སྔ་མ་གཉིས་ཀྱི་རྣམ་སྨིན་ས་གཞན་དུ་གཡོ་བ་ནི་མ་ཡིན་ཏེ། བསོད་ནམས་ཀྱི་རྣམ་སྨིན་ནི་བདེ་འགྲོ་ཁོ་ན་དང༌། ཅིག་ཤོས་ཀྱི་རྣམ་སྨིན་ངན་འགྲོ་ཁོ་ནའི་རྟེན་ལ་འབྱུང་ངེས་པའི་ཕྱིར། གཉིས་པོའི་རྒྱུ་མཐུན་གྱི་འབྲས་བུ་ནི་ས་གཞན་དུ་གཡོ་སྲིད་པ་ཡིན་ཏེ། བསོད་ནམས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་ལོངས་སྤྱོད་ལྟ་བུ་ངན་འགྲོའི་རྟེན་ལ་འབྱུང་བ་དང༌། བསོད་ནམས་མ་ཡིན་པའི་རྒྱུ་མཐུན་གྱི་འབྲས་བུ་དབུལ་བ་དང་ཕོངས་པ་ལྟ་བུ་བདེ་འགྲོའི་རྟེན་ལ་འབྱུང་སྲིད་པའི་ཕྱིར། ཁམས་གོང་མ་འཕེན་བྱེད་ཀྱི་ལས་ཀྱི་ནི་རྣམ་སྨིན་དུ་མ་ཟད་རྒྱུ་མཐུན་གྱི་འབྲས་བུ་ཡང་ས་དེ་ཉིད་དུ་འབྱུང་བར་ངེས་ཀྱི་ས་གཞན་དུ་གཡོ་མི་སྲིད་པའི་ཕྱིར་ན་མི་གཡོ་བའི་ལས་ཞེས་བྱའོ། །གསུམ་པ་རྣམ་པར་ཤེས་པའི་རྟེན་འབྲེལ་ནི། འཕེན་བྱེད་ཀྱི་ལས་བཤད་མ་ཐག་པ་དེའི་བག་ཆགས་གང་དུ་བཞག་པའི་ཀུན་གཞིའི་རྣམ་པར་ཤེས་པ་དེའོ། །བག་ཆགས་བཞག་པའི་གོ་དོན་ཡང་ཀུན་གཞི་དེ་ཡང་སྲིད་ཕྱི་མའི་སྡུག་བསྔལ་གྱི་ཕུང་པོ་འབྱུང་རུང་དུ་བྱས་པའོ། །དེའི་ཚེ་ནུས་པ་དེ་ལ་ཀུན་གཞིའི་ས་བོན་གྱི་ཆ་ཞེས་ཟེར་ཞིང༌། དེ་ཡང་ཤེས་པ་ཉིད་དུ་འདོད་དགོས་པ་ནི་རྣལ་འབྱོར་སྤྱོད་པའི་གྲུབ་པའི་མཐའོ། །བཞི་པ་མིང་གཟུགས་ནས་ཚོར་བའི་བར་གྱི་རྟེན་འབྲེལ་གྱི་ངོས་འཛིན་ནི། ལས་དེས་འཕངས་པའི་རྣམ་སྨིན་གྱི་འབྲས་བུ་མ་འོངས་པ་ན་འབྱུང་རུང་དུ་གྱུར་པའི་མིང་གཟུགས་ལ་སོགས་པ་རྣམས་སོ། །བཞི་པོ་འདི་དག་གི་ངོས་འཛིན། དོན་གསང་རྣམ་པར་བཤད་པ་ལས། ཀུན་གཞིའི་སྟེང་གི་ནུས་པ་ལ་བཞག་ནས་བཅུ་གཉིས་པོ་རྒྱུ་བཅུ་དང་འབྲས་བུ་གཉིས་ཀྱི་སྒོ་ནས་བཤད་ལ། དེའི་ལྟར་ན་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བའི་ཚུལ་ལ་དཀའ་བའི་གནས་ལས་གྲོལ་བར་གྱུར་ཀྱང་རྨ་མེད་པ་མ་ཡིན་ཏེ། བཞི་པོ་འཕངས་པའི་ཡན་ལག་ཏུ་བཞག་པ་དང་མི་འགྲིག་པའི་ཕྱིར། ཇི་ལྟར་ཞེ་ན། འཕངས་པའི་ཡན་ལག་ནི་རྣམ་སྨིན་ཁོ་ནར་འཆད་དགོས་ལ། ནུས་པ་ནི་དེར་མི་རུང་བའི་ཕྱིར་རོ། །བརྒྱད་པ་སྲེད་ལེན་གྱི་རྟེན་འབྲེལ་ནི་བཤད་མ་ཐག་པའི་སྡུག་བསྔལ་གྱི་ཕུང་པོ་དེའི་ལས་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་པའོ། །བཅུ་པ་སྲིད་པ་ནི། སྔ་ཕྱིར་བྱོན་པའི་བོད་ཀྱི་སློབ་དཔོན་རྣམས་ཉོན་མོངས་གཉིས་པོ་དེས་ཀུན་ནས་བསླང་བའི་གྲུབ་བྱེད་ཀྱི་ལས་ཤིག་གོ །ཞེས་གསུང་བ་དེ་ནི་ཅུང་ཟད་ནོར་བ་ཡིན་ཏེ། དབྱིག་གཉེན་ཞབས་ཀྱི་རྟེན་འབྲེལ་མདོ་འགྲེལ་ལས་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་པ་དེ་ཉིད་ཉོན་མོངས་པ་གཉིས་པོས་གསོས་བཏབ་ནས་ནུས་པ་མཐུ་ཅན་དུ་གྱུར་པའི་གནས་སྐབས་ལ་སྲིད་པ་ཞེས་བྱ་བའི་མིང་གིས་འདོགས་པར་བཤད་པའི་ཕྱིར་རོ། །འོ་ན་འདིར་འགྲུབ་བྱེད་ཀྱི་ལས་མ་ཚང་བར་འགྱུར་རོ་ཞེ་ན། དེ་ཡན་ལག་བཅུ་གཉིས་ཀྱི་རྐང་གྲངས་སུ་མ་བཤད་ཀྱང་སྐྱོན་མེད་དེ། ལེན་པ་དུས་ཀྱི་ཀུན་སློང་དུ་བཤད་པ་ན་དེས་ཀུན་ནས་བསླང་བའི་འགྲུབ་བྱེད་ཀྱང་དོན་གྱིས་གོ་བའི་ཕྱིར་རོ། །བཅུ་གཅིག་པ་སྐྱེ་བ་དང་རྒ་ཤི་ནི་རྣམ་སྨིན་མངོན་དུ་གྱུར་པའི་གནས་སྐབས་སོ། །འདི་ནི་རྣམ་སྨིན་གྱི་ཁྱད་པར་ཡིན་གྱི་རྣམ་སྨིན་དངོས་མ་ཡིན་ཏེ། འཕེན་བྱེད་དངོས་དེའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པའི་ཕྱིར། མདོར་ན་འབྲས་བུ་འདི་གཉིས་ནི་ད་ལྟར་གྱི་ཆ་ནས་གཞག་པ་ཡིན་ཏེ། གྲུབ་པའི་འབྲས་བུར་བཞག་པའི་ཕྱིར། དཔེར་ན་དེ་རིང་གི་ལོ་ཏོག་ལྟ་བུའོ། །མིང་གཟུགས་སོགས་བཞི་ནི་མ་འོངས་པའི་ཆ་ནས་བཞག་པ་ཡིན་ཏེ། འཕངས་པའི་འབྲས་བུར་བཞག་པའི་ཕྱིར། དཔེར་ན་སང་ཕོད་ཀྱི་ལོ་ཏོག་བཞིན་ནོ། གཉིས་པ་ཡན་ལག་མདོར་བསྡུ་བའི་ཚུལ་ལ་བསྡུ་ཚུལ་གཉིས་ལས། དང་པོ་ནི། བཅུ་གཉིས་པོ་སྡུག་ཀུན་གཉིས་སུ་འདུ་སྟེ། དྲུག་ནི་ཀུན་འབྱུང་གི་བདེན་པ་དང༌། དེ་ལས་གཞན་དྲུག་པོ་སྡུག་བསྔལ་གྱི་བདེན་པར་འཇོག་པས་སོ། །དང་པོ་ལ་གཉིས་ཏེ། ཉོན་མོངས་པའི་དང༌། ལས་ཀྱི་ཀུན་འབྱུང་ངོ༌། །དང་པོ་ནི། མ་རིག་པ་དང༌། སྲེད་པ་དང༌། ལེན་པའོ། །གཉིས་པ་ནི་སྲིད་པ་དང༌། འདུ་བྱེད་དོ། །སྡུག་བསྔལ་ལ་གཉིས་ཏེ། རྣམ་སྨིན་གྱི་ངོ་བོ་དང༌། ཁྱད་པར་རོ། །དང་པོ་ནི་མིང་དང་གཟུགས་ལ་སོགས་པ་བཞིའོ། །གཉིས་པ་ནི་སྐྱེ་བ་དང༌། རྒ་ཤིའོ། །དེའི་ཤུགས་ལ་སྡུག་ཀུན་གཉིས་འགགས་པ་ནི་འགོག་པའོ། །དེ་གང་གིས་འགོག་པར་བྱེད་པ་ནི་ལམ་མོ། །དེས་དེ་ཤུགས་ལ་སྟོན་པའི་ཤེས་བྱེད་ཀྱང༌། རྣམ་བྱང་གི་རྟེན་འབྲེལ་ལུགས་མཐུན་དང་ལུགས་མི་མཐུན་གཉིས་ཀྱི་སྒོ་ནས་སྒོམ་པར་བཤད་པ་ལས་ཤེས་སོ། །དེ་ཡང་མ་རིག་པ་འགག་པས་ཞེས་བྱ་བ་ལ་སོགས་པས་ནི་མ་རིག་པའི་འགའ་ཟླ་བདག་མེད་རྟོགས་པའི་ཡེ་ཤེས་དེ་ཉིད་ངོས་བཟུང་བ་ཡིན་ལ། འདུ་བྱེད་འགག་པར་འགྱུར་ཞེས་པས་ནི་གང་འགགས་པའི་བྲལ་འབྲས་འགོག་བདེན་དེ་ངོས་བཟུང་བ་ཡིན་ནོ། །དེ་ལྟ་བུའི་འགོག་ལམ་གཉིས་ཀ་ཡང་ལུགས་འདིར་དངོས་པོ་ཁས་ལེན་པ་ཡིན་གྱི། གཞན་དག་གི་འདོད་པ་ལྟར་མེད་དགག་ཏུ་ཁས་ལེན་པ་མ་ཡིན་ཏེ། དེ་ལ་ནི་རྟེན་འབྲེལ་གྱི་དོན་མ་ཚང་བའི་ཕྱིར་རོ། །གཉིས་པ་ནི། བཅུ་གཉིས་པོ་བསྡུ་ན་འཕེན་བྱེད་ཀྱི་རྒྱུ་འབྲས་དང༌། འགྲུབ་བྱེད་རྒྱུ་འབྲས་གཉིས་སོ། །དང་པོ་ལ་གཉིས་ཏེ། འཕངས་སོ་ཞེས་པ་བཤད་པའི་གཞི། གང་གིས་ན་རང་གི་རྒྱུ་ཉོན་མོངས་པ་དང་འདུ་བྱེད་ཀྱིས་སོ། །གང་ན་མིང་གཟུགས་ནས་ཚོར་བའི་བར་བཞིའོ། །ཇི་ལྟར་ན། ཀུན་གཞིའི་སྟེང་དུ་རྣམ་སྨིན་གྱི་ངོ་བོ་འབྱུང་རུང་གི་ས་བོན་བཏབ་པའི་ཚུལ་གྱིས་སོ། །དེ་ལྟར་བཏབ་པ་དེ་ནི་འཕངས་པའི་དོན་ཡིན་ལ། བཏབ་པ་བཞིན་མངོན་དུ་གྱུར་པ་ནི་གྲུབ་པའི་དོན་ཡིན་ནོ། །གཉིས་པ་ལ། འགྲུབ་པར་བྱེད་དོ་ཞེས་པ་བཤད་པའི་གཞི། གང་གིས་ན་སྲེད་པ་དང་ལེན་པས་སོ། །གང་ན་སྐྱེ་བ་དང་རྒ་ཤིའོ། །ཇི་ལྟར་ན་སྔོན་འཕེན་བྱེད་ཀྱིས་འཕངས་པའི་ལས་ཀྱི་བག་ཆགས་དེ་སྲེད་ལེན་གཉིས་ཀྱི་སྲིད་པར་བྱས་པའི་ཚུལ་གྱིས་སོ། །དེ་དེར་བྱས་པའི་དོན་ཡང་དེས་དེ་གསོས་བཏབ་པ་ཡིན་ལ། དེའི་དོན་ཡང་དེས་དེ་སྐད་ཅིག་གཉིས་པར་རྣམ་སྨིན་འབྱིན་པ་ལ་མངོན་དུ་ཕྱོགས་པར་བྱས་པ་སྟེ། དཔེར་ན་རོལ་དུ་ལྷུང་བའི་ས་བོན་དེ་ཆུ་ལུད་དྲོད་གཤེར་གྱི་རྐྱེན་གྱིས་སྐད་ཅིག་གཉིས་པར་མྱུ་གུ་འབྱིན་པ་ལ་མངོན་དུ་ཕྱོགས་པར་བྱས་པ་ལྟ་བུའོ། །དེ་ལྟར་སྲིད་པའི་རང་ལྡོག་ནས་འཕེན་བྱེད་ཀྱི་ལས་ཀྱི་ངོ་བོ་ལ་ངོས་འཛིན་པ་ནི་མ་ཡིན་ཏེ། འཕེན་བྱེད་ཀྱི་ལས་ཀྱིས་བཞག་པའི་བག་ཆགས་ལ་ངོས་འཛིན་པའི་ཕྱིར། འགྲུབ་བྱེད་ཀྱི་ལས་ལ་ངོས་འཛིན་པ་ཡང་མ་ཡིན་ཏེ། འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་ལ་འགྲུབ་བྱེད་ཀྱི་ལས་ཀྱི་ནུས་པ་ཞུགས་པའི་གནས་སྐབས་ལ་དེར་བཞག་པའི་ཕྱིར། དཔེར་ན་ཆུ་ལུད་ཀྱི་ནུས་པ་ཞུགས་པའི་ས་བོན་དེ་ཆུ་ལུད་དུ་མི་འཇོག་པ་བཞིན་ནོ། །དེའི་ཕྱིར་འདུ་བྱེད་ནི་རྣམ་སྨིན་གྱི་ངོ་བོ་འཕེན་བྱེད་ཁོ་ན་ཡིན་གྱི། སྐྱེད་བྱེད་ཀྱི་ཐ་སྙད་མི་འདོགས་ལ། སྲིད་པ་དེ་ནི་དེ་སྐྱེད་བྱེད་ཡིན་གྱི་དེ་འཕེན་བྱེད་མ་ཡིན་ནོ་ཞེས་བྱ་བ་འདི་དང༌། འཕེན་བྱེད་དངོས་ནི་རྣམ་སྨིན་གྱི་དུས་སུ་འགག་ནས་ཡུན་རིང་དུ་ལོན་པ་ཡིན་ལ། སྲིད་པ་ནི་རྣམ་སྨིན་འབྱིན་པ་ལ་མངོན་དུ་ཕྱོགས་པའི་དུས་དེ་ནས་བཟུང་སྟེ། ཇི་སྲིད་རྣམ་སྨིན་རྒྱུན་མ་ཆད་པ་དེ་སྲིད་དུ་འཇུག་པ་ཞེས་བྱ་བ་འདི་དག་ནི་འདུ་བྱེད་དང་སྲིད་པའི་ཁྱད་པར་དུ་ལྟའོ། །ཡང་སྲིད་པ་རང་གི་ངོ་བོ་ནི་ལུང་མ་བསྟན་དུ་ངེས་པ་དང༌། འཕེན་བྱེད་ཀྱི་ངོ་བོ་དགེ་མི་དགེ་གང་རུང་ཁོ་ནར་ངེས་པ་དང༌། དེའི་བག་ཆགས་གསོས་འདེབས་བྱེད་ལ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ལས་གསུམ་ཀ་སྲིད་པ་ཡིན་ལ། དེའི་ཚེ་ན་འཕེན་བྱེད་དངོས་དང༌། དེའི་བག་ཆགས་གཉིས་ནི་རྣམ་སྨིན་གྱི་རྒྱུ་དང༌། མིང་གཟུགས་ནས་ཚོར་བའི་བར་ནི་རྣམ་སྨིན་དངོས་དང༌། འགྲུབ་བྱེད་དངོས་དང་དེའི་བག་ཆགས་ནི་སྐལ་མཉམ་གྱི་རྒྱུ་དང༌། དེས་བསྐྱེད་པའི་སྐྱེ་བ་དང་རྒ་ཤི་ནི་དེའི་རྒྱུ་མཐུན་གྱི་འབྲས་བུར་འཇོག་པ་ཡིན་ལ། དེར་མ་ཟད་མིང་གཟུགས་སོགས་རྣམ་སྨིན་དངོས་རྣམས་ཀྱང་རང་རང་གི་འགྲུབ་བྱེད་ལ་ལྟོས་དེ་རྒྱུ་མཐུན་གྱི་འབྲས་བུ་ཁོ་ནར་འཇོག་པ་ཡིན་ནོ། །གལ་ཏེ་ཐོགས་མེད་སྐུ་མཆེད་ཀྱིས་ཡན་ལག་བཅུ་གཉིས་པོ་རྒྱུ་འབྲས་ཆ་གཅིག་གིས་བསྡུས་པར་འཆད་པ་དེ་ལྟ་ན་མདོ་དང་འགལ་བར་འགྱུར་ཏེ། མདོ་ལས་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བར་གསུངས་ལ། འཆད་ལུགས་འདི་ལ་དེ་ལྟར་འབྱུང་བའི་གོ་སྐབས་མེད་པའི་ཕྱིར་ཏེ། རྣམ་སྨིན་གྱི་ངོ་བོ་ལས་རང་ཉིད་འགྲུབ་བྱེད་ཀྱི་རྒྱུ་དེ་འབྱུང་བ་མི་སྲིད་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། རྣམ་སྨིན་དངོས་ལས་རང་རང་གི་འགྲུབ་བྱེད་དངོས་སུ་གྱུར་པའི་སྲེད་ལེན་སྲིད་པ་གསུམ་མི་འབྱུང་ཡང་རང་རང་གི་ངོ་བོ་དང་ཁྱད་པར་གྱི་རྒྱུན་ཕྱི་མ་སྐྱེད་བྱེད་དུ་གྱུར་པའི་སྲེད་ལེན་སྲིད་པ་གསུམ་འབྱུང་བ་ལ་དགོངས་ནས་དེ་ལྟར་གསུངས་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། ཚངས་རིས་ཀྱི་རྟེན་ལ་བསམ་གཏན་དང་པོའི་དངོས་གཞིའི་ཚོར་བ་ལ་རོ་མྱང་བར་བྱེད་པའི་སྲེད་པ་འབྱུང་ལ། སྲེད་པ་དེས་ཀུན་གཞིའི་སྟེང་གི་བག་ཆགས་ཀྱི་ནུས་པ་རྒྱས་པར་བྱེད་ཅིང༌། དེ་ལྟར་བྱས་པ་དེས་རྟེན་དེ་ལ་རྣམ་སྨིན་གྱི་ངོ་བོ་དང༌། ཁྱད་པར་གྱི་རིགས་འདྲ་ཕྱི་མ་སྐྱེད་པར་བྱེད་པའོ། །བག་ཆགས་དེ་ཡང་གོང་དུ་བཤད་མ་ཐག་པ་ལྟར། རང་རང་གི་རྣམ་སྨིན་གྱི་རྒྱུན་འཛིན་ཞིང་སྐྱེད་པར་བྱེད་པ་ཡིན་ཏེ། དཔེར་ན་མིར་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་རྒྱུན་མ་ཆད་པ་དེ་སྲིད་དུ། མིའི་རྣམ་སྨིན་གྱི་ཕུང་པོ་རྒྱུན་མི་ཆད་པ་བཞིན་ནོ། །གསུམ་པ་ས་མཚུངས་དཔྱད་པ་ལ། ཉོན་ཡིད་འཁོར་གྱི་མ་རིག་པ་དང༌། རྣམ་པར་ཤེས་པ་གཉིས་ནི། གང་དུ་ལས་སོག་པའི་འགྲོ་བ་དེ་ཉིད་དུ་གཏོགས་པ་ཡིན་ཏེ། མ་རིག་པ་ནི་རྣམ་སྨིན་འཕེན་བྱེད་ཀྱི་ལས་དེའི་རྒྱུའི་ཀུན་སློང་ཡིན་པའི་ཕྱིར་དང༌། ཉོན་ཡིད་དང༌། ཀུན་གཞིའི་རྣམ་པར་ཤེས་པ་ནི་ལས་སོག་པ་པོ་གང་དུ་གཏོགས་པའི་ལུས་རྟེན་དེ་ཉིད་དུ་གཏོགས་པའི་ཕྱིར། ཡིད་ཤེས་འཁོར་གྱི་མ་རིག་པ་ནི་གང་དུ་སྐྱེ་ས་དེའི་འོག་ས་དེ་མ་ཐག་པ་དེ་ཉིད་དུ་གཏོགས་པས་ཁྱབ་བོ། །རྣམ་སྨིན་གྱི་ངོ་བོ་བཞི་དང༌། ཁྱད་པར་གཉིས་ཏེ་དྲུག་པོ་ནི་ས་མཚུངས་པ་ཁོ་ན་ཡིན་ཏེ། གང་དུ་སྐྱེ་འགྱུར་གྱིས་དེ་ཁོ་ནར་གཏོགས་པས་ཁྱབ་པའི་ཕྱིར། འདུ་བྱེད་དང་སྲིད་པ་གཉིས་ནི་རྣམ་སྨིན་དང་ས་མཚུངས་པ་ཡིན་ཏེ། ས་གཞན་གྱི་རྣམ་སྨིན་འཕེན་བྱེད་ས་དེའི་རྣམ་སྨིན་འཕེན་བྱེད་དུ་འགལ་བའི་ཕྱིར་དང༌། ས་དེའི་རྣམ་སྨིན་སྐྱེད་བྱེད་ས་གཞན་གྱི་རྣམ་སྨིན་སྐྱེད་དུ་འགལ་བའི་ཕྱིར། ལེན་པ་ཡང་རྣམ་སྨིན་དང་ས་མཚུངས་པ་ཡིན་ཏེ། ལེན་པའི་རྟེན་འབྲེལ་ཡིན་ན་རྣམ་སྨིན་དེའི་འཕེན་བྱེད་ཀྱི་རྒྱུ་དེ་ཉིད་གསོས་འདེབས་བྱེད་ཡིན་དགོས་ལ། ས་གཞན་གྱི་ཉོན་མོངས་ས་གཞན་གྱི་ལས་གསོས་འདེབས་བྱེད་དུ་འགལ་བའི་ཕྱིར། རྟེན་འབྲེལ་ཚར་གཅིག་གི་སྲེད་ལེན་གཉིས་ས་མཚུངས་པའི་ངེས་པ་ཡོད་པ་མ་ཡིན་ཏེ། སྲེད་པ་ནི་ཚེ་འདིའི་རྣམ་སྨིན་གྱི་ངོ་བོ་ལ་སྲེད་པ་ཡིན་ལ། ལེན་པ་ནི་སྐྱེ་བ་ཕྱི་མའི་རྣམ་སྨིན་ཉེ་བར་ལེན་པའི་ཆ་ནས་བཞག་པའི་ཕྱིར། དཔེར་ན་འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བའི་ཚེ་སྲེད་པས་ནི་འདོད་པའི་ཚོར་བ་ལ་སྲེད་པ་ཡིན་ལ། ལེན་པས་ནི་བསམ་གཏན་དང་པོའི་ཚོར་བའི་རྒྱུ་ཉེ་བར་ལེན་པ་བཞིན་ནོ། །གལ་ཏེ་དེའི་ཚེ་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་རྟེན་དེ་ལ་ངེས་པར་སྐྱེད་དགོས་པས་དེའི་ཚོར་བ་ལས་དེའི་སྲེད་པས་རོ་མྱང་བར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བའི་རྟེན་འབྲེལ་གྱི་རྣམ་གཞག་བྱེད་པ་དེའི་ཚེ་ན་ཚོར་བ་ནི་རྣམ་སྨིན་གྱི་ངོ་བོ་ལ་སྲེད་པར་བཤད་པ་གང་ཞིག འདོད་པའི་རྟེན་ལ་བསམ་གཏན་གྱི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཚོར་བ་མི་འབྱུང་བའི་ཕྱིར། ཡང་བསམ་གཏན་དང་པོ་ནས་འདོད་པར་སྐྱེ་བའི་ཚེ་ལྟ་བུ་ཡང་སྲེད་པས་ནི་བསམ་གཏན་དང་པོའི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཚོར་བ་ལ་རོ་མྱང་བར་བྱེད་ལ། ལེན་པས་ནི་འདོད་པའི་རྣམ་སྨིན་གྱི་རྒྱུ་ལེན་པར་བྱེད་པ་ཡིན་ནོ། །དེ་དུས་ཀྱི་ཚོར་བ་དེ་འདོད་པའི་ཚོར་བར་མི་རིགས་ཏེ། གོང་མའི་རྟེན་ལ་འོག་མའི་རྣམ་སྨིན་མངོན་དུ་མི་འགྱུར་བའི་ཕྱིར་དང༌། བསམ་གཏན་དང་པོའི་ཚོར་བ་ཡིན་ན་ནི་དེ་ལ་རོ་མྱང་བའི་སྲེད་པ་དེ་འདོད་པའི་རྣམ་སྨིན་དང་ས་མཚུངས་པར་འགལ་བས་སོ། །དེས་ན་གོང་སའི་རྟེན་ལ་འོག་སའི་སྲེད་པ་འབྱུང་བ་ལ་ནི་མངོན་པ་གོང་མའི་ལུང་མེད་ཅིང༌། འོག་མའི་ལུང་ཡང་རྙེད་པར་དཀའོ། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ལ་མཚན་ཉིད་ནི། འགོག་ལམ་གང་རུང་གིས་བསྡུས་པའི་རྟེན་འབྲེལ་ལོ། །དབྱེ་ན་མ་རིག་པ་འགགས་པ་ནས་རྒ་ཤི་འགགས་པའི་བར་བཅུ་གཉིས་སོ། །བཅུ་གཉིས་པོ་ཐམས་ཅད་འགོག་པའི་བདེན་པ་ཡིན་ཀྱང་རྒྱུ་རྐྱེན་ལ་མི་ལྟོས་པ་ནི་མ་ཡིན་ཏེ། བྲལ་བའི་འབྲས་བུ་ཡིན་པའི་ཕྱིར་དང༌། འགོག་པའི་བདེན་པ་ལ་ནི་དོན་དམ་པའི་བདེན་པས་ཁྱབ་ཅིང༌། དེ་ལ་དངོས་པོས་ཁྱབ་པའི་ཕྱིར་རོ། །འོ་ན་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལ་སྡུག་ཀུན་གཉིས་འབྱུང་བ་བཞིན་དུ། རྣམ་བྱང་གི་བདེན་པ་ལའང་འགོག་ལམ་གཉིས་བཞག་དགོས་པ་ལས་མི་འཆད་པ་ཅི་ཞེ་ན། དངོས་སུ་མ་བཤད་ཀྱང་དོན་གྱིས་གྲུབ་པ་ཡིན་ཏེ། མ་རིག་པ་འགོག་བྱེད་ནི་རིག་པ་ཡེ་ཤེས་ལས་གཞན་མ་དམིགས་པའི་ཕྱིར། གསུམ་པ་རྣལ་འབྱོར་དུ་བྱ་བའི་ཚུལ་ནི། ཀུན་བྱང་གི་རྟེན་འབྲེལ་གཉིས་པོ་ལུགས་ལས་འབྱུང་བ་དང་ལུགས་ལས་ཟློག་པའི་རིམ་པ་གཉིས་ཀྱི་སྒོ་ནས་གོམས་པར་བྱེད་དོ། །དེ་ལྟར་བསྒོམས་པའི་དགོས་པ་ནི། བདེན་པ་བཞི་ལ་མཁས་པར་བྱ་བའི་ཕྱིར་ཡིན་ལ། དེ་ཡང་སྡུག་ཀུན་ལ་མཁས་པས་ནི་ཤེས་བྱ་ཇི་སྙེད་པའི་ཕྱོགས་ལ་རྨོངས་པ་བསལ་ནས་ཟག་བཅས་ཀྱི་རྒྱུ་འབྲས་ལ་ཡིད་ཆེས་པར་བྱེད་ཅིང༌། འགོག་ལམ་ལ་མཁས་པས་ནི་ཤེས་བྱ་ཇི་ལྟ་བའི་ཕྱོགས་ལ་རྨོངས་པ་སེལ་བར་བྱེད་ཅིང་ཟག་པ་མེད་པའི་རྒྱུ་འབྲས་ལ་ངེས་པ་འདྲེན་པར་བྱེད་དོ། །གནས་མེད་ཆོས་རྣམས་གང་ལ་གནས་པ་དང༌། །སྐྱེ་མེད་ཆོས་རྣམས་གང་ལས་སྐྱེ་བ་དང༌། །འཇིག་མེད་ཆོས་རྣམས་གང་གིས་འཇིག་ཅེས་པ། །རྟེན་འབྱུང་ཟབ་མོའི་ཆོས་ཀྱི་རྟེན་འབྲེལ་ལོ།།  །།གསུམ་པ་སྒོམ་ལམ་རྩེ་སྦྱོར་ལ་མཚན་ཉིད་ནི། རང་གི་སྤང་བྱ་སྒོམ་སྤང་རྟོག་པའི་ས་བོན་ལ་གནོད་པ་བྱེད་པའི་རྗེས་ལ་མངོན་རྟོགས་སོ། །དབྱེ་ན། དེའི་ས་བོན་མགོ་གནོན་པ་སྦྱོར་བའི་ལམ་དང༌། དྲུངས་འབྱིན་པ་བར་ཆད་མེད་པའི་ལམ་མོ། །གཉིས་པོའི་ངོས་འཛིན་ནི་གོ་རིམ་བཞིན་དུ། སྦྱོར་བ་སེང་གེ་རྣམ་བསྒྱིངས་དང༌། དངོས་གཞིའི་ཐོད་རྒལ་ལ་འཆད་དགོས་ཏེ། གཉིས་པོའི་ངོས་འཛིན་དེ་ལས་གཞན་མ་བཤད་པའི་ཕྱིར་རོ། །གཉིས་པོ་རེ་རེ་ལ་ཆུང་ངུ་འབྲིང་ཆེན་པོ་དགུ་དགུར་དབྱེ་དགོས་པ་ཡིན་ཏེ། ཇི་སྐད་དུ། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་གསུངས་པ་ལྟར། སྤང་བྱ་རྣམ་པར་རྟོག་པའི་དབྱེ་བ་ལས་སོ། །གལ་ཏེ་དེའི་དབྱེ་བ་ལས་དེའི་གཉེན་པོ་བར་ཆད་མེད་ལམ་ལ་དགུར་དབྱེ་བ་རིགས་ཀྱང་སྦྱོར་བའི་ལམ་ལ་དགུར་དབྱེ་བ་མ་བཤད་པས་མི་རིགས་སོ་སྙམ་ན། མ་བཤད་པ་མ་ཡིན་ཏེ། གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་ལ་དགུ་དགུར་ཕྱེ་ནས་དེ་སྦྱོར་བའི་ལམ་གྱིས་སྤོང་བར་བཤད་པའི་ཕྱིར་དང༌། དགུ་པོ་ཡང་ཆུང་འབྲིང་ཆེན་པོའི་དབྱེ་བར་མ་བཤད་ན་སྒོམ་སྤང་རྟོག་པ་ལ་ཆུང་སོགས་ཀྱི་དབྱེ་བ་དགུར་བཤད་ཀྱང་དེའི་ངོས་འཛིན་བསྟན་བཅོས་སུ་མ་བཤད་པར་ཐལ་བའི་ཕྱིར་རོ། །རིགས་པས་ཀྱང་འགྲུབ་སྟེ། སྤང་བྱ་རྟོག་པ་རེ་རེ་ཡང་སྤོང་བྱེད་ཀྱི་གཉེན་པོ་ལ་ལམ་བཞི་བཞིར་འབྱེད་པ་ནི་ལུང་ཆོས་སྤྱིའི་བརྡ་ལས་འབྱུང་བའི་ཕྱིར་རོ། །འོ་ན་མཐོང་སྤང་རྟོག་པ་དགུ་པོ་ཡང་ལམ་བཞིའི་རིམ་པས་རིམ་གྱིས་སྤོང་དགོས་སོ་ཞེ་ན། མཚུངས་པ་མ་ཡིན་ཏེ། མཐོང་སྤང་རྣམས་ནི་ཆུང་འབྲིང་དགུའི་རིམ་གྱིས་སྤོང་བ་མ་ཡིན་ཞིང༌། སྒོམ་སྤང་རྣམས་ནི་དེ་ལྟ་བུའི་རིམ་པས་སྤོང་བར་འཆད་པ་ནི་ལུང་ཆོས་པ་སྤྱིའི་བརྡ་ལས་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་སྦྱོར་བ་ལ་རྩ་བའི་དབྱེ་བ་གསུམ་དང༌། དེ་རེ་རེ་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་དགུའོ། །དེ་ཐམས་ཅད་ཀྱི་ངོ་བོ་ཡང་མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་ལ་ལུགས་དང་མཐུན་མི་མཐུན་གཉིས་ཀྱི་སྒོ་ནས་སྙོམས་པར་འཇུག་པ་ཞིག་ལ་འཆད་དགོས་ཏེ། དེའི་ངོས་འཛིན་དེ་ལས་གཞན་གྱི་གསལ་བར་མ་བཤད་པའི་ཕྱིར། དགུ་པོ་དེ་ཡང་ས་གཉིས་པ་ནས་བཅུ་པའི་བར་ལ་རིམ་པ་བཞིན་དུ་བཞག་དགོས་པ་ཡིན་ཏེ། འཇུག་པ་བར་ཆད་མེད་ལམ་དགུ་པོ་རེ་རེ་ཞིང་ཡང་སྦྱོར་བ་རེ་རེ་སྔོན་དུ་འགྲོ་བ་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་པོ་སྤྱི་ལྡོག་ནས་བདག་མེད་པའི་རྣམ་པ་ཅན་དུ་མ་ངེས་པ་ཉིད་ཀྱི་ཕྱིར་ན་སྤང་བྱ་མཚན་འཛིན་གྱི་རྟོག་པའི་གཉེན་པོར་མ་ངེས་ཀྱང་འདིར་བསྟན་གྱི་དགུ་པོ་དེ་ནི་ཤེས་ཕྱིན་དྲུག་ལྡན་གྱི་ནང་ཚན་གྱི་བསམ་གཏན་གྱི་ཕར་ཕྱིན་དུ་བཤད་པས་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མཚུངས་ལྡན་དུ་བྱུང་བའི་ཏིང་ངེ་འཛིན་ཡིན་པ་དེ་ཉིད་ཀྱི་ཕྱིར་སྒོམ་སྤང་རྟོག་པའི་ས་བོན་ལ་གནོད་དོ། །སེང་གེ་རྣམ་པར་བསྒྱིངས་པ་ཞེས་སྒྲ་འཆད་པའི་རྒྱུ་མཚན་ཡང་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའོ། །གཉིས་པ་འཇུག་པ་ལ་མཚན་ཉིད་ནི། རང་རང་གི་ངོས་སྐལ་གྱི་སྤང་བྱ་སྒོམ་སྤང་རྟོག་པའི་ས་བོན་དྲུངས་འབྱིན་པར་ནུས་པའི་རྗེས་ལ་མངོན་རྟོགས་སོ། །དབྱེ་ན་ཐོད་རྒལ་གྱི་ཏིང་ངེ་འཛིན་ཆུང་ངུ་འབྲིང་ཆེན་པོ་གསུམ་མོ། །དང་པོའི་མཚན་ཉིད། རང་གི་སྤང་བྱ་སྒོམ་སྤང་རྟོག་པ་ཆེན་པོ་སྐོར་གསུམ་གང་རུང་གི་ས་བོན་དྲུངས་འབྱིན་བྱེད་དོ། །དབྱེ་ན་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་གསུམ་མོ། །གཉིས་པའི་མཚན་ཉིད་ནི། རང་གི་སྤང་བྱ་སྒོམ་སྤང་རྟོག་པ་འབྲིང་པོ་སྐོར་གསུམ་གང་རུང་གི་ས་བོན་དྲུངས་འབྱིན་བྱེད་དོ། །དབྱེ་ན་འབྲིང་པོའི་ཆུང་ངུ་སོགས་གསུམ་མོ། །གསུམ་པའི་མཚན་ཉིད་ནི། རང་གི་སྤང་བྱ་སྒོམ་སྤང་རྟོག་པ་ཆུང་ངུ་སྐོར་གསུམ་གང་རུང་གི་ས་བོན་དྲུངས་འབྱིན་བྱེད་དོ། །དེའང་ཆེན་པོའི་ཆུང་ངུ་ལ་སོགས་པའི་དབྱེ་བས་གསུམ་མོ། །དགུ་པོ་སོ་སོའི་མཚན་ཉིད་ཀྱང་སྔ་མའི་རིགས་པས་བརྟགས་ནས་ཤེས་པར་བྱ་ཞིང༌། སྒོམ་རྩེ་བར་ཆད་མེད་ལམ་ཆེན་པོའི་ཆེན་པོའི་མཚན་གཞི་རྒྱུན་མཐའི་བར་ཆད་མེད་ལམ་ལ་ངོས་འཛིན་པ་ནི་ནོར་བ་ཡིན་ཏེ། དེ་ནི་བར་ཆད་མེད་པའི་རྩེ་སྦྱོར་དུ་འཆད་དགོས་པའི་ཕྱིར་དང༌། བར་ཆད་མེད་རྩེ་ནི་སྒོམ་རྩེ་ཆེན་པོ་ལས་ལོགས་སུ་སྤང་བྱ་དང༌། གཉེན་པོ་དང་བྲལ་འབྲས་ཡོན་ཏན་གྱི་ཁྱད་པར་མི་འདོར་བ་གསུམ་གྱི་སྒོ་ནས་རྣམ་དབྱེ་ཐ་དད་དུ་བཤད་པའི་ཕྱིར་རོ། །འོ་ན་མདོ་དང་རྒྱན་གྱི་དངོས་བསྟན་ལ་སྒོམ་སྤང་གཟུང་འཛིན་གྱི་རྟོག་པ་སུམ་ཅུ་སོ་དྲུག་གསུངས་པ་དེ་དང༌། ཆུང་འབྲིང་གི་དབྱེ་བས་དགུར་བཤད་མ་ཐག་པ་དེ་ཇི་ལྟར་སྦྱོར་ཞེ་ན། བཞི་པོ་རེ་རེ་ལ་ཡུལ་གྱི་སྒོ་ནས་དགུར་ཕྱེ་བ་དེ་ནི་ཆུང་འབྲིང་གི་དབྱེ་བས་ཕྱེ་བ་ཉིད་དུ་ངེས་པར་ཁས་ལེན་དགོས་པའི་ཕྱིར། སོ་དྲུག་པོ་བསྡུ་ན་དགུར་འདུས་ཤིང༌། རྒྱས་པར་ཕྱེ་ན་བརྒྱ་དང་བརྒྱད་དུ་ཡང་འགྱུར་བ་ཡིན་ཏེ། ཁམས་གསུམ་པོ་རེ་རེ་ལ་གཟུང་འཛིན་གྱི་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་ཏུ་ཕྱེ་བས་སོ། །དེས་དེ་དག་ཇི་ལྟར་སྤོང་བའི་ཚུལ་ཡང་རྣལ་འབྱོར་སྤྱོད་པའི་གཞུང་གི་སྒྲས་ཟིན་ལ། ཐོག་མར་གཟུང་རྟོག་སྤངས་ནས་དེའི་རྗེས་སུ་འཛིན་རྟོག་སྤོང་བར་བཤད་པ་ལྟར་འདིར་སྒྲ་ཇི་བཞིན་པ་ཉིད་དུ་ཁས་ལེན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བཤད་མ་ཐག་པའི་དབྱེ་བསྡུའི་རིམ་པས། སྤོང་ཐེབས་དགུར་དྲིལ་བའི་ཚུལ་གྱིས་སོ། །གལ་ཏེ་འོ་ན་མཐོང་སྤང་གཟུང་འཛིན་གྱི་རྟོག་པ་ལ་དགུ་དགུར་ཕྱེ་བ་དེ་ཡང་ཆུང་འབྲིང་གི་དབྱེ་བར་འགྱུར་ལ། དེ་ཡང་དེ་ལྟ་ན་གཉེན་པོ་ལའང་ཆུང་འབྲིང་གི་དབྱེ་བས་དགུར་དབྱེ་དགོས་པ་མཚུངས་སོ་ཞེ་ན། མི་མཚུངས་ཏེ། མཐོང་སྤང་གི་རྟོག་པ་བརྒྱ་དང་བརྒྱད་པོ་ནི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཙམ་གྱིས་སྤོང་ནུས་ལ། ཅིག་ཤོས་རྣམས་ནི་དེ་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱས་པའི་སྟོབས་ལས་སྤང་དགོས་པས་སོ། །དེ་ལྟ་ན་ཐེག་ཆེན་མཐོང་ལམ་གྱི་བཟོད་པ་ཕྱི་མ་རྣམས་དོན་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྡུག་བསྔལ་མཐོང་སྤང་བརྒྱ་རྩ་བརྒྱད་པོ་དེ་སྡུག་བསྔལ་ཆོས་བཟོད་ཀྱིས་གཅིག་ཆར་དུ་སྤངས་ཀྱང་དེའི་འོག་ཏུ་ཀུན་འབྱུང་མཐོང་སྤང་བརྒྱ་དང་བརྒྱད་པོ་དེ་ཀུན་འབྱུང་ལ་ཆོས་བཟོད་ཀྱིས་སྤོང་དགོས་པ་ལ་སོགས་པར་དོན་གྱིས་གྲུབ་པའི་ཕྱིར་རོ། །འོ་ན་ཅི་ཐོད་རྒལ་གྱི་སྙོམས་པར་འཇུག་པ་འདི་དག་སྒོམ་ལམ་རྩེ་སྦྱོར་དུ་འཆད་ན། འདོད་སེམས་དང་སྲིད་རྩེ་དང་འགོག་པའི་སྙོམས་པར་འཇུག་པ་དག་ཇི་ལྟར་ན་དེར་རུང་སྟེ། ཆོས་མངོན་པ་ལས་འདོད་སེམས་དང་སྲིད་རྩེ་ལ་ཟག་མེད་མི་སྲིད་ཅིང་འགོག་པའི་སྙོམས་པར་འཇུག་པ་ནི་མི་ལྡན་པའི་འདུ་བྱེད་དུ་བཤད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། འདོད་པར་གཏོགས་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་སེམས་ལ་བཤད་ལ། དེའི་དོན་ཡང་རྗེས་ཐོབ་ཡེ་ཤེས་ལ་འཆད་པ་ཡིན་གྱི། འདོད་པའི་ཉོན་མོངས་དང་མཚུངས་པར་ལྡན་པའི་སེམས་ལ་བྱ་བ་མ་ཡིན་པའི་ཕྱིར། སྲིད་རྩེའི་སེམས་ལ་ཟག་མེད་འཇོག་པ་བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་སོ་ཞེས་སློབ་དཔོན་ཉིད་ཀྱིས་བཤད་པའི་ཕྱིར་དང༌། འགོག་པའི་སྙོམས་འཇུག་གི་སྐབས་ན་ཟག་མེད་ཀྱི་ཡེ་ཤེས་མེད་པ་མ་ཡིན་པར་གོང་དུ་བཤད་ཟིན་པའི་ཕྱིར་དང༌། ཐབས་ལ་མཁས་པའི་གོ་དོན་ཡང་བྱང་ཆུབ་སེམས་དཔའི་ཟག་མེད་ཀྱི་ཡེ་ཤེས་ནི་སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་པས་སྤྲོས་པའི་མཚན་མ་ཅི་ཡང་མི་འཛིན་ལ། འདོད་པ་དང་སྲིད་རྩེའི་སེམས་ཀྱི་ངོ་བོ་མྱོང་བ་གསལ་རིག་གི་ཆ་དེ་ནི་སྤྲོས་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་སྐྱེ་བ་མི་འགལ་བའི་ཕྱིར། ཉན་ཐོས་ཐབས་ལ་མི་མཁས་པའི་དོན་ནི་དེའི་ཟག་མེད་ཀྱི་ཡེ་ཤེས་ནི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་དུ་སྐྱེས་ནས་དེ་ཉིད་འཛིན་སྟངས་ཀྱི་བཟུང་བྱར་བྱེད་པ་ཡིན་ལ། འདོད་པ་དང་སྲིད་རྩེའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་དེ་ལྟར་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །ཐོད་རྒལ་ཆུང་ངུ་སྐོར་གསུམ་ཀ་ཡང་མཐར་གནས་དགུ་ལ་ཆོས་གཞན་སྤེལ་བ་དང་བོར་བ་གང་ཡང་མེད་པར་ལུགས་མཐུན་གྱི་སྒོ་ནས་སྙོམས་པར་འཇུག་པ་ཞིག་ཡིན་པས། དེའི་གནས་ནི་དགུ་ཁོ་ནར་གྲངས་ངེས་པ་ལ་རྩོད་པ་མེད་དོ། །འབྲིང་པོ་སྐོར་གསུམ་གྱི་ངོ་བོ་ནི་སྙོམས་པར་འཇུག་པ་དང་པོ་བརྒྱད་ལ་འགོག་པ་རེ་རེ་སྤེལ་ནས་མཐར་སྲིད་རྩེའི་སེམས་ཀྱི་དེ་ལས་ལྡང་བར་བྱེད་ཅིང༌། ལངས་རྗེས་སུ་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་པ་ཞིག་ཡིན་པར་བཤད་པས་རྫས་ཀྱི་སྒོ་ནས་གནས་བཅུ་བདུན་དང༌། ལྡོག་པའི་སྒོ་ནས་དེ་ཉིད་ཉིས་འགྱུར་གྱི་སྒོ་ནས་བཤད་པར་བྱ་སྟེ། དཔེར་ན། བསམ་གཏན་དང་པོ་ནས་འགོག་པའི་སྙོམས་པར་འཇུག་གོ །ཞེས་བརྗོད་པའི་ཚེ་གནས་གཉིས་དང༌། ཡང་དེ་བཞིན་དུ་འགོག་པ་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །ཞེས་བརྗོད་པའི་ཚེ་ཡང་གནས་གཉིས་སུ་འདྲེན་དགོས་པ་ལྟ་བུའོ། །བོད་གཞན་དག སྲིད་རྩེའི་ནུད་ཆུང་ཞེས་ཟེར་བ་ནི་མ་དག་པ་ཡིན་ཏེ། ཇི་སྐད་དུ། རང་གི་དག་དང་འོག་མ་ཡི། །འཕགས་པའི་སེམས་ཀྱིས་དེ་ལས་ལྡང༌། །ཞེས་གསུངས་པ་ལྟར་ལྡང་སེམས་མངོན་དུ་བྱེད་པའི་དབང་དུ་བྱས་ནས་དེ་སྐད་ཅེས་གསུངས་པ་ཡིན་གྱི། ནུད་ཆུང་ཞེས་བྱ་བ་མཁས་པའི་བརྡ་ལས་འབྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་པ་ན་གཞན་དག་ནུད་ཆུང་བྱས་པ་ལ་དགོས་པ་ཅི་ཡོད་ཅེས་རྟོག་ཅིང་དཔྱོད་པ་ལ་ལན་འདེབས་པ་དག་གིས། འདོད་སེམས་མངོན་དུ་བྱ་བའི་ཆེད་ཡིན་ཏེ། སྲིད་རྩེའི་རྗེས་ཐོགས་ཀྱི་འགོག་པ་ནི་ཞི་བ་མཐར་ཐུག་པ་ཡིན་པས། དེའི་དེ་མ་ཐག་ཏུ་འདོད་སེམས་མངོན་དུ་བྱེད་མི་ནུས་པའི་ཕྱིར། ཞེས་འཆད་པ་དང༌། སྐབས་དེར་འདོད་སེམས་མངོན་དུ་བྱས་པའི་དགོས་པ་ཡང༌། ཐོད་རྒལ་འབྲིང་པོའི་སྐབས་སུ་འགོག་པ་དང་འགོག་པ་སྤེལ་བའི་ཕྱིར་ཡིན་ཏེ། འགོག་པ་སྔ་ཕྱིའི་མཚམས་འདོད་སེམས་ཀྱིས་འཛིན་དགོས་པའི་ཕྱིར། ཞེས་ཟེར་བ་དེ་དག་ཀྱང་རིགས་པ་མ་ཡིན་པར་གྲུབ་སྟེ། འབྲིང་པོའི་སྐབས་སུ་འགོག་པ་དང་འགོག་པ་སྤེལ་བ་མི་འཐད། འཐད་ཀྱང་འདོད་སེམས་ཀྱིས་མཚམས་འཛིན་དགོས་པ་མི་འཐད། དེ་འཐད་ཀྱང་འགོག་པའི་རྗེས་སུ་འདོད་སེམས་མངོན་དུ་བྱེད་མི་ནུས་པ་མི་འཐད་པའི་ཕྱིར་རོ། །དང་པོ་ནི། དེར་དེ་དང་དེ་སྤེལ་བ་མི་འཐད་དེ། དེར་དེ་དང་དེ་སྤེལ་བ་མདོ་དང་འགྲེལ་པ་གཉིས་ཀ་ལས་མ་བཤད་པའི་ཕྱིར། གལ་ཏེ་འདི་སྙམ་དུ། ཇི་སྐད་དུ། དེ་ལྟ་བུ་དེ་མངོན་དུ་བྱས་ནས་དེའི་འོག་ཏུ་འགོག་པ་ལའོ། །ཞེས་པ་ཡན་ཆོད་ཐོད་རྒལ་འབྲིང་པོའི་གནས་ལ་སྦྱོར་བའི་ཕྱིར་ན་དེའི་སྐབས་སུ་དེ་དང་དེ་སྤེལ་བར་མདོ་འགྲེལ་གཉིས་ཀ་ལས་བཤད་དོ། །ཞེ་ན། དེ་ནི་ཤིན་ཏུ་རིགས་པ་མ་ཡིན་ཏེ། དེ་དེར་སྦྱར་ན་ཐོད་རྒལ་ཆེན་པོའི་ཚེ་འགོག་པ་དང་འདོད་སེམས་སྤེལ་བ་མི་འབྱུང་ལ། དེ་ལྟ་ན་ཐོད་རྒལ་ཆེན་པོའི་གནས་མ་ཚང་བར་འགྱུར་ཏེ། དེར་མཐར་གནས་ཀྱི་སྙོམས་འཇུག་དགུ་དང་འདོད་སེམས་སྤེལ་བ་མ་བྱུང་བའི་ཕྱིར་རོ། །གཉིས་པ་ནི། སྐབས་དེར་འགོག་པ་དང་འགོག་པ་སྤེལ་བ་འཐད་ན་ཡང་འདོད་སེམས་ཀྱིས་མཚམས་འཛིན་མི་དགོས་ཏེ། ཁྱེད་རང་ལྟར་ན་འགོག་པ་ནས་སྲིད་རྩེར་ནུད་པ་གང་ཞིག དེ་ནས་འགོག་པ་ལ་སྙོམས་པར་ཞུགས་པས་ཆོག་པའི་ཕྱིར་དང་ཐོད་རྒལ་འབྲིང་པོ་ནི་མཉམ་གཞག་ཐུན་གཅིག་ཡིན་གྱི། བར་དུ་རྗེས་ཐོབ་ཀྱིས་ཆོད་པ་མེད་པའི་ཕྱིར། ཐོད་རྒལ་འབྲིང་པོའི་སྐབས་སུ་འགོག་པ་ལ་གནས་གཉིས་སུ་བགྲང་དགོས་པའི་རྒྱུ་མཚན་གྱིས་བར་དུ་གཅོད་བྱེད་མཉམ་པར་མ་བཞག་པའི་སེམས་ཤིག་ངེས་པར་དགོས་ན། སྦྱོར་བ་སེང་གེ་རྣམ་བསྒྱིངས་ལུགས་མི་མཐུན་དུ་འཇུག་པའི་དུས་སུའང་དེ་དགོས་པ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་རོ། །གསུམ་པ་ནི། འགོག་པའི་དེ་མ་ཐག་ཏུ་འདོད་སེམས་མངོན་དུ་བྱེད་མི་ནུས་ན། ཇི་སྐད་དུ། མདོ་འགྲེལ་གཉིས་ཀ་ལས། འགོག་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །ཞེས་བཤད་པ་དང་འགལ་ལོ། །གལ་ཏེ་དེ་དང་མི་འདྲ་སྟེ། རྩོད་གཞི་དེ་སྲིད་རྩེས་བསྒྲུབས་པའི་འགོག་པ་ཡིན་པས་ཤིན་ཏུ་ཞི་བ་མཐར་ཐུག་པ་ཡིན་པའི་རྒྱུ་མཚན་གྱིས་དེའི་དེ་མ་ཐག་ཏུ་དེ་ལ་འཇུག་མི་ནུས་པས་སོ་ཞེ་ན། རྒྱུ་མཚན་དེས་ཉེས་པ་སྤོང་མི་ནུས་ཏེ། སྲིད་རྩེས་མ་སྒྲུབ་པའི་འགོག་པའི་སྙོམས་འཇུག་མི་སྲིད་པའི་ཕྱིར་དང༌། སྲིད་རྩེ་ནས་ཞུགས་པའི་འགོག་སྙོམས་དེ་ལ་རྗེས་ཐོབ་ཏུ་ལྡང་མི་ནུས་པར་འགྱུར་ཏེ། དེའི་དེ་མ་ཐག་ཏུ་འདོད་སེམས་མངོན་དུ་བྱེད་མི་ནུས་པ་གང་ཞིག འདིའི་འདོད་སེམས་དང་རྗེས་ཐོབ་དོན་གཅིག་ལ་འདུ་བ་ནི་སློབ་དཔོན་གྱི་དགོངས་པ་ཡིན་པའི་ཕྱིར། ཐོད་རྒལ་ཆེན་པོ་ནི་རང་རྒྱུ་སྦྱོར་སེང་ཆེན་པོ་སྐོར་གསུམ་གང་རུང་སྔོན་དུ་བཏང་ནས། རང་གི་སྤང་བྱ་སྒོམ་སྤང་རྟོག་པ་ཆུང་ངུ་སྐོར་གསུམ་གང་རུང་གི་ས་བོན་དྲུངས་འབྱིན་བྱེད་ཀྱི་རྗེས་ལ་མངོན་རྟོགས་སོ། །མཚན་གཞི་ནི་མཐར་གནས་ཀྱི་སྙོམས་འཇུག་དགུ་པོ་རེ་རེ་ཞིང་འདོད་སེམས་རེ་རེ་སྤེལ་ནས་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའོ། །གནས་ཀྱི་རྐང་གྲངས་ནི་རྫས་ཀྱི་སྒོ་ནས་བཅོ་བརྒྱད་དང༌། ལྡོག་པའི་དབྱེ་བས་སུམ་ཅུ་རྩ་དྲུག་ཏུ་འགྱུར་བའི་ཚུལ་ནི་སྔ་མ་བཞིན་ནོ། །ཐོད་རྒལ་འབྲིང་པོ་ཡར་སོང་ཁོ་ན་དང༌། ཆེན་པོའི་ཚེ་མར་འོང་ཁོ་ནར་འཆད་པ་འདི་ནི་སྤྱི་ལྡོག་ནས་ཡིན་གྱི། ཞིབ་མོར་ན། གཉིས་ཀ་ལ་གཉིས་ཀ་ཡོད་དེ། འབྲིང་པོའི་ཚེ་འགོག་པ་ནས་བསམ་གཏན་གཉིས་པ་ལ་འཇུག་པ་ལྟ་བུ་ནི་མར་འོང་གི་མཚན་གཞི་ཡིན་ལ། ཆེན་པོའི་ཚེ་ན་འདོད་སེམས་ནས་སྲིད་རྩེ་ལ་འཇུག་པ་ནི་ཡར་འོང་གི་མཚན་གཞི་ཡིན་པ་ལྟ་བུའོ། །དེ་ལྟར་སྙོམས་པར་ཞུགས་པའི་དགོས་པ་ནི། བོད་སྔ་མ་རྣམས་སྙོམས་འཇུག་ལ་རྩལ་སྦྱང་བའི་ཕྱིར་དུ་ཡིན་ཞེས་གསུང་ཡང༌། སྒོམ་སྤང་རྟོག་པའི་ས་བོན་དྲུངས་འབྱིན་པར་བྱ་བའི་ཕྱིར་དུ་སྒོམ་པ་ཡིན་ཞེས་བཤད་ན་ལེགས་པ་ཡིན་ཏེ། སྒོམ་ལམ་གྱི་འཇུག་པ་བར་ཆད་མེད་པའི་ལམ་འཆད་པའི་སྐབས་ཡིན་པའི་ཕྱིར། འོ་ན་བསམ་གཏན་དང་པོའི་སྙོམས་འཇུག་གིས་དེའི་ས་བོན་ཇི་ལྟར་སྤོང་སྙམ་ན། དེའི་ངོ་བོར་གྱུར་པའི་འཇིག་རྟེན་པའི་ལམ་དག་པ་བས་དེ་མི་ནུས་ཀྱང༌། དེའི་ངོ་བོར་གྱུར་པའི་ལམ་ཟག་མེད་ཀྱིས་དེའི་ས་བོན་དྲུངས་འབྱིན་ནུས་པའི་ཕྱིར་དང༌། ཐེག་ཆེན་གྱི་འགོག་སྙོམས་ཀྱི་གནས་སྐབས་ན་སྟོང་ཉིད་རྟོགས་པའི་ཤེས་རབ་རྒྱུན་མི་ཆད་པར་ཡོད་པའི་ཕྱིར་རོ། །དེ་ལྟར་ན་འདོད་སེམས་མ་གཏོགས་འདིར་བསྟན་གྱི་ཐོད་རྒལ་གྱི་སྙོམས་པར་འཇུག་པ་མཐའ་དག་གི་ངོ་བོ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་རོ་གཅིག་པ་ཡིན་ནོ། །དེ་ལྟ་ན་བསམ་གཏན་དང་པོ་ལ་སོགས་པ་ཐ་དད་དུ་རྣམ་པར་དབྱེ་བའི་བྱེད་ཆོས་གང་ཞིག་ཡོད་ཅེ་ན། སྦྱོར་བའི་དུས་སུ་མཚན་འཛིན་གྱི་སྤྲོས་པ་འགོག་བྱེད་ཀྱི་ཡན་ལག་རྟོག་དཔྱོད་སོགས་དང༌། དངོས་གཞིའི་དུས་སུ་ཕན་ཡོན་གྱི་ཡན་ལག་དགའ་བདེ་དང༌། དགའ་བ་མེད་པའི་བདེ་བ་ལ་སོགས་པའི་ཁྱད་པར་ལས་སོ་སོར་འབྱེད་པ་ཡིན་ཏེ། དཔེར་ན་བསམ་གཏན་དང་པོ་དང་གཉིས་པ་ལ་བརྟེན་པའི་ཟག་མེད་ཀྱི་ཡེ་ཤེས་ཀྱི་ཁྱད་པར་བཞིན་ནོ། །དེ་ལྟར་སྒོམ་ལམ་རྩེ་སྦྱོར་གྱིས་ངོ་སྐལ་གྱི་སྤང་བྱ་སྤངས་པ་ལས་ཐོབ་པའི་འབྲས་བུ་ནི་རྟེན་པ་ཡོན་ཏན་ནོ། །འདིའི་ངོ་བོ་ནི་ཐེག་པ་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་མཐར་ཐུག་པའོ། །དེའི་ས་མཚམས་ནི་སངས་རྒྱས་ཀྱི་ས་ན་ཡོད་ལ། སྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་བྱང་སེམས་ལ་ཇི་ལྟར་བརྟེན་པའི་ཚུལ་ནི། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞི་འབབ་པ་བཞིན་དུ་སྔོན་དུ་འོང་བའི་རྣམ་པས་བརྟེན་པའོ། །བཞི་པ་བར་ཆད་མེད་རྩེ་ལ་གསུམ་སྟེ། དེའི་ངོ་སྐལ་གྱི་སྤང་བྱ་གང་ཡིན་པ་དང༌། དེ་སེལ་བྱེད་ཀྱི་གཉེན་པོ་གང་ཡིན་པ་དང༌། དེའི་དམིགས་རྣམ་ལ་ཀླན་ཀ་ཇི་ལྟར་འབྱུང་བའི་ཚུལ་ལོ། །དང་པོ་ལ། བར་ཆད་མེད་རྩེའི་བསལ་བྱ་ནི་སྒྲིབ་པ་གཉིས་ཀྱིས་བཞག་པའི་གནས་ངན་ལེན་ནོ། །འདི་བསྒོམ་སྤང་རྟོག་པའི་ས་བོན་དུ་འདུ་བ་མ་ཡིན་ཏེ། དེའི་ས་བོན་བརྒྱ་རྩ་བརྒྱད་པོ་དེ་ཉིད་སྒོམ་རྩེ་དགུའི་རིམ་པས་སྤངས་ཟིན་པའི་འོག་ཏུ་བར་ཆད་མེད་རྩེས་འདི་སྤོང་བ་ལ་འཇུག་པའི་ཕྱིར། བག་ལ་ཉལ་གྱི་ཉོན་སྒྲིབ་ཅེས་བྱ་བའི་མིང་ཅན་དེ་ཡང་འདིར་འདུས་པ་མ་ཡིན་ཏེ། དེ་ཡང་མཐོང་སྒོམ་ལམ་གྱི་སྤང་བྱར་གྱུར་པའི་རྟོག་པ་བརྒྱ་རྩ་བརྒྱད་པོ་དང་དུས་མཉམ་པར་སྤོང་བའི་ཕྱིར། བོད་ཀྱི་རྣམ་བཤད་མཛད་པ་པོ་དག སྐབས་འདི་ནས་བཤད་པའི་བསལ་བྱ་ལོག་སྒྲུབ་བཅུ་དྲུག་པོ་དེ་དག་འདིའི་ངོ་སྐལ་གྱི་སྤང་བྱར་འདོད་པ་ནི་ནོངས་པ་ཡིན་ཏེ། དེ་དག་ནི་ཕལ་ཆེར་རྟོག་པ་ཀུན་བཏགས་སུ་སྣང་བས་མཐོང་སྤང་གཙོ་ཆེ་བར་ངེས་པའི་ཕྱིར་དང་རྟོག་པ་ཀུན་བཏགས་ལ་སྒོམ་སྤང་གི་ཚེ་སྲིད་པ་མི་འགལ་བ་དེ་དག་ཀྱང་སྒོམ་སྤང་རྟོག་པའི་ནང་དུ་འདུ་བའི་ཕྱིར་དང༌། ཀླན་ཀ་འདི་དག་ཇི་སྲིད་མ་བསལ་བ་དེ་སྲིད་དུ་སྦྱོར་ལམ་རྩེ་སྦྱོར་ཙམ་ཡང་སྐྱེད་པར་མི་ནུས་པའི་ཕྱིར་དང༌། གཞུང་འགྲེལ་ལས་ཀྱང་ཀླན་ཀ་འདི་དག་བསལ་ནས་བར་ཆད་མེད་རྩེ་སྐྱེ་དགོས་པར་བཤད་ཀྱི། བར་ཆད་མེད་རྩེས་ཀླན་ཀ་དེ་དག་སེལ་བར་གསུངས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ། ངོ་བོ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །དབྱེ་ན་སྦྱོར་བ་དང༌། འཇུག་པ་གཉིས་ལས། དང་པོ་ནི། རྒྱུན་མཐའི་སྔ་ལོགས་ཀྱི་ཡེ་ཤེས་དང༌། གཉིས་པ་ནི་རྒྱུན་མཐའི་ཏིང་ངེ་འཛིན་ལ་འཆད་པར་མངོན་པ་ཀུན་ལས་བཏུས་སུ་གསུངས་པ་ལྟར། འདིར་ཡང་ཁས་བླངས་ན་ལེགས་པ་ཡིན་ཏེ། འདི་བར་ཆད་མེད་ལམ་མཚན་ཉིད་པ་ཡིན་ལ། དེ་ལ་དེའི་སྦྱོར་བའི་ལམ་ཞིག་ངེས་པར་སྔོན་དུ་འགྲོ་དགོས་པའི་ཕྱིར། དེ་ལྟ་ན་ཡང་སྦྱོར་བ་དེ་ལ་བར་ཆད་མེད་རྩེའི་སྒྲ་བཤད་ཚང་མ་ཚང་ལས་དངོས་བཏགས་ཀྱི་དབྱེ་བ་ཅུང་ཟད་ཕྱེའོ། །དེ་ལྟར་མཚན་གཞི་བཤད་ནས་མཚན་ཉིད་ནི། སྤང་བྱ་ཐམས་ཅད་ཀྱི་གནས་ངན་ལེན་གྱི་དྲི་མ་དྲུངས་འབྱིན་པར་ནུས་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་རྣལ་འབྱོར་རོ། །གསུམ་པ་ལ་གཉིས་ཏེ། དངོས་དང༌། ཀླན་ཀ་བསལ་བའོ། །དང་པོ་ལ། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་པའི་སྐབས་ཀྱི་རྐྱེན་གསུམ་པོ་འདི་འཕགས་པས་རྣམ་མཁྱེན་གྱི་དང༌། སློབ་དཔོན་གྱིས་བར་ཆད་མེད་རྩེའི་རྐྱེན་གསུམ་དུ་འཆད་པ་ནི་མཚོན་པ་ཙམ་སྟེ། ཐེག་ཆེན་སློབ་པ་དང་མི་སློབ་པའི་ཟག་མེད་ཀྱི་ཡེ་ཤེས་ཀུན་གྱི་རྐྱེན་གསུམ་གྱི་དབང་དུ་བྱས་སོ། །དེ་ལ་དམིགས་པའི་རྐྱེན་ནི། སྦྱོར་བའི་དུས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གང་ལ་དམིགས་ནས་སྒྲོ་འདོགས་གཅོད་པའི་གཞིར་བཟུང་བ་དག་སྟེ། དེའི་མཚན་གཞི་ནི་ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་རྣམས་སོ། །དེ་ཡང་རང་གི་ངོ་བོས་སྟོང་པ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ། མདོ་ལས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །ཞེས་གསུངས། རྣམ་པ་ནི། སྤྲོས་པའི་མཐའ་གང་དུ་ཡང་འཛིན་པ་མེད་པ་སྟེ། ཇི་སྐད་དུ། རྣམ་པ་ཞི་ཉིད་ཅེས་གསུངས་སོ། །བདག་པོའི་རྐྱེན་ནི་མཉམ་གཞག་ཏུ་ཇི་ལྟར་ཡིད་ལ་བྱ་བའི་རིམ་པ་ཐོས་བསམ་གྱིས་ཇི་ལྟར་གཏན་ལ་ཕབ་པའི་རྒྱུན་དེ་ཉིད་མ་རྗེད་པར་དྲན་པའོ། །དེ་སྐད་དུ་ཡང༌། དྲན་པ་བདག་པོའི་རྐྱེན་དང་ནི། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། བསལ་བྱ་ངོས་བཟུང་བ་དང༌། སེལ་བྱེད་ཀྱི་གཉེན་པོ་བཤད་པའོ། །དང་པོ་ནི། བསལ་བྱ་ལོག་རྟོག་འདིའི་ངོ་བོ་ནི་ཐེ་ཚོམ་དུ་བཤད་ལ། མིང་ལ་ནི་བདེན་གཉིས་འགལ་བར་འཛིན་པའི་ལོག་རྟོག་ཅེས་བྱའོ། །འོ་ན་བདེན་པ་གཉིས་པོ་མི་འགལ་བའི་ཚུལ་ཇི་ལྟ་བུ་དེ་གཉིས་འགལ་བར་འཛིན་པ་ལོག་རྟོག་ཏུ་འགྱུར་པའི་ཚུལ་ནི་གང་ཞེ་ན། དེ་གཉིས་མི་འགལ་བའི་དོན་ནི། དེ་གཉིས་ཀྱི་རང་ལྡོག་ནས་མི་འགལ་བ་ལ་བསམས་པ་ཡང་མ་ཡིན། མཚན་གཞི་བུམ་པ་ལྟ་བུ་གཅིག་ཀུན་རྫོབ་བདེན་པ་ཡིན་པ་དང༌། དོན་དམ་པའི་བདེན་པ་ཡིན་པ་མི་འགལ་བའི་རྒྱུ་མཚན་གྱིས་ཀྱང་མ་ཡིན། བུམ་པ་ལྟ་བུ་རང་གི་ངོ་བོས་སྟོང་པ་དང༌། རང་ཉིད་རང་ཡིན་པ་མི་འགལ་བ་ལ་བསམས་ནས། བདེན་གཉིས་མི་འགལ་བར་བཞག་པ་ནི་མ་ཡིན་ཏེ། དེ་དག་ནི་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཀུན་རྫོབ་ཏུ་གཟུགས་སོགས་ཐེག་ཆེན་སྒྲུབ་པའི་དམིགས་པར་བཞག་པ་དང༌། གཟུགས་སོགས་རང་གི་ངོ་བོས་སྟོང་པར་བཤད་པ་གཉིས་འགལ་ལོ་སྙམ་དུ་ཞེན་པ་ནི་བདེན་གཉིས་འགལ་བར་འཛིན་པའི་ལོག་པར་རྟོག་པ་ཡིན་ལ། ཐ་སྙད་དུ་ཡོད་པ་དང་དོན་དམ་དུ་མེད་པ་ནི་བདེན་གཉིས་མི་འགལ་བའི་དོན་ཏེ། འཁྲུལ་ངོར་ཡོད་པ་དང་ཡེ་ཤེས་ཀྱི་ངོར་མེད་པ་མི་འགལ་བའི་ཕྱིར། དཔེར་ན་རབ་རིབ་ཅན་གྱི་ངོར་སྐྲ་ཤད་ཡོད་པ་དང་སྤྱིར་སྐྲ་ཤད་མེད་པ་གཉིས་མི་འགལ་བ་བཞིན་ནོ། །དེའི་དོན་བཤད་པ་ལ་གཉིས་ཏེ། བསལ་བྱ་ཀླན་ཀ་དང༌། དེ་སེལ་བྱེད་ཀྱི་རིགས་པའོ། །དང་པོ་ལ་གཉིས་ཏེ། དོན་དམ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་སུན་འབྱིན་པ་དོན་དམ་སྒོ་ཅན་དང༌། ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་དོན་དམ་སུན་འབྱིན་པ་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀའོ། །དོན་དམ་ཉིད་སུན་འབྱིན་པའི་དོན་དམ་སྒོ་ཅན་དང༌། ཀུན་རྫོབ་ཉིད་སུན་འབྱིན་པའི་ཀུན་རྫོབ་སྒོ་ཅན་ནི་འདིར་སྐབས་སུ་བབ་པ་མ་ཡིན་ཏེ། བདེན་གཉིས་འགལ་བར་འཛིན་པའི་ཀླན་ཀ་མ་ཡིན་པའི་ཕྱིར་དང༌། བདེན་པ་གང་རུང་རེ་རེ་རྟོགས་པའི་བློས་སེལ་བར་ནུས་ཀྱི། བདེན་པ་གཉིས་ཀ་ལ་བརྟེན་པའི་ཐབས་ལ་མཁས་པས་སེལ་དགོས་པ་མ་ཡིན་པའི་ཕྱིར་རོ། །དེ་ཡང་དང་པོ་དོན་དམ་སྒོ་ཅན་ནི་ལྟ་བ་རྒྱུ་མཚན་དུ་བྱས་ནས་སྤྱོད་པ་སུན་འབྱིན་པ་ཡིན་ལ། ཀུན་རྫོབ་སྒོ་ཅན་ནི་སྤྱོད་པ་རྒྱུ་མཚན་དུ་བྱས་ནས་ལྟ་བ་སུན་འབྱིན་པ་ཡིན་ཏེ། ལྟ་བའི་ཡུལ་ནི་དོན་དམ་བདེན་པའི་དབང་དུ་བྱས་ལ་སྤྱོད་པའི་ཡུལ་ནི་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་རྒྱལ་བས་གསུངས་པ་ལ་རྟོག་གེ་རབ་ཏུ་སྨྲ་བ་རྣམས་ཀྱིས་དེ་ལྟར་རྩོད་པའི་ཕྱིར་རོ། །དེ་ལྟ་བུའི་དོན་དམ་སྒོ་ཅན་དེ་ནི་སྔོན་གངས་ཅན་གྱི་ལྗོངས་སུ་རྒྱ་ནག་དགེ་སློང་གིས་བསྟན་པའི་ལམ་ཅིག་ཆར་བ་ཞེས་བྱ་བ་དེ་ཉིད་ཡིན་ལ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་དེ་ནི་དིང་སང་གི་དུས་སུ་གངས་ཅན་པ་ཕལ་ཆེ་བས་ཁས་བླངས་པ་ཡིན་ཏེ། ལྟ་བའི་ཡུལ་ལ་སྤྲོས་པ་གཅོད་པ་དེའི་ཚེ་ཡང་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཡོད་པའི་རྒྱུ་མཚན་གྱིས་ཡོད་པར་ཁས་ལེན་དགོས་པ་ཡིན་གྱི། དོན་དམ་དུ་ཡོད་པ་མ་ཡིན་པའི་རྒྱུ་མཚན་གྱིས་ཡོད་པ་བཀག་ན་ཆད་པའི་ལྟ་བ་ཁས་བླངས་པ་ཉིད་དུ་འགྱུར་རོ། །ཞེས་ཟེར། ཁ་ཤས་དག་ཏུ་སྣང་བས་སོ། །འོ་ན་ཅི་ཞེ་ན། གཉིས་པ་ནི། ལྟ་བ་རྐྱང་པ་འཇོག་པའི་ཚེ་ན་སྤྲོས་པ་ཅུང་ཟད་ཀྱང་ཁས་མི་ལེན་ཏེ། ཇི་སྐད་དུ། བརྗོད་པ་བྱ་བ་ཟློག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་བཟློག་པས་སོ། །ཞེས་གསུངས་སོ། །སྤྱོད་པ་རྐྱང་པ་འཇོག་པའི་ཚེ་ན་དེའི་ཡུལ་དུ་གྱུར་པའི་ཆོས་རྣམས་རང་གི་ངོ་བོས་སྟོང་པར་ཁས་མི་ལེན་ཏེ། འཇུག་པ་ལས། ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། །ཅེས་གསུངས་པས་སོ། །ལྟ་སྤྱོད་ཟུང་འབྲེལ་དུ་ཉམས་སུ་ལེན་པ་དེའི་ཚེ་བདེན་གཉིས་ཟུང་འབྲེལ་དུ་ལྟ་བར་བྱ་སྟེ། སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་གོམས་པར་བྱེད་པས་སོ། །དེ་ཡང་སྣང་བ་ཞེས་བྱ་བ་ནི་རྣམ་ཤེས་ལ་སྣང་བ་ཡིན་ལ། རང་བཞིན་མེད་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ས་དེར་རྟོགས་པའོ། །འོ་ན་དེ་གཉིས་གཙོ་བོར་གང་བཟུང་ཞེ་ན། སྦྱོར་བའི་ཚེ་ན་སྔ་མ་དང༌། ལྟ་བའི་ཚེ་ན་ཕྱི་མ་གཙོ་ཆེ་བ་ཡིན་ནོ། །འོ་ན་ལྟ་སྤྱོད་གཉིས་གང་གཙོ་ཞེ་ན། ཆོས་ཀྱི་སྐུ་མཐར་ཕྱིན་པ་ལ་ལྟ་བ་དང༌། གཟུགས་ཀྱི་སྐུ་མཐར་ཕྱིན་པ་ལ་སྤྱོད་པ་གཙོ་ཆེའོ། །འོ་ན་སྐུ་གཉིས་པོ་གང་གཙོ་ཞེ་ན། ཆོས་ཀྱི་སྐུ་གཙོ་ཆེ་བ་ཡིན་ཏེ། དེ་ནི་གནས་ཚུལ་གྱི་སྐུ་ཡིན་ལ། ཅིག་ཤོས་སྣང་ཚུལ་གྱི་སྐུ་ཡིན་པའི་ཕྱིར། དཔེར་ན་གཞིའི་དུས་སུ་དོན་དམ་དུ་བདེན་པ་དང་ཀུན་རྫོབ་ཏུ་བདེན་པ་གཉིས་ལས་སྔ་མ་གཙོ་ཆེ་བ་བཞིན་ནོ། །དེ་ལྟར་ན་འབྲས་བུའི་དུས་སུ་སྐུ་གཉིས་ལས། ཆོས་ཀྱི་སྐུ་དང༌། གཞིའི་དུས་སུ་བདེན་པ་གཉིས་པ་ལས་དོན་དམ་པའི་བདེན་པ་གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་ལམ་གྱི་དུས་སུ་ལྟ་སྤྱོད་གཉིས་ལས། ལྟ་བ་གཙོ་ཆེ་བར་གྲུབ་པ་ཡིན་ཏེ། རྗེས་ཐོབ་ཀྱི་སྤྱོད་པ་ལ་ལྟ་བའི་རྒྱས་འདེབས་དགོས་ཀྱི། མཉམ་གཞག་གི་སྤྱོད་པ་ལ་ལྟ་བའི་རྒྱས་འདེབས་དགོས་པ་མ་ཡིན་པའི་ཕྱིར་དང༌། ལྟ་བ་ནི་ཡུལ་གྱི་གནས་ཚུལ་ལ་ཞུགས་ཀྱི། སྤྱོད་པ་དེར་མ་ངེས་པའི་ཕྱིར་དང༌། གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་གྱུར་པའི་དབུ་མའི་ལུགས་འདི་ནི་ལྟ་བའི་ཆ་ནས་རྩེ་མོར་འཇོག་པ་ཡིན་གྱི། སྤྱོད་པ་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་གཞུང་ལུགས་དང་ཐུན་མོང་བ་ཁོ་ནར་ངེས་པའི་ཕྱིར་རོ། །འདིར་སྨྲས་པ། ལྟ་བྱེད་ལྟ་བའི་ཕུ་ཐག་ལེགས་པར་ཆོད། །སྤྱོད་བྱ་སྤྱོད་པའི་ཆོས་ལ་ངེས་པ་དྲོངས། །ཟུང་འཇུག་ཟུང་འབྲེལ་བློ་ཡིས་བསྒོམས་ཤིག་ཅེས། །ལུང་ཆོས་ལུང་དང་རིགས་པས་འདིར་དྲངས་སོ། །ཅེས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལུང་ཆོས་རྒྱ་མཚོའི་སྙིང་པོ་བསྡུས་པ་ཞེས་བྱ་བ་ལས་སྐབས་ལྔ་པའི་རྣམ་པར་བཤད་པའོ།།  །།དྲུག་པ་མཐར་གྱིས་པའི་སྦྱོར་བ་ལ་གཉིས་ཏེ། མདོ་ལས་ཇི་ལྟར་གསུངས་པ་དང༌། བསྟན་བཅོས་ཀྱི་དཀའ་བའི་གནས་མདོ་ཙམ་བཤད་པའོ། །དང་པོ་ནི། གོང་དུ་ལོག་རྟོག་བཅུ་དྲུག་པ་སྟོན་པའི་མདོར། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་ནས་འཚང་རྒྱ་བར་གསུངས་པ་ལ་འཕྲོས་པའོ། །ཇི་ལྟར་ཞེ་ན། རབ་འབྱོར་གྱིས་གསོལ་པ། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་མཐར་གྱིས་སྤྱོད་པ་དང༌། མཐར་གྱིས་སློབ་པ་དང༌། མཐར་གྱིས་ནན་ཏན་དུ་བགྱི་བ་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཆོས་དེ་དག་མཆིས་སམ། བཀལ་སྩལ་པ། བྱང་ཆེན་སྦྱིན་པ་ནས་ཤེས་རབ་ཀྱི་བར་གྱིས་མཐར་གྱིས་པའི་བྱ་བ་དང༌། མཐར་གྱིས་པའི་བསླབ་པ་དང༌། མཐར་གྱིས་པའི་བསྒྲུབ་པ་རབ་ཏུ་འདོགས་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །ཞེས་གསུངས་པ་ནི་ལམ་གྱི་ངོ་བོ་ཕར་ཕྱིན་དྲུག་གི་མཐར་གྱིས་པའི་སྦྱོར་བ་གསུངས་སོ། །རབ་འབྱོར་འདི་ལ་བྱང་ཆེན་སངས་རྒྱས་སུ་ཡིད་ལ་མི་བྱེད། དྲན་པ་མེད་ཅིང་ཡིད་ལ་རྗེས་སུ་དྲན་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །གཞན་ཡང་རབ་འབྱོར། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། ཟག་མེད་ཀྱི་ཕུང་པོ་ལྔ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། རྟེན་འབྲེལ་དུ་ཡིད་ལ་མི་བྱེད་ཅེས་སོགས་ཀྱིས་ནི་སངས་རྒྱས་རྗེས་སུ་དྲན་པ་དང༌། ཡང་བཀའ་སྩལ་པ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་ནི་དྲན་པ་ཉེ་བར་བཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཡོངས་སུ་རྫོགས་པར་བྱེད་དོ། །བཀའ་སྩལ་པ། བྱང་ཆེན་ཆོས་རྗེས་སུ་དྲན་པ་སྒོམ་པ་ནི། དགེ་མི་དགེ་ལུང་མ་བསྟན་གསུམ་དང༌། འཇིག་རྟེན་ལས་འདས་མ་འདས་དང༌། ཟང་ཟིང་དང་བཅས་མ་བཅས་དང༌། འཕགས་པ་ཡིན་མིན་དང༌། ཟག་པ་དང་བཅས་མ་བཅས་དང༌། ཁམས་གསུམ་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་སུ་ཡིད་ལ་མི་བྱེད་དོ་ཞེས་དང༌། བཀའ་སྩལ་པ། བྱང་ཆེན་དགེ་འདུན་རྗེས་སུ་དྲན་པ་ནི་སྐྱེས་བུ་ཟུང་བཞི་དང༌། གང་ཟག་བརྒྱད་པོ་དེ་དག་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་དོ། །བཀའ་སྩལ་པ། བྱང་ཆེན་ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་པ་ན། ཚུལ་ཁྲིམས་མ་ཉམས་པ། མ་འདྲེས་པ། སྐྱོན་མེད་པ། ནག་ནོག་མེད་པ། མཆོག་ཏུ་འཛིན་པ་མེད་པ། ཤིན་ཏུ་རྫོགས་པ་ཞེས་སོགས་དང༌། བྱང་ཆེན་གཏོང་བ་རྗེས་སུ་དྲན་པ་སྒོམ་པ་ན། ཟང་ཟིང་གཏོང་བ་དང༌། ཆོས་གཏོང་བ་ཡིད་ལ་མི་བྱེད། ཅེས་སོགས་དང༌། བྱང་ཆེན་ལྷ་རྗེས་སུ་དྲན་པ་སྒོམ་པ་ན། རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷར་སྐྱེས་པའི་རྒྱུན་ཞུགས་དང༌། ལན་ཅིག་ཕྱིར་འོང་དང༌། ཁམས་གོང་མ་གཉིས་སུ་སྐྱེས་པའི་ཕྱིར་མི་འོང་དེ་དག་དངོས་པོ་མེད་པའི་ཚུལ་གྱིས་ཡིད་ལ་མི་བྱེད་དོ། །ཞེས་དང༌། རབ་འབྱོར་གཞན་ཡང་བྱང་ཆེན་ཡུམ་ལ་སྤྱོད་པར། མཐར་གྱིས་པའི་བྱ་བ་དང༌། བསླབ་པ་དང༌། སྒྲུབ་པ་ཡོངས་སུ་རྫོགས་པར་འདོད་པས། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཞེས་པ་ནས། སྙིང་རྗེ་ཆེན་པོ་ལ་བསླབ་པར་བྱའོ། །ཞེས་པའི་བར་གྱིས་ནི་བཅུ་གསུམ་པ་བསྟན་པ་ཡིན་ནོ། །གཉིས་པ་ལ་མཚན་ཉིད་ནི། སྐྱེ་མེད་གསུམ་གྱི་རྣམ་པ་ལ་དབང་ཐོབ་ནས་བརྟན་པ་ཐོབ་ཕྱིར་དུ་སྒོམ་པའི་རྣལ་འབྱོར་རོ། །དབང་ཐོབ་པ་ཞེས་བྱ་བའི་དོན་ནི། མི་མཐུན་པའི་ཕྱོགས་ཀྱི་སྤོང་བ་གཉེན་པོ་དང༌། དེས་ཐོབ་པའི་རྣམ་གྲོལ་ལམ་གང་རུང་མངོན་དུ་གྱུར་པ་ལ་བྱ་ལ། བརྟན་པ་ཐོབ་པ་ཞེས་བྱ་བའི་དོན་ནི། ཡོན་ཏན་མཐའ་ཡས་པ་ལ་དབང་འབྱོར་བའོ། །དེའི་དོན་ནི་དུས་དེ་ཉིད་དམ་སྐད་ཅིག་གཉིས་པར་ཡོན་ཏན་མཐའ་ཡས་པ་མངོན་དུ་བྱེད་པའི་ནུས་པ་ཐོབ་པ་ལ་བྱ་ཞིང༌། དེའི་ཕྱིར་དུ་གོམས་པར་བྱེད་པའི་རྣལ་འབྱོར་ལ་ནི་བརྟན་པ་ཐོབ་ཕྱིར་དུ་སྒོམ་པ་ཞེས་བྱའོ། །དེ་ཡང་ཇི་ལྟར་གོམས་པར་བྱེད་ཅེ་ན། རྣམ་རྩེ་གཉིས་སུ་གོམས་པར་བྱ་བའི་རིགས་རྒྱུན་དུ་གྱུར་པའི་སྐྱེ་མེད་གསུམ་གྱི་རྣམ་པ་རྣམས་གོམས་པའི་ཆ་ནས་ནི་ལྟ་བ་གཙོ་བོར་གྱུར་པ་ཡིན་ཞིང༌། དེའི་མིང་ལ་ནི་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བ་ཞེས་བྱའོ། །ལྟ་བའི་ཆ་ནས་བཞག་ཀྱང་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་གྱི་དབང་དུ་བྱས་པ་མ་ཡིན་ཏེ། དེ་ལྟར་བཤད་ན་རྣམ་རྩེ་གཉིས་དང་ཁྱད་པར་མི་ཕྱེད་པའི་ཕྱིར་དང༌། འདི་ནི་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་དུ་བཞག་ནས་རྣམ་རྩེ་གཉིས་ལ་ལྟོས་པའི་ཁྱད་པར་གྱི་ལམ་དུ་འཆད་དགོས་པའི་ཕྱིར་རོ། །འོ་ན་ཡོན་ཏན་མངོན་དུ་བྱེད་པའི་ལམ་གང་ཞིག་ལ་རྣལ་འབྱོར་དུ་བྱེད་ཅེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། རྗེས་སུ་དྲན་པ་དྲུག་གོ །བཅུ་གཉིས་པོ་དེ་ཉམས་སུ་ལེན་པའི་རྣལ་འབྱོར་དེ་ནི་ཐབས་དང་སྤྱོད་པ་གཙོ་བོར་གྱུར་པ་ཡིན་ཞིང༌། རྗེས་ཐོབ་གཙོ་བོར་གྱུར་པ་ཡིན་ལ། དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་ནས་ཆོས་ཀྱི་སྐུའི་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་གྱི་དབང་དུ་བྱས་སོ། །དེ་ཡང་ཅི་ལྟར་ཞེ་ན། ཆོས་ཀྱི་སྐུའི་ཡོན་ཏན་ནི། གཞན་གྱི་དོན་དུ་གཟུགས་ཀྱི་སྐུའི་སྣང་བ་སྟོན་ནུས་པའོ། །དེའི་རྒྱུ་ཡང༌། མཁྱེན་པ་དང་བརྩེ་བ་གཉིས་སོ། །དེ་ཡོངས་སུ་རྫོགས་པའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། ས་བཅུའི་རྗེས་ཐོབ་ཏུ་གོ་རིམ་བཞིན་དུ་དེ་དང་དེ་ལ་གཙོ་བོར་སྤྱད་པས་བཅུ་པོ་ཡོངས་སུ་རྫོགས་པར་བྱེད་པའི་ཚུལ་གྱིས་སོ། །ཤེས་ཕྱིན་ཡོངས་སུ་རྫོགས་པ་ན་ཕར་ཕྱིན་ཕྱི་མ་བཞི་ཡང་ཡོངས་སུ་རྫོགས་པར་དོན་གྱིས་གྲུབ་པ་ཡིན་ཏེ། བཞི་པོ་དེ་དེའི་ཡན་ལག་ཡིན་པའི་ཕྱིར། ས་དྲུག་པར་དེ་རྫོགས་པར་བཤད་པ་དེ་ནི་དེ་ནས་དེ་ལ་གཙོ་བོར་གྱུར་པའི་ཐོག་མའི་ས་མཚམས་བཟུང་བའི་དབང་དུ་བྱས་པའོ། །འོ་ན་མཉམ་གཞག་ཏུ་ལྟ་བ་གཙོ་བོར་གྱུར་ཅིང༌། རྗེས་ཐོབ་ཏུ་ཕྱིན་དྲུག་ལ་སྤྱོད་པ་གཙོ་བོར་གྱུར་པའི་སྒོ་ནས་མཐར་གྱིས་པའི་སྦྱོར་བ་ཉམས་སུ་ལེན་ནོ། །ཞེས་འཆད་པ་དེ་ལྟ་ན་བདེན་གཉིས་ཟུང་དུ་འཇུག་པའི་རྣལ་འབྱོར་ཇི་ལྟ་བུ་ཞེ་ན། རྗེས་དྲན་དྲུག་གི་སྒོ་ནས་ཉམས་སུ་ལེན་པར་ཡིན་ཏེ། རྟེན་དཀོན་མཆོག་གསུམ་ལ་བརྟེན། ཚུལ་ཁྲིམས་དང་གཏོང་བ་གཉིས་ཕྱིན་དྲུག་གི་གཞིར་བཟུང༌། ལྷ་དཔང་པོར་བཞག་པའི་སྒོ་ནས་ཕྱིན་དྲུག་ཉམས་སུ་ལེན་པའི་ཕྱིར། དྲུག་པོ་དེ་རྗེས་སུ་དྲན་པའི་ཚུལ་ཇི་ལྟ་བུ་ཞེ་ན། སོ་སོ་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ན་དྲུག་པོ་དེ་དག་གི་མཚན་མ་ཡིད་ལ་མི་བྱེད་པའོ། །དཔེར་ན་དོན་དམ་པར་སངས་རྒྱས་དྲན་པ་མེད་པ་ནི་སངས་རྒྱས་དྲན་པའི་མཆོག་ཡིན་ཏེ། དེའི་གནས་ཚུལ་དྲན་པས་དེ་དྲན་པར་འཇོག་པ་ཡིན་གྱི། དེའི་སྣང་ཚུལ་མཐོང་བ་ཙམ་གྱིས་དེ་མཐོང་བར་བཞག་མི་ནུས་པའི་ཕྱིར། འཆད་པ་པོ་སྔ་མ་རྣམས་དྲུག་པོ་དེ་དོན་དམ་པར་དྲན་པ་མེད་ཅིང༌། ཀུན་རྫོབ་ཏུ་རང་རང་གི་མཚན་ཉིད་ཀྱི་སྒོ་ནས་རྗེས་སུ་དྲན་པའོ། །ཞེས་གསུང་མོད་ཀྱང༌། མདོ་འགྲེལ་ལས་སྔ་མ་ཁོ་ན་བཤད་ཅིང༌། དེ་དང་དེའི་མཚན་མ་ཡིད་ལ་བྱས་པའི་སྒོ་ནས་དྲན་པ་ལ་དེ་དྲན་པར་འཇོག་པ་ནི་དངོས་པོར་སྨྲ་བ་དག་གི་ལུགས་སོ། །རྗེས་དྲན་དྲུག་ལྟ་བར་འཇོག་པ་དེ་ལྟ་ན་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་ལྟ་བ་དང་ཁྱད་པར་ཅི་ཞེ་ན། སྤྱི་དང་བྱེ་བྲག་གི་ཁྱད་པར་ཏེ། གཅིག་ནི་སྦྱོར་བ་བཞི་ཀའི་ཐུན་མོང་གི་ལྟ་བ་དང༌། ཅིག་ཤོས་ནི་སྦྱོར་བ་འདིའི་ཐུན་མོང་མ་ཡིན་པའི་ལྟ་བར་བཞག་པ་ལས་དང༌། གཅིག་མཉམ་གཞག་གི་དང༌། རྗེས་དྲན་དྲུག་ནི་རྗེས་ཐོབ་ཀྱི་ལྟ་བ་ཡིན་པའི་ཁྱད་པར་ལས་དང༌། དངོས་མེད་ངོ་བོ་ཉིད་ནི་བསྒྲུབ་བྱ་དང༌། རྗེས་དྲན་དྲུག་ནི་དེའི་སྒྲུབ་བྱེད་ཡིན་པའི་ཁྱད་པར་ལས་སོ། །དེ་ཡང་ཇི་ལྟར་ཞེ་ན། བར་ཆད་མེད་རྩེའི་དམིགས་པ་འཆད་པ་ན། ཆོས་ཐམས་ཅད་དངོས་པོ་མེད་པར་བསྟན་པ་ལ། དེ་ལྟ་ན་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པ་མི་སྲིད་པར་འགྱུར་རོ་ཞེས་རྒོལ་བའི་ལན་དུ། སངས་རྒྱས་ཀྱི་དངོས་པོ་མེད་པ་ཉིད་སངས་རྒྱས་སུ་ཐ་སྙད་འདོགས་པ་དང༌། དེར་ཡིད་ལ་མི་བྱ་བ་ཉིད་དེ་དྲན་པ་ཡིན་པར་བཤད་པའི་ཚུལ་གྱིས་སོ། །འོ་ན་སྦྱོར་བ་འདི་གནས་སྐབས་གང་དུ་སྒོམ་ཞེ་ན། མདོ་ལས། བཅུ་གསུམ་པོ་རེ་རེའི་མཐར། མཐར་གྱིས་བྱ་བ་སོགས་གསུམ་གསུངས་པའི་དོན། འཕགས་པས། ཚོགས་ལམ་དང་སྦྱོར་ལམ་དང༌། མཐོང་སྒོམ་གཉིས་གཅིག་ཏུ་བྱས་པ་ལ་འཆད་ཅིང༌། སློབ་དཔོན་ནི་སྦྱོར་མཐོང་སྒོམ་གསུམ་ལ་རིམ་པ་བཞིན་དུ་སྦྱོར་བར་འཆད་པ་གཉིས་ཀྱི་ཁྱད་པར་ནི། སྦྱོར་བ་འདིའི་སྔོན་རོལ་ཏུ་རྩེ་མོའི་སྦྱོར་བ་འགྲོ་མི་དགོས་པ་དང་དགོས་པའི་ཁྱད་པར་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །མཉམ་གཞག་སྐྱེ་མེད་རྣམ་གསུམ་གོམས་གྱུར་ཅིང༌། །རྗེས་ཐོབ་ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །ཟུང་འཇུག་རྗེས་དྲན་དྲུག་གི་ཆོས་རྣམས་ཀུན། །དངོས་མེད་ངོ་བོ་ཉིད་དུ་ལེགས་པར་བཤད། །ཅེས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལུང་ཆོས་སྤྱིའི་སྙིང་པོ་བསྡུས་པ་ཞེས་བྱ་བ་ལས་སྐབས་དྲུག་པའི་རྣམ་པར་བཤད་པའོ།།  །།སྐད་ཅིག་མའི་སྦྱོར་བ་འཆད་པ་ལ་གཉིས་ཏེ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ་དང༌། མངོན་རྟོགས་ཀྱི་ངོ་བོ་དབྱེ་བ་དང་བཅས་པའི་དོན་བཤད་པའོ། །དང་པོ་ནི། མཐར་གྱིས་པའི་སྦྱོར་བའི་དབྱེ་བ་འཆད་པ་ན། ཕྱིན་དྲུག་མི་དམིགས་པར་སྒོམ་པའི་ཚུལ་གསུངས་བ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། ཇི་ལྟར་ན་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། བྱང་ཆེན་སྦྱིན་པ་ཡོངས་སུ་གཏོང་བ་དེ་ཡུམ་གྱིས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཞེས་པ་ནས། བྱང་ཆེན་ཡུམ་ལ་དེ་ལྟར་སྤྱོད་པ་ནི་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་སོགས་ཀྱིས་ནི། སྐད་ཅིག་མའི་སྦྱོར་བ་སྤྱིར་གསུངས་སོ། །བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རིགས་ཀྱི་ལོངས་སྤྱོད་དང༌། སྐྱིད་པ་དང༌། སངས་རྒྱས་ཀྱི་ཞིང་གཞན་རྩོལ་བ་དང་བྲལ་བ་དག་ན་ལོངས་སྤྱོད་དང་སྐྱིད་པ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཡིད་ལ་བསམས་པ་ཙམ་གྱིས་བྱུང་ངོ༌། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཡིད་ལ་བསམས་པ་ཙམ་གྱིས་འབྱུང་ངོ༌། །ཞེས་པས་ནི་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་དེ་གསུངས་སོ། །རབ་འབྱོར་དེ་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པ་དང༌། ཚུལ་ཁྲིམས་སོགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རྗེས་སུ་ཐོབ་སྟེ། ཞེས་པས་ནི་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་གསུངས་སོ། །རབ་འབྱོར་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། རྨི་ལམ་དང༌། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང༌། སྦྱིན་པ་ཡོངས་སུ་གཏོང་ངོ༌། །ཞེས་པས་ནི་མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་བསྟན་ནོ། །རབ་འབྱོར་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་ཤེས་སོ། །ཞེས་སོགས་ཀྱིས་ནི་གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་གསུངས་པ་ཡིན་ནོ། །གཉིས་པ་ལ་དབྱེ་གཞིའི་ངོ་བོ་དང༌། དབྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། སྐྱེ་མེད་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་ནས་གོམས་པར་བྱེད་པའི་རྣལ་འབྱོར་རོ། །བརྟན་པ་ཐོབ་པའི་དོན་ཅི། གོམས་པར་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། དང་པོ་ནི། སྟོབས་སོགས་ཟག་མེད་ཀྱི་ཡོན་ཏན་གཅིག་མངོན་དུ་བྱས་པ་ན་དེ་དང་རིས་མཐུན་པ་ཐམས་ཅད་མངོན་དུ་བྱེད་ནུས་པའོ། །དེ་ལྟར་ནུས་པའི་ཤེས་བྱེད་ཀྱང་དེ་ལྟ་བུའི་ཡོན་ཏན་ཅིག་གིས་ཡོན་ཏན་གཞན་ཐམས་ཅད་བསྡུས་པའི་རྒྱུ་མཚན་གྱིས་སོ། །དེའི་ཤེས་བྱེད་ཀྱང་ཡོན་ཏན་དེ་ཐམས་ཅད་ཆོས་དབྱིངས་སུ་རོ་གཅིག་པའི་རྒྱུ་མཚན་གྱིས་སོ། །དེའི་ཤེས་བྱེད་ཀྱང་ཟག་པ་མེད་པའི་ཡོན་ཏན་ཇི་སྙེད་པ་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ཡིན་ལ། དེ་ཡང་དེ་བཞིན་ཉིད་དང་དོན་གཅིག་ཅིང་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་རྒྱུ་མཚན་གྱིས་སོ། །འོ་ན་གཉིས་མེད་ཀྱི་ཡེ་ཤེས་དེ་ལ་གདོད་མ་ནས་གྲུབ་པ་ཆོས་ཉིད་ཀྱི་ཆ་གཅིག་དང༌། གསར་དུ་བླངས་པ་ལས་བྱུང་བ་ཆོས་ཅན་གྱི་ཆ་དང་གཉིས་སུ་འབྱེད་དགོས་པ་མ་ཡིན་ནམ་ཞེ་ན། གནས་གྱུར་མཐར་ཐུག་པའི་ཡེ་ཤེས་ལ་ལྡོག་པའི་ཆ་ནས་གཉིས་སུ་ཡོད་ཀྱང་རྫས་ཀྱི་སྒོ་ནས་དབྱེ་བ་མེད་དོ། །དེའི་ཕྱིར་ཆོས་ཐམས་ཅད་ཀུན་བརྟགས་དང༌། རྣམ་བརྟགས་དང༌། ཆོས་ཉིད་གསུམ་དུ་བསྡུ་བ་དེའི་ཚེ་ན། གནས་གྱུར་གྱི་ཡེ་ཤེས་ཇི་སྙེད་པའང་ཆོས་ཉིད་དུ་རྣམ་པར་བཞག་གོ །ཆོས་ཉིད་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་གཅིག་མངོན་དུ་བྱས་པ་ན་གཞན་ཐམས་ཅད་མངོན་དུ་བྱེད་པར་ནུས་པ་འདི་ཡང་སངས་རྒྱས་ཀྱི་སའི་ཡོན་ཏན་ལ་བསམས་པ་ཡིན་ཏེ། ཇི་སྐད་དུ། དངོས་པོ་སོ་སོར་ངེས་པར་འཛིན་པའི་ཕྱིན་ཅི་ལོག་དང་བྲལ་བའི་ངོ་བོས། ཞེས་དང༌། གང་གི་ཚེ་བྱང་ཆུབ་སེམས་དཔས་གཉེན་པོ་བསྒོམས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བ་ན། ཞེས་གསུངས་པས་སོ། །ཡོན་ཏན་དེ་ལའང་གཉིས་ཏེ། མཚན་ཉིད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དང༌། རྗེས་མཐུན་པ་ས་བཅུ་པའི་ཁྱད་པར་གྱི་ལམ་གྱི་གནས་སྐབས་སོ། །དེ་ལྟར་གཉིས་འབྱུང་བའི་རྒྱུ་མཚན་ཡང་ལུང་དང་རིགས་པ་ལས་སོ། །དང་པོ་ནི། ཇི་སྐད་དུ། བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་རྟེན་པར་བྱེད། །ཅེས་གསུངས་པ་དང༌། རིགས་པ་ནི། ས་བཅུ་པའི་ཁྱད་པར་གྱི་ལམ་དུ་ཡོན་ཏན་དེ་དང་དེ་ལ་གེགས་བྱེད་ཀྱི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་སོ། །དེ་ལྟ་མོད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དང་ཁྱད་པར་མེད་པ་མ་ཡིན་ཏེ། འདིར་གནས་ངན་ལེན་གྱི་སྒྲིབ་པ་མ་སྤངས་པས་སོ། །འདིར་སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་འཇོག་པ་དེ་ལྟ་ན་དེ་དག་ཐུན་མོང་མ་ཡིན་པའི་ཤེས་རྣམ་དུ་བཤད་པ་དང་འགལ་ལོ་ཞེ་ན། ཉེས་པ་མེད་དེ། བཤད་པ་དེ་ནི་དངོས་དང་མཚན་ཉིད་པ་ལ་དགོངས་པ་ཡིན་གྱི། དེ་དང་དེའི་མིང་ཅན་ཞིག་ནི་ས་བརྒྱད་པ་དང་དགུ་པ་ནས་ཀྱང་བཞག་པའི་ཕྱིར། ཇི་ལྟར་ཞེ་ན། འཇུག་སྒྲུབ་ཀྱི་འཇུག་ཡུལ་འཆད་པ་ན་མི་སློབ་པའི་ལམ་ཤེས་པའི་མདོ་དང༌། ས་དགུ་པའི་ཡོངས་སྦྱོང་འཆད་པ་ན། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་གསུངས་པའི་ཡོན་ཏན་དེ་དག་ཀྱང་སྟོབས་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པར་ངོས་འཛིན་པར་མདོ་ཉིད་ལས་གསུངས་པའི་ཕྱིར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། སྐད་ཅིག་མའི་སྦྱོར་བས་མངོན་དུ་བྱེད་རྒྱུའི་ཡོན་ཏན་ནི་གཉིས་ཏེ། གནས་ངན་ལེན་གྱི་དྲི་མ་དང་མ་བྲལ་བས་རྣམ་པར་སྨིན་པ་མ་ཡིན་པའི་ངོ་བོར་གནས་པ་ཞིག་དང༌། དེ་དང་བྲལ་བས་རྣམ་པར་སྨིན་པའི་ངོ་བོར་གནས་པ་ཞིག་གོ །དང་པོ་ནི། ས་བཅུ་པའི་ཁྱད་པར་གྱི་ལམ་དུ་ཐོབ་པའི་སྦྱིན་པ་ནས་དཔེ་བྱད་བཟང་པོའི་བར་རྣམས་ལ་བྱ་ལ། ཅིག་ཤོས་ནི་རྫོགས་པའི་སངས་རྒྱས་ཀྱི་སར་ཐོབ་པ་རྣམས་སོ། །རྣམ་པར་སྨིན་པ་ཡིན་མིན་གྱི་དོན་ཡང༌། བཟང་པོའི་ཞབས་ཀྱི་བཞེད་པས། དཀར་བའི་ངོ་བོར་སྐྱེས་མ་སྐྱེས་ལ་བྱ་ལ། དེའི་དོན་ཡང་དེ་དང་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་དང་བྲལ་མ་བྲལ་ལ་བྱ་བ་ཡིན་ཏེ། ཇི་སྐད་དུ། དྲི་མ་ཐམས་ཅད་དང་བྲལ་བས་སྟོན་ཁའི་ཟླ་བའི་འོད་བཞིན་དུ་དཀར་བའི་ངོ་བོ་ཉིད་སྐྱེས་པ་དེའི་ཚེ་སྐད་ཅིག་མ་གཅིག་ཁོ་ན་ལ་རྣམ་པར་སྨིན་པའི་གནས་སྐབས་སུ་གྱུར་པ་ཞེས་གསུངས་པས་སོ། །དེ་ལྟར་བཤད་པ་ན་ཡོན་ཏན་དང་པོ་ནི་ས་བཅུ་པའི་ཁྱད་པར་གྱི་ལམ་དུ་མངོན་དུ་བྱས་ཟིན་པ་ཡིན་ལ། ཡོན་ཏན་གཉིས་པ་ནི། རྒྱུན་གྱི་ཐ་མའི་སྐད་ཅིག་མ་གཉིས་པར་མངོན་དུ་བྱེད་ནུས་པའོ། །དེ་ལྟར་ཡོན་ཏན་མངོན་དུ་བྱེད་པའི་ཚུལ་བཤད་ཟིན་ནས། དེ་ཇི་ལྟར་གོམས་པར་བྱེད་པའི་ཚུལ་ནི། ས་བཅུ་པའི་ཁྱད་གྱི་ལམ་གྱི་བློ་སྐད་ཅིག་མ་གཅིག་གིས་ཀུན་བྱང་གི་ཆོས་ཐམས་ཅད་མཚན་ཉིད་མེད་པ་དང་གཉིས་སུ་མེད་པའི་ཚུལ་དུ་དུས་སྐད་ཅིག་མ་གཅིག་ལ་རྟོགས་ནས་གོམས་པར་བྱེད་པ་ཡིན་ལ། དེ་ལྟར་བྱས་པ་ལས་རང་དུས་སུ་རྣམ་པར་སྨིན་པ་མ་ཡིན་པའི་ཡོན་ཏན་མཐའ་དག་དང༌། སྐད་ཅིག་གཉིས་པར་རྣམ་པར་སྨིན་པའི་ཡོན་ཏན་མཐའ་དག་མངོན་དུ་བྱེད་པར་ནུས་པའི་རྣལ་འབྱོར་འདི་ལ་ནི་སྐད་ཅིག་མའི་སྦྱོར་བ་ཞེས་བྱའོ། །འདི་བར་ཆད་མེད་པའི་རྩེ་སྦྱོར་དང་ངོ་བོ་གཅིག་ཀྱང་ལྡོག་པས་སོ་སོར་འབྱེད་དགོས་ཏེ། སྔ་མ་ནི་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་གྱི་དབང་དུ་བྱས་པས་སྤོང་གཉེན་གྱི་ལྡོག་ཆ་ནས་འཆད་ལ། འདི་ནི་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་གྱི་ཆ་ནས་བཤད་པས། ཁྱད་པར་གྱི་ལམ་གྱི་ལྡོག་པ་ནས་བསྟན་དགོས་པའི་ཕྱིར་རོ། །འདིའི་ས་མཚམས་རྒྱུན་མཐའ་ཁོ་ནར་འཆད་པ་ནི། ཇི་སྐད་དུ། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུ། ཞེས་འབྱུང་བ་ལ་བསམས་པ་ཡིན་མོད་ཆོས་ཀྱི་སྐུ་སྐད་ཅིག་དང་པོ་ཡིན་ན་རང་རྒྱུ་སྐད་ཅིག་སྦྱོར་བའི་དངོས་འབྲས་ཡིན་དགོས་ཀྱང༌། སྐད་ཅིག་མའི་སྦྱོར་བ་ཡིན་ན་རང་འབྲས་དེའི་དངོས་རྒྱུ་ཡིན་མི་དགོས་པ་ཉིད་ཀྱི་ཕྱིར་ལུང་དེ་ཙམ་ལས་ནི་དེ་མི་འགྲུབ་བོ། །འོ་ན་ཅི་ཞེ་ན། སྦྱོར་བའི་སྒྲ་དོན་ནི་བློ་སྐད་ཅིག་མ་གཅིག་གིས་དུས་སྐད་ཅིག་མ་གཅིག་ལ་སྐྱེ་མེད་གསུམ་གྱི་རྣམ་པ་རྣམས་ཅིག་ཆར་དུ་རྟོགས་པས་དེ་ཞེས་བྱ་བ་དེ་ནི། སྦྱོར་བ་ཕྱི་མ་གཉིས་ཀྱི་སྒྲ་དོན་ཡིན་ཞིང༌། ཟག་མེད་ཀྱི་ཡོན་ཏན་གཅིག་མངོན་དུ་བྱས་པའི་སྐད་ཅིག་དེ་ཉིད་ལ་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་མངོན་དུ་བྱེད་ནུས་པ་ཞེས་བྱ་བ་དེ་ནི་སྦྱོར་བ་དང་པོ་གཉིས་ཀྱི་སྒྲ་དོན་ནོ། །དེས་ན་འདིའི་ས་མཚམས་ནི། མཐར་གྱིས་པའི་སྦྱོར་བས་རིམ་གྱིས་སྒོམ་དགོས་པ་དེ་ཉིད་གནས་སྐབས་གང་དུ་ཅིག་ཆར་དུ་སྒོམ་པའི་ནུས་པ་ཐོབ་པ་དེ་ནས་ཡོད་ལ། དེ་ཉིད་གང་ནས་ཡོད་པའི་ས་མཚམས་ཀྱང་གང་ནས་སྒོམ་སྤང་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དེ་ནས་ཡོད་པ་ཡིན་ཏེ། དེར་ཕར་ཕྱིན་བཅུ་ཀ་རྫོགས་པས་གཅིག་མངོན་དུ་བྱས་པ་ན་གཞན་ཐམས་ཅད་མངོན་དུ་འགྱུར་པའི་ཕྱིར་དང༌། དེར་མཚན་འཛིན་དང་གཉིས་སྣང་གི་རྟོག་པ་ཐམས་ཅད་སྤངས་པས་རྟོག་མེད་ཀྱི་ཡེ་ཤེས་གཅིག་མངོན་དུ་བྱས་པ་ན་ཐམས་ཅད་མངོན་དུ་འགྱུར་བའི་ཕྱིར། དེའི་དོན་ཡང་གཟུགས་ལྟ་བུ་ཅིག་མཚན་མེད་དུ་ཡིད་ལ་བྱས་པ་ན་ཆོས་ཐམས་ཅད་དེར་བྱས་པ་ཞེས་བྱ་བའི་དོན་ནོ། །གཉིས་པ་དབྱེ་བ་སོ་སོའི་དོན་ལ། སློབ་དཔོན་གྱི་བཞེད་པས་ནི་རྣམ་པར་སྨིན་པ་མ་ཡིན་པའི་དང༌། རྣམ་པར་སྨིན་པའི་དང༌། མཚན་ཉིད་མེད་པའི་དང༌། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་དང་བཞིའོ། །དེ་ཡང་མདོ་དང་གཞུང་ལས། སྦྱོར་བ་གཉིས་པའི་ཐད་དུ་རྣམ་པར་སྨིན་པ་ཞེས་བྱ་བའི་ཐ་སྙད་གསུངས་པ་ལ་རྗེས་སུ་དཔག་ནས་རྣམ་པར་སྨིན་པ་མ་ཡིན་པའི་ཐ་སྙད་བཏགས་པ་ཡིན་གྱི། རྣམ་སྨིན་མ་ཡིན་པའི་ཐ་སྙད་མདོ་གཞུང་དང་འཕགས་པས་མ་མཛད་དོ། །སློབ་དཔོན་གྱི་ལུགས་འདི་ལ་ཡང༌། རྣམ་སྨིན་ཡིན་པ་དང༌། མ་ཡིན་པ་ནི་འཐོབ་བྱ་ཡོན་ཏན་གྱི་དབང་དུ་བྱས་ལ། མཚན་ཉིད་མེད་པ་དང༌། གཉིས་སུ་མེད་པ་གཉིས་ནི། རྟོགས་བྱ་ཡུལ་གྱི་དབང་དུ་བྱས་ཤིང༌། སྐད་ཅིག་མ་ཞེས་པ་ནི་རྟོགས་བྱེད་ཀྱི་བློ་དང༌། རྟོགས་པའི་དུས་ལ་དགོངས་པ་ཡིན་ཏེ། ཤེས་བྱེད་གོང་དུ་བཤད་ཟིན་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་ཡང་སྐྱེ་མེད་གསུམ་གྱི་རྣམ་པ་གོམས་པ་མཐར་ཐུག་པའི་དབང་དུ་བྱས་ནས་སྦྱོར་བ་ཕྱི་མ་གཉིས་བཤད་ཅིང༌། ཕྱིན་དྲུག་སོགས་རྣལ་འབྱོར་གྱི་ནུས་པ་མཐར་ཐུག་པའི་དབང་དུ་བྱས་ནས་སྦྱོར་བ་སྔ་མ་གཉིས་བཤད་དོ། །སློབ་དཔོན་འཕགས་པའི་དགོངས་པས་ནི་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་ཞེས་བྱ་བ་ནི་མི་བཞེད་ལ། མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་བྱ་བའི་གཞུང་གི་དོན་ནི། སྐད་ཅིག་མའི་སྦྱོར་བ་སྟོན་པའི་མདོ་དེ་དག་ལ་མཚན་པ་བཞིར་ཕྱེ་ནས་འཆད་པའོ། །བཞི་པོ་དེ་ཡང་གང་ཞེ་ན། སངས་རྒྱས་སའི་ཡོན་ཏན་གཅིག་གིས་ཐམས་ཅད་བསྡུས་པའི་བསྒྲུབ་བྱེད་ཀྱི་གཏན་ཚིགས་དང༌། ཤེས་བྱེད་ཀྱི་དཔེ་བཤད་པ་དང༌། དེ་ལྟར་གྲུབ་པ་ནི་རྣམ་པར་སྨིན་པ་སངས་རྒྱས་ཀྱི་སའི་ཡོན་ཏན་གཅིག་མངོན་དུ་བྱས་པ་ན་ཐམས་ཅད་མངོན་དུ་བྱེད་ནུས་པ་དང༌། དེ་མངོན་དུ་བྱེད་ནུས་པའི་སྐད་ཅིག་སྦྱོར་ལ་གཉིས་སུ་ཕྱེ་བའོ། །གཉིས་པོ་དེ་ཡང་གང་ཞེ་ན། སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་པ་དང༌། དེ་ལ་དེ་ཐམས་ཅད་གཉིས་མེད་དུ་ཤེས་པའོ། །ཞེས་བཞེད་པ་ཡིན་ནོ། །སྦྱོར་བ་ཕྱི་མ་གཉིས་པོའི་ཁྱད་པར་ཅི་ཞེ་ན། རྣལ་འབྱོར་སྤྱོད་པ་ལྟར་ན་གཟུང་འཛིན་ཀུན་བཏགས་གཉིས་རང་གི་མཚན་ཉིད་ཀྱིས་སྟོང་བར་རྟོགས་པ་དང༌། གཉིས་མེད་ཀྱི་ཡེ་ཤེས་གནས་ལུགས་ཀྱི་དོན་དུ་མཐོང་བའི་ཁྱད་པར་གྱིས་ཕྱེ་བ་ཡིན་ཏེ། ཇི་སྐད་དུ། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་དང༌། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའང་ད་འདི་ཡིན། །ཞེས་འབྱུང་བ་ལྟར་ཡིན་ནོ། །ངོ་བོ་ཉིད་མེད་པར་སྨྲ་བ་ལྟར་ན། སྔ་མས་རང་སྟོང་གི་ཚུལ་གྱི་དེ་ཁོ་ན་ཉིད་རྟོགས་པ་དང༌། ཕྱི་མས་གཞན་སྟོང་གི་ཚུལ་གྱི་དེ་ཁོ་ན་ཉིད་རྟོགས་པའི་ལྡོག་པས་རྣམ་པར་དབྱེ་བ་ཡིན་ནོ། །སྔ་མས་སྔ་འཁོ་ཡང་ཡང་དཔྱད་མོད་ཀྱི། །གོང་ནས་གོང་མའི་དགོངས་པར་སོང་བ་མེད། །ཕྱི་ནས་ཕྱི་མར་འབྱུང་བའི་བློ་བཟང་དག །ལེགས་ཉེས་ལེགས་པར་དཔྱད་པ་འདི་ལོང་ཤིག །ཅེས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལུང་ཆོས་སྤྱིའི་སྙིང་པོ་བསྡུས་པ་ཞེས་བྱ་བ་ལས་སྐབས་བདུན་པའི་རྣམ་པར་བཤད་པའོ།།  །།གསུམ་པ་འབྲས་བུ་ཆོས་ཀྱི་སྐུ་ལ་གཉིས་ཏེ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ་དང༌། མངོན་རྟོགས་སོ་སོའི་དོན་བཤད་པའོ། །དང་པོ་ནི། སྐད་ཅིག་མའི་སྦྱོར་བ་བཞི་པའི་མདོ་ལ་འཕྲོས་ནས། རབ་འབྱོར། གཞན་ཡང་ཟག་པ་མེད་པའི་ཆོས་རྨི་ལམ་ལྟ་བུ། དངོས་པོ་དང་མི་ལྡན་པ་དངོས་པོ་མེད་པའི་རང་བཞིན་ཅན། རང་གི་མཚན་ཉིད་ཀྱིས་སྟོང་པ། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པར་གྱུར་པ། དེ་དག་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་མཚན་ཉིད་གཅིག་པུ་འདི་ལྟ་སྟེ། མཚན་ཉིད་མེད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་རིག་པར་བྱའོ། །ཞེས་པས་ངོ་བོ་ཉིད་ཀྱི་སྐུ་དང༌། གསོལ་བ། བཅོམ་ལྡན་འདས་ཟག་པ་མེད་པའི་ཆོས་དེ་གང་ལགས། བཀའ་སྩལ་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དེ། འདི་དག་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་ཅེས་བྱའོ། །ཞེས་པས་ནི་རྟོགས་པའི་ཡེ་ཤེས་ཆོས་ཀྱི་སྐུ་དང༌། རབ་འབྱོར། གཞན་ཡང་ཡུམ་འདི་ལ་བསླབས་ཤིང༌། ཆོས་འདི་དག་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ཏེ། ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་བྱང་སེམས་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང༌། བདེ་བ་དང༌། ཚིམ་པ་དང༌། རབ་ཏུ་དགའ་བ་སྟོན་པར་འགྱུར་རོ། །ཞེས་སོགས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། རབ་འབྱོར། གཞན་ཡང་ཆོས་དེ་དག་རྟོགས་པར་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ། མཐའ་མེད་པར་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་པའི་འཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་དེ་ལྟར་བྱང་སེམས་ཆེན་པོ་ཡུམ་ལ་བསླབ་པར་བྱའོ། །ཞེས་པས་སྤྲུལ་པའི་སྐུ་དང༌། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། བྱང་སེམས་ཆེན་པོ་དག་ཆེད་དུ་བསམས་ཏེ་སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས། ཞེས་སོགས་ཀྱིས་ནི་འཕྲིན་ལས་ཉི་ཤུ་བདུན་གསུངས་པ་ཡིན་ནོ། །གཉིས་པ་ལ་རྟེན་སྐུ་བཤད་པ་དང༌། རྟེན་པ་ཡེ་ཤེས་བཤད་པ་དང༌། མཛད་པ་འཕྲིན་ལས་བཤད་པའོ། །དང་པོ་ལ། དབྱེ་གཞི་ཆོས་ཀྱི་སྐུ་ཙམ་གྱི་མཚན་ཉིད། དབྱེ་བ་སོ་སོའི་རང་བཞིན། སྐུ་དངོས་བཏགས་དང་ཤེས་བྱ་ཇི་ལྟར་མཁྱེན་པའི་ཚུལ་བཤད་པའོ། །དང་པོ་ནི། ཚོགས་གཉིས་ཟུང་དུ་འཇུག་པའི་འབྲས་བུ་མཐར་ཐུག་པའོ། །དེ་དེའི་རྣམ་སྨིན་དུ་གསུངས་པ་ནི་འབྲས་བུ་ལ་རྣམ་སྨིན་གྱི་མིང་གིས་བཏགས་པ་ཡིན་གྱི། འབྲས་བུ་ལྔའི་ཡ་གྱལ་དུ་གྱུར་པའི་རྣམ་སྨིན་དངོས་མ་ཡིན་ཏེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་སྐུ་ནི་སྤངས་པ་དང༌། རྟོགས་པ་དང༌། ནུས་པ་གསུམ་དབྱེར་མེད་པ་ཞིག་ཡིན་ལ། དེ་ལས་སྤངས་པ་ནི་གཉིས་པོ་དེའི་བྲལ་བའི་འབྲས་བུའོ། །རྟོགས་པ་ནི་རྒྱུ་མཐུན་གྱི་འབྲས་བུའོ། །ནུས་པ་ནི་འཕྲིན་ལས་ཏེ་བདག་པོའི་འབྲས་བུའོ། །ཡང་ཆོས་ཀྱི་སྐུ་ནི་སྐུ་གསུམ་དབྱེར་མེད་པ་སྟེ། ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་ཉིད་དྲི་མས་རྣམ་པར་དག་པའི་ཆ་ཡིན་ལ། དེ་ནི་གཙོ་བོར་ཡེ་ཤེས་ཀྱི་ཚོགས་ཀྱི་ལག་རྗེས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་སྟོབས་སོགས་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཏུ་གྱུར་པའི་ཡེ་ཤེས་ཤིག་ཡིན་ལ། དེ་ནི་གཙོ་བོར་བསོད་ནམས་ཀྱི་ཚོགས་ཀྱི་ལག་རྗེས་སོ། །སྤྲུལ་པའི་སྐུ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། དེ་ནི་གཙོ་བོར་ཚོགས་གཉིས་ཟུང་དུ་འཇུག་པའི་ལག་རྗེས་སོ། །གསུམ་པོ་དེ་ཡང་གོ་རིམ་བཞིན་དུ། རྒྱུ་དེ་དང་དེའི་བྲལ་བ་དང༌། རྒྱུ་མཐུན་དང༌། བདག་པོའི་འབྲས་བུའོ། །དེའི་ཤེས་བྱེད་ཀྱང་གོ་རིམ་བཞིན་དུ། བསོད་ནམས་ཀྱི་ཚོགས་དང་ཟུང་དུ་མི་འཇུག་ན་ཡེ་ཤེས་རྐྱང་པས་ནི་རྟག་པ་མཐར་བཟུང་བའི་ཚུལ་གྱིས་དམན་པའི་མྱང་འདས་བཞིན་དུ། རྣམ་པར་གྲོལ་བའི་སྐུ་ཙམ་ཞིག་མངོན་དུ་བྱེད་པར་ནུས་ཀྱང་ཆོས་ཀྱི་སྐུ་མ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་དང་ཟུང་དུ་མི་འཇུག་ན་བསོད་ནམས་ཀྱི་ཚོགས་རྐྱང་པས་ནི་མཚན་དང་དཔེ་བྱད་འབར་བའི་སྐུར་བསྟན་པའི་སྒོ་ནས་གཞན་གྱི་དོན་བྱེད་ནུས་ཀྱང༌། ཆགས་ཐོགས་ཀྱི་སྒྲིབ་པ་སེལ་བ་དང་སྟོབས་སོགས་ཀྱི་ཡོན་ཏན་ལ་དབང་འབྱོར་བར་མི་ནུས་ལ། ཚོགས་གཉིས་ཟུང་དུ་འཇུག་པས་ནི་དེ་ལྟར་ནུས་པའི་ཕྱིར་རོ། །དེ་ལྟར་ན་འདིར་སྐུ་གསུམ་མམ་བཞིར་གང་ལས་དབྱེ་བའི་གཞི་ནི་འབྲས་བུ་ཆོས་ཀྱི་སྐུ་ཞེས་བྱ་བ་དེ་ཉིད་ཡིན་ལ། འདིའི་མིང་གི་རྣམ་གྲངས་ནི། རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་དང༌། རང་དོན་དོན་དམ་པའི་སྐུ་དང༌། གནས་ཚུལ་གྱི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་ཞེས་ཀྱང་བྱ་བའོ། །སློབ་དཔོན་བཟང་པོའི་ཞབས་ཀྱི་འདིས་ཀྱང་སྐུ་ལྷག་མ་གསུམ་ལ་སྣང་ཚུལ་དང༌། གནས་ཚུལ་གཉིས་ལས། དང་པོ་ནི། ཆོས་ཀྱི་སྐུར་མི་བཞེད་ལ། གནས་ཚུལ་གྱི་སྐུ་ལྷག་མ་གསུམ་ནི་ངོ་བོ་ཉིད་ཀྱི་སྐུ་དང་ལྡོག་པས་སོ་སོར་དབྱེ་བ་ཙམ་ཡིན་གྱི། རྫས་སུ་ནི་ངོ་བོ་ཉིད་ཀྱི་སྐུ་ཁོ་ནར་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། སྐུ་ལྷག་མ་གསུམ་པོ་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དེ་དང་ཐ་མི་དད། ཅེས་དང༌། དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅེས་བཤད་པའི་ཕྱིར་རོ། །འོ་ན་ངོ་བོ་ཉིད་ཀྱི་སྐུ་དང་ཐ་དད་པར་བཞག་རྒྱུའི་སྐུ་དེ་གང་ཞེ་ན། སྣང་ཚུལ་གྱི་སྐུ་གསུམ་པོ་དེ་ཉིད་དོ། །དེ་དེ་ལས་ཐ་དད་དུ་འཇོག་པའི་རྒྱུ་མཚན་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་གསུམ་ལ་སྣང་ཚུལ་མི་འདྲ་བ་གསུམ་བྱུང་བའི་རྒྱུ་མཚན་གྱིས་སོ། །དཔེར་ན་དུང་གི་ཁ་དོག་ཅིག་ཉིད་ལ་དཀར་པོ་དང་སེར་པོ་དང་སྔོན་པོར་སྣང་བ་བཞིན་ནོ། །སྣང་ཚུལ་ཕྱི་མ་གཉིས་ནི་སངས་རྒྱས་ཀྱི་སྐུ་དངོས་མ་ཡིན་ཏེ། སྣང་མཁན་རང་གི་ཤེས་པས་བསྡུས་པའི་ཕྱིར་རོ། །སྣང་ཚུལ་དང་པོ་ནི། སངས་རྒྱས་ཀྱི་ཡེ་ཤེས་དངོས་ཡིན་ཀྱང་ངོ་བོ་ཉིད་ཀྱི་སྐུ་དང་ལྡོག་པས་ཐ་དད་དུ་རྣམ་པར་ཕྱེ་བ་ཡིན་ཏེ། ཤེས་བྱ་ཇི་སྙེད་པ་གཞན་སྣང་གི་ཚུལ་གྱིས་མཁྱེན་པའི་ཆ་ནས་དང༌། གཟུགས་སྐུ་གཉིས་ཀྱི་སྣང་བ་སྟོན་པའི་ཆ་ནས་དང༌། ཆོས་སྟོན་པ་ལ་སོགས་པ་གདུལ་བྱའི་བྱ་བ་མཛད་པའི་ཆ་ནས་རྟོགས་པ་ཡེ་ཤེས་ཀྱི་སྐུ་དང༌། སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཅན་དང༌། ཆོས་ཅན་གྱི་སྐུ་ལ་སོགས་པར་ཐ་སྙད་བཏགས་པའི་ཕྱིར་རོ། །གལ་ཏེ་འོ་ན་སྣང་ཚུལ་དང་པོ་དེའི་རང་ལྡོག་ནས་ཆོས་ཀྱི་སྐུར་ཁས་བླངས་པའི་ཕྱིར་ན་ངོ་བོ་ཉིད་ཀྱི་སྐུར་ཁས་ལེན་དགོས་ལ། དེ་ལྟ་ན་ངོ་བོ་ཉིད་ཀྱི་སྐུ་དང་ལྡོག་པས་ཐ་དད་དུ་འབྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལྟར། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་ངོ་བོ་དབྱེར་མེད་པའི་ཆོས་ཉིད་ཀྱི་ཆ་ལ་ནི་ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཉིད་དེ་དང་དབྱེར་མེད་པའི་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོའི་ཆ་ནས་ནི་ཡེ་ཤེས་ཀྱི་སྐུ་ཞེས་བྱའོ། །ཆོས་ཉིད་ཀྱི་མཚན་གཞི་གང་ཞེ་ན། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཤིག་ཡིན་ལ། དེ་ཡང་གསར་དུ་བཅོས་པ་མ་ཡིན་གྱི། གདོད་མ་ནས་གྲུབ་པ་ཞིག་གོ །དེ་ཙམ་གྱིས་ངོ་བོ་ཉིད་ཀྱི་སྐུར་བཞག་ནུས་པ་མ་ཡིན་ཏེ། དེས་ངོ་བོ་ཉིད་ཀྱི་དོན་ཚང་བར་འཇོག་ནུས་ཀྱང༌། སྐུ་ཞེས་བྱ་བའི་དོན་ཚང་བར་འཇོག་པ་ལ་སྟོབས་སོགས་ཡོན་ཏན་གྱི་ཆོས་རྣམས་བསགས་པ་ཞིག་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། བདེན་གཉིས་ལས། བསམ་ཡས་ཡོན་ཏན་ཀུན་ལྡན་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་ཀྱི་སྐུ། །ཞེས་འབྱུང་བ་ལྟར་རོ། །སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་ཆོས་ཅན་གྱི་ཆར་གྱུར་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་དངོས་མ་ཡིན་ཀྱང་ཀུན་རྫོབ་པའི་སྐུ་གཉིས་ཀྱི་སྣང་བ་བསྐྱེད་པའི་ཆ་ནས་སམ། གཟུགས་སྐུ་གཉིས་ཀུན་རྫོབ་པའི་སྐུར་བཞག་པའི་གྲོགས་ཀྱི་དབང་གིས་ཡེ་ཤེས་ཆོས་ཀྱི་སྐུ་ལའང་དེར་བཏགས་པ་ཡིན་ཏེ། ཇི་སྐད་དུ། ཡང་དག་པའི་ཀུན་རྫོབ་ཏུ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ། ཞེས་དང༌། རྣལ་འབྱོར་པའི་ཀུན་རྫོབ་ཏུ་དོན་ཁྱད་པར་ཅན་སྣང་བ་སྐྱེད་པའི་སྒོ་ནས་ཞེས་གསུངས་སོ། །གཉིས་པ་ལ། གཉིས་སུ་དབྱེ་བ། གསུམ་དུ་དབྱེ་བ། བཞིར་དབྱེ་བའོ། །དང་པོ་ལ་དབྱེ་ཚུལ་མི་འདྲ་བ་གཉིས་ཏེ། དོན་དམ་པའི་སྐུ་དང༌། ཀུན་རྫོབ་པའི་སྐུ་གཉིས་སུ་དབྱེ་བ་དང༌། རང་དོན་གྱི་སྐུ་དང༌། གཞན་དོན་གྱི་སྐུ་གཉིས་སུ་དབྱེ་བའོ། །དང་པོ་ནི་དངོས་བཏགས་མ་ཕྱེ་བའི་དབང་དུ་བྱས་པ་སྟེ། ཇི་སྐད་དུ། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་རྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་གསུངས་སོ། །གཉིས་པ་ནི་སྐུ་དངོས་ལ་དེར་ཕྱེ་བ་ཡིན་ཏེ། ཇི་སྐད་དུ། དང་པོ་གསུམ་གྱི་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །ཞེས་གསུངས་པས་སོ། །གསུམ་པ་གསུམ་དུ་དབྱེ་བ་ནི། ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་གསུམ་མོ། །སྐུ་ཕྱི་མ་གཉིས་ལ། གནས་ཚུལ་དང༌། སྣང་ཚུལ་གྱི་དབྱེ་བས་གཉིས་གཉིས་སུ་ཡོད་ལ། རྒྱན་རྩ་འགྲེལ་དུ། སྣང་ཚུལ་གྱི་ཆ་ནས་བཤད་ཀྱང་གནས་ཚུལ་ཉིད་གཙོ་ཆེ་བ་ཡིན་ཏེ། ངོ་བོ་ཉིད་ཀྱི་སྐུ་ལ་ལོངས་སྤྲུལ་གཉིས་དབྱེར་མེད་དུ་ཚང་བའི་ཕྱིར་དང༌། སྣང་ཚུལ་ནི་གཟུགས་ཀྱི་སྐུ་ཡིན་པས་ཆོས་ཀྱི་སྐུར་མི་རུང་བའི་ཕྱིར། དང་པོ་ངོ་བོ་ཉིད་ཀྱི་སྐུ་ལ་མཚན་ཉིད་ནི། མཚན་ཉིད་ལྔ་ལྡན་གྱི་ཆོས་ཀྱི་སྐུའོ། །དེ་སྐད་དུ་ཡང༌། རྒྱུད་བླ་མར། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་མདོར་བསྟན་ནས། མཚན་ཉིད་ལྔ་འཆད་པ་ནི། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང༌། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱི་ནི། །དག་པའི་ཕྱིར་ན་འོད་གསལ་བའོ། །ཞེས་དང༌། ཡོན་ཏན་ལྔ་ནི། ཇི་སྐད་དུ། གཞལ་མེད་གྲངས་མེད་བསམ་མེད་དང༌། །མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང༌། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །ཞེས་གསུངས་སོ། །མཚན་གཞི་ནི། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་ཟུང་དུ་འཇུག་པའི་ཆོས་དབྱིངས་ཏེ། ཇི་སྐད་དུ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཞེས་གསུངས་པས་སོ། །ཆོས་དབྱིངས་ཀྱི་ངོས་འཛིན་ཡང་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་བྱ་དགོས་པ་ནི་བྱམས་ཆོས་རྗེས་འབྲང་དང་བཅས་པ་ཀུན་གྱི་ལུགས་ཡིན་པ་ལྟར། སློབ་དཔོན་འདིས་ཀྱང་བཞེད་པ་ཡིན་ཏེ། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །ཅེས་པའི་འགྲེལ་པར། བྱང་ཆུབ་ཀྱི་ངོས་འཛིན་དེ་བཞིན་ཉིད་ལ་བཤད་ནས། དེའི་ངོས་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་པ་བཞིན་ནོ། །དེ་ལྟར་ན་ངོ་བོ་ཉིད་ཀྱི་སྐུ་དང༌། མི་གནས་པའི་མྱང་འདས་དང༌། བྱང་ཆུབ་དང༌། སངས་རྒྱས་ཀྱི་སྙིང་པོ་དང༌། སངས་རྒྱས་ཀྱི་སའི་རང་བཞིན་ཤེས་ཕྱིན་རྣམས་དོན་གཅིག་ལ་འདུ་བའི་དོན་ནི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཁོ་ནའོ། །མདོར་ན། ངོ་བོ་ཉིད་སྐུ་ཆོས་དབྱིངས་ཁོ་ནའི་ཆ་ནས་འཆད་པ་སློབ་དཔོན་གྱི་ལུགས་དང༌། ཆོས་ཅན་ཟག་མེད་ཀྱི་ཡེ་ཤེས་ཉེར་གཅིག་པོ་ཡང་ངོ་བོ་ཉིད་སྐུར་འཆད་པ་ནི་འཕགས་པའི་ལུགས་ཏེ། ཇི་སྐད་དུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སྦྲེལ་དགོས་པ་ནི་དེའི་ལུགས་ཡིན་པས་སོ། །གལ་ཏེ་དེས་དེ་དེའི་ཡོན་ཏན་དུ་འདོད་པ་མ་ཡིན་ནམ་ཞེ་ན། མི་འགལ་ཏེ། ལོངས་སྐུའི་ཡོན་ཏན་ཡིན་ན་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་དགོས་པ་བཞིན་ནོ། །དེ་ལྟར་འཕགས་པས་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་ཡང་ངོ་བོ་ཉིད་ཀྱི་སྐུར་བཞེད་པ་ལས་འོས་གཞན་མེད་དེ། སྣང་ཚུལ་གྱི་སྐུ་གཉིས་སུ་ནི་མི་བཞེད་པའི་ཕྱིར། དེ་ལྟ་ན་ཡང་གནས་ཚུལ་གྱི་སྐུ་གཉིས་པོ་གང་རུང་དུ་བཤད་པ་ལ་འགལ་བ་ཡོད་པ་མ་ཡིན་ཏེ། དེ་ལྟར་མ་བཤད་ན་སྐུ་ལྷག་མ་གསུམ་པོ་ངོ་བོ་ཉིད་ཀྱི་སྐུ་དང་ཐ་མི་དད་པའི་ཚུལ་འཆད་མི་ཤེས་པའི་ཕྱིར་དང༌། ངོ་བོ་ཉིད་ཀྱི་སྐུ་ལ་སྐུ་གསུམ་དབྱེར་མེད་དུ་ཚང་བའི་ཚུལ་འཆད་མི་ཤེས་པར་འགྱུར་བའི་ཕྱིར། དེས་ན་འཕགས་པས་སྐུ་གསུམ་དུ་ཕྱེ་བ་འདི་ནི་གནས་ཚུལ་གྱི་སྐུ་ཇི་སྙེད་པ་ངོ་བོ་ཉིད་ཀྱི་སྐུར་བསྡུས་ནས་སྣང་ཚུལ་གྱི་སྐུ་ལ་ལོངས་སྤྲུལ་གཉིས་སུ་ཕྱེ་ནས་གསུམ་གྱི་རྣམ་གཞག་མཛད་པར་གསལ་བ་ཡིན་ཏེ། སྐུ་ཕྱི་མ་གཉིས་སྣང་ཚུལ་གྱི་ཆ་ནས་འཆད་པ་ནི་མདོ་དང་རྒྱན་ན་ཤིན་ཏུ་གསལ་བའི་ཕྱིར། དེ་ལྟར་གཉིས་ལས། གནས་ཚུལ་གྱི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ནི། ཁྱད་པར་ལྔ་དང་ལྡན་པའི་གཞན་དོན་གྱི་སྐུའོ། །ཡོན་ཏན་ལྔ་ནི། ཇི་སྐད་དུ། རྒྱུད་བླ་མ་ལས། བརྗོད་སྟོན་མཛད་རྒྱུན་མི་འཆད་དང༌། །མངོན་པར་འདུ་བྱེད་མེད་པ་དང༌། །དེ་ཡི་ངོ་བོ་མིན་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང༌། །ཞེས་གསུངས་སོ། །གསུམ་པ་གནས་ཚུལ་གྱི་སྤྲུལ་སྐུའི་མཚན་ཉིད་ནི། ཁྱད་པར་བཞི་ལྡན་གྱི་གཞན་དོན་གྱི་སྐུའོ། །བཞི་ནི་ཇི་སྐད་དུ། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུའི་གཟུགས། །ཞེས་གསུངས་སོ། །དེ་ལྟར་གནས་ཚུལ་གྱི་སྐུ་གསུམ་ཀ་སྣང་ཚུལ་གྱི་སྐུ་གཉིས་ལ་ལྟོས་ནས་ནི་རང་དོན་གྱི་སྐུ་ཉིད་དུ་གཞག་སྟེ། དོན་དམ་པའི་བདེན་པ་དང༌། མཐར་ཐུག་པའི་ཆོས་སྐུ་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་ཡང་རང་བཞིན་གྱི་སྐུ་གཉིས་སུ་འབྱེད་པ་མི་འགལ་ཏེ། དེ་ཉིད་དོན་གཉིས་མཐར་ཕྱིན་པའི་སྐུ་ཡིན་པའི་ཕྱིར་དང༌། མདོ་སྡེའི་རྒྱན་ལས། ལོངས་སྤྱོད་རྫོགས་པའི་སྐུ་རང་དོན་གྱི་སྐུར་བཤད་པ་བཞིན་ནོ། །དེ་དེར་བཤད་པ་ཇི་ལྟར་ཞེ་ན། སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་གསུངས་སོ། །སྣང་ཚུལ་གྱི་སྐུ་གཉིས་པོའི་མཚན་ཉིད་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གསུམ་པ་ལ། དབྱེ་བ་དངོས་དང༌། གྲངས་ངེས་ཀྱི་རྒལ་ལན་ནོ། །དང་པོ་ནི། འབྲས་བུ་ཆོས་ཀྱི་སྐུ་ལ་དངོས་བཏགས་མ་ཕྱེ་བར་བཞིར་འབྱེད་པ་ནི་སློབ་དཔོན་བཟང་པོའི་ཞབས་ཀྱི་བཞེད་པ་སྟེ། ཇི་སྐད་དུ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་བཞི་ཡིན། ཞེས་གསུངས་པས་སོ། །བཞི་པོ་གང་ཞེ་ན། སངས་རྒྱས་ཀྱི་སའི་ཆོས་ཅན་ཡེ་ཤེས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཉིད་དེས་ཁྱད་པར་དུ་བྱས་པའི་ཆོས་ཅན་ཡེ་ཤེས་ཀྱི་སྐུ་སྟེ་གནས་ཚུལ་གྱི་སྐུ་གཉིས་དང༌། སྣང་ཚུལ་གྱི་ལོངས་སྤྲུལ་གཉིས་ཏེ་བཞིའོ། །དང་པོ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། དེ་ཡང་གློ་བུར་རྣམ་དག་གིས་ཁྱད་པར་དུ་བྱས་པའི་རང་བཞིན་རྣམ་དག་གི་ཆོས་ཉིད་ཅིག་ཡིན་ལ། མཚན་གཞི་ནི། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོའི་སྟེང་གི་མྱོང་བ་གསལ་རིག་གི་ཆ་དེའོ། །གཉིས་པ་ནི། ཆོས་ཅན་གྱི་ཡེ་ཤེས་དང༌། དེ་ཡང་རང་བཞིན་རྣམ་དག་གི་ལྡོག་ཆ་ནས་མ་ཡིན་གྱི་གློ་བུར་རྣམ་དག་གི་ཆའོ། །མཚན་གཞི་ནི་སྡེ་ཚན་ཉེར་གཅིག་པོའི་སྟེང་གི་ཆོས་ཅན་གྱི་ཆ་དང༌། གནས་གྱུར་གྱི་ཡེ་ཤེས་གསར་པའི་ཆ་དང༌། ཡུལ་ཇི་སྙེད་པ་ལ་ཆགས་ཐོགས་མེད་པར་འཇུག་པའི་ཡེ་ཤེས་ཀྱི་ཆའོ། །མདོར་ན་གཉིས་པོའི་ཁྱད་པར་ནི། འགྱུར་མེད་ཡོངས་གྲུབ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱི་ཁྱད་པར་གང་ཡོད་པ་དེ་ཉིད་དོ། །དེ་ཡང་སྔ་མ་ནི་ལོངས་སྤྲུལ་གཉིས་ཀྱི་ཆོས་ཉིད་ཡིན་ལ། ཕྱི་མ་ནི་དེ་གཉིས་ཀྱི་བདག་རྐྱེན་ཡིན་པའི་ཁྱད་པར་དང༌། སྔ་མ་ནི་རང་བྱུང་གི་ཡེ་ཤེས་དང༌། ཕྱི་མ་ནི་གཞན་འབྱུང་གི་ཡེ་ཤེས་ཡིན་པའི་ཁྱད་པར་དང༌། སྔ་མ་ནི་ཆོས་ཉིད་ལ་རྟག་ཏུ་མཉམ་པར་བཞག་པའི་ཆ་ནས་ཡིན་ལ། ཕྱི་མ་ནི་ཆོས་སྟོན་པ་ལ་སོགས་པའི་བྱ་བ་མཛད་པའི་ཆ་ནས་སོ། །གསུམ་པ་ལོངས་སྐུ་ལ། མཚན་ཉིད་ནི། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དོ། །མཚན་གཞི་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །ཞེས་པའི་གཞུང་གིས་དངོས་སུ་བསྟན་པ་དེ་ཉིད་དོ། །འདི་ལ་དབྱེ་ན་ལོངས་སྐུ་ཆེ་ཆུང་གི་དབྱེ་བས་གཉིས་སུ་འཆད་པ་ཡོད་ཀྱང་རྟེན་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ལ་རྫས་ཀྱི་སྒོ་ནས་དབྱེ་བ་མེད་པའི་ཕྱིར་དེ་གང་ལ་རྟེན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡང་རྫས་གཅིག་ཁོ་ནར་བཞག་གོ །སྤྲུལ་པའི་སྐུ་ལ་མཚན་ཉིད་ནི། མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པའི་གཟུགས་ཀྱི་སྐུ་མཐར་ཐུག་གོ །འདི་ལ་དབྱེ་ན། ཇི་སྐད་དུ། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །ཞེས་འབྱུང་བ་དེ་ནི་སྤྱིར་ཐེག་པ་ཐུན་མོང་གི་ལུགས་དང༌། ཁྱད་པར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔས་སྐྱེ་བ་ཕྱི་མ་སྤྲུལ་པ་གང་དང་གང་ལ་འཇུག་པའི་ཚུལ་སྟོན་པའི་རྣམ་པར་བཞག་པ་ཡིན་གྱི། ཆོས་ཀྱི་སྐུ་ལ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་སྤྲུལ་སྐུས་གཞན་དོན་མཛད་པའི་དབང་དུ་བྱས་པའི་དབྱེ་བ་མ་ཡིན་ནོ། །དེ་ལ་ནི། ཇི་སྐད་དུ། སྐྱེ་བ་མངོན་པར་སྐྱེ་བ་དང༌། །ཞེས་སོགས་གསུངས་པ་དེའི་མཚན་ཉིད་ཚང་དགོས་པ་ཡིན་གྱི་དེ་ལས་གཞན་བཤད་པ་མེད་དོ། །གཉིས་པ་རྒལ་ལན་ལ་གསུམ་སྟེ། སྐུ་གསུམ་དང་བཞིར་བཞེད་པའི་ཕྱོགས་གཉིས་ཀ་ལ་དམ་བཅའ་དང༌། རྒོལ་བ་དང༌། ཚེར་མ་ཕྱུང་བའོ། །དང་པོ་ལ་འཕགས་པའི་བཞེད་པ་ནི་གནས་ཚུལ་གྱི་སྐུ་གཅིག་དང༌། སྣང་ཚུལ་གྱི་སྐུ་གཉིས་ཏེ་གསུམ་དུ་གྲངས་ངེས་ལ། གཅིག་པོ་དེ་ལ་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་བཞེད་དོ། །གཉིས་པ་ནི་སངས་རྒྱས་ཀྱི་སས་བསྡུས་པའི་བྱ་སྒྲུབ་དང་སོར་རྟོག་གི་ཡེ་ཤེས་གཉིས་པོ་ཆོས་ཅན། སངས་རྒྱས་ཀྱི་སས་མ་བསྡུས་པར་ཐལ། བཤད་མ་ཐག་པའི་སྐུ་གསུམ་པོ་དེ་གང་རུང་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། གཟུགས་སྐུ་གཉིས་པོ་གང་རུང་མ་ཡིན་ཏེ། སེམས་ཅན་གཞན་རྒྱུད་ཀྱིས་མ་བསྡུས་པའི་ཕྱིར། ངོ་བོ་ཉིད་སྐུ་མ་ཡིན་ཏེ། ཁྱད་པར་གསུམ་ལྡན་གྱི་ཆོས་སྐུ་ཡིན་པའི་ཕྱིར་རོ། །གསུམ་ནི། རྣལ་འབྱོར་པའི་ཀུན་རྫོབ་ཏུ་ཆོས་སྟོན་པ་ལ་སོགས་པའི་བྱ་བ་མཛད་པ་དང༌། སྤངས་པའི་ཁྱད་པར་གནས་ཡོངས་སུ་གྱུར་པས་གྱུར་པ་དང༌། ངོ་བོའི་ཁྱད་པར་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཅན་ནོ། །གསུམ་པ་ནི་དེ་དག་ཀྱང་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་གྱི་སྐུ་ཡིན་པའི་ཕྱིར་དང༌། དོན་དམ་པའི་བདེན་པས་བསྡུས་པའི་སྐུ་ཡིན་པའི་ཕྱིར་དང༌། རང་བཞིན་དང༌། ངོ་བོ་ཉིད་དང༌། དོན་དམ་པའི་བདེན་པ་གསུམ་པོ་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །མདོ་སྡེའི་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཟག་མེད་ཀྱི་ཡེ་ཤེས་ཉེར་གཅིག་པོ་ངོ་བོ་ཉིད་སྐུ་མ་ཡིན་པའི་ཤེས་བྱེད་དུ་ཁྱད་པར་གསུམ་ལྡན་གྱི་སྐུ་ཡིན་པ་གཏན་ཚིགས་སུ་མི་རུང་སྟེ། རྟགས་དང་པོ་གཉིས་མ་ངེས་པ་དང༌། ཕྱི་མ་གཉིས་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ངོ་བོ་ཉིད་ཀྱི་སྐུས་གཞན་གྱི་དོན་མི་མཛད་ན་ནི་སངས་རྒྱས་སུ་མི་རུང་ལ། མཛད་ན་ནི་གཟུགས་སྐུ་གཉིས་ཀྱི་སྣང་བ་བསྐྱེད་པའི་སྒོ་ནས་མཛད་པ་ལས་གཞན་མེད་པའི་ཕྱིར་དང༌། ངོ་བོ་ཉིད་ཀྱི་སྐུ་གནས་གྱུར་གྱི་ཡེ་ཤེས་སུ་ཁས་མ་བླངས་ན་དག་པ་གཉིས་ལྡན་གྱི་ཡེ་ཤེས་སུ་མི་རུང་བའི་ཕྱིར་དང༌། ངོ་བོ་ཉིད་སྐུ་མེད་དགག་གི་ཆ་ལ་འདོད་པ་ནི་སློབ་དཔོན་ཉིད་ཀྱི་ལུགས་ལའང་མི་རུང་བའི་ཕྱིར་རོ། །མ་གྲུབ་པ་ཇི་ལྟར་ཞེ་ན་སངས་རྒྱས་ཀྱི་སར་སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་ཡོད་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་མཐའ་དག་གནས་མ་གྱུར་པར་ཐལ་པ་དང༌། དེ་ན་གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་ཡོད་པར་ཐལ་བ་དང༌། དེ་ལྟར་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་འོ་ན། རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་དང༌། ཐུབ་པའི་ངོ་བོ་ཉིད་སྐུ་ནི་ཞེས་ཆོས་ཀྱི་སྐུ་དང་ཆོས་ཉིད་ཀྱི་སྐུ་ཐ་དད་དུ་ཕྱེ་བ་ཇི་ལྟར་ཞེ་ན་དེ་ལྟར་བཤད་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་སོགས། །ཆོས་ཉིད་སྐུ་ཞེས་བརྗོད་པ་ཡིན། །ཞེས་འཆད་རྒྱུ་ཡིན་ཀྱང༌། སྡེབ་སྦྱོར་གྱི་དབང་གིས་རྐྱེན་མི་མངོན་པར་བྱས་པ་ཡིན་ཏེ། དེ་ལས་གཞན་དུ་ཆོས་ཉིད་ཀྱི་སྐུར་འཆད་རྒྱུ་མ་ཡིན་ན། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་བྱ་བའི་སྒྲ་ཇི་བཞིན་པ་དང་འགལ་བའི་ཕྱིར། ཆོས་ཀྱི་སྐུ་ཞེས་བྱ་བ་ངོ་བོ་ཉིད་ཀྱི་སྐུ་ལས་ལོགས་སུ་བཤད་ན། ཆོས་ཅན་འདུས་བྱས་ཀྱི་ཆ་ཤས་རྐྱང་པར་འགྱུར་ལ། དེ་ལྟ་ན་ནི། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་བྱ་བའི་དོན་དང་འགལ་བས་ཆོས་ཀྱི་སྐུར་མི་རུང་ངོ༌། །དེས་ན་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཉིད་ཀྱི་སྐུའོ། །ཞེས་བརྗོད་རྒྱུ་ཡིན་ཏེ། སངས་རྒྱས་ཀྱི་སར་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར་རོ། །འོ་ན་ཆོས་ཉིད་རྐྱང་པ་ལ་སྐུ་ཞེས་བརྗོད་པ་མི་འཐད་དོ་ཞེ་ན། སེམས་ཀྱི་ཆོས་དབྱིངས་ཁོ་ན་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་སེམས་ཅན་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་ཞེས་ཉེ་བར་འདོགས་པའི་གདགས་གཞི་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ཞེས་དེ་ལྟར་འཆད་དགོས་པ་ནི་འཕགས་པའི་དགོངས་པ་ཡིན་ཏེ། ཉི་སྣང་ལས། རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ལ་ལོངས་སྐུ་ཞེས་བྱའོ། །གཞན་དུ་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ་ཞེས་བྱས་ན་ངོ་བོ་ཉིད་བཀག་པར་འགྱུར་བ་དང༌། སྤྱོད་པའི་དོན་ཉིད་ཀྱིས་ན་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡོད་དོ། །སྐུ་ཞེས་བརྗོད་པ་ནི་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲངས་བའི་ཉེ་བར་གདགས་པའི་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །གཉིས་པ་སྐུ་བཞིར་བཞེད་པའི་ཕྱོགས་ཀྱི་དམ་བཅའ་ནི། གནས་ཚུལ་གྱི་སྐུ་ལ་ཆོས་ཉིད་དང་ཆོས་ཅན་གྱི་དབྱེ་བས་གཉིས་སུ་ཕྱེ་བ་དང༌། སྣང་ཚུལ་གྱི་སྐུ་ལ་ལོངས་སྤྲུལ་གཉིས་སུ་ཕྱེ་བས་བཞི་ཁོ་ནའོ། །གཉིས་པ་དེ་ལ་རྒོལ་བ་ནི། དེ་ནི་རྗེ་བཙུན་གྱི་དགོངས་པ་མ་ཡིན་ཏེ། ལུས་རྣམ་གཞག་ཏུ། ངོ་བོ་ཉིད་སྐུ་དང་ལོངས་སྐུའི་བར་དུ་དབྱེ་བའི་ཡ་གྱལ་དུ་གྱུར་པའི་ཆོས་ཀྱི་སྐུ་ཞེས་བྱ་བའི་ལུས་ཤིག་མ་གསུངས་པའི་ཕྱིར་དང༌། ཆོས་ཀྱི་སྐུ་ཞེས་པ་ནི་ལུས་དང་སྦྱོར་བའི་ཚིག་ཡིན་གྱི། དབྱེ་བའི་ཡ་གྱལ་འཆད་བྱེད་ཀྱི་གཞུང་མ་ཡིན་པའི་ཕྱིར་དང༌། རྗེ་བཙུན་གྱི་གཞུང་གཞན་དུ། ངོ་བོ་ཉིད་ཀྱི་སྐུ་དང་ལོངས་སྤྲུལ་གཉིས་ལས། ལོགས་སུ་རྟོགས་ཡེ་ཆོས་སྐུའི་རྣམ་གཞག་གསུངས་པ་མེད་པའི་ཕྱིར། གསུམ་པ་ཚེར་མ་འབྱིན་པ་ནི། ལུས་རྣམ་གཞག་ཏུ་དེ་ལྟར་གསུངས་པ་ལ་ནི་དགོངས་གཞི་དང༌། དགོས་པ་དང༌། སྒྲ་ཇི་བཞིན་པར་ཁས་བླངས་ན་དངོས་ལ་གནོད་བྱེད་གསུམ་ཡོད་དོ། །དང་པོ་ནི། མཛད་པ་འཕྲིན་ལས་ཐམས་ཅད་རྟོགས་ཡེ་ཆོས་སྐུའི་མཛད་པར་རྟོགས་པའི་ཕྱིར་དུ་ཡེ་ཤེས་ཆོས་སྐུའི་ལུས་རྣམ་གཞག་ཐ་མར་གསུངས་སོ། །དགོས་པ་ནི། ལུས་རྣམ་གཞག་གི་སྡེབ་སྦྱོར་འགྲིག་པའི་ཕྱིར་དུའོ། །གནོད་བྱེད་ནི་ཡེ་ཤེས་ཉེར་གཅིག་པོ་ཆོས་ཅན། སྐུ་གསུམ་པོ་གང་རུང་མ་ཡིན་ཏེ། སྔར་མེད་གསར་བྱུང་ཡིན་པའི་རྒྱུ་མཚན་གྱིས། ངོ་བོ་ཉིད་ཀྱི་སྐུ་མ་ཡིན་པའི་ཕྱིར་དང༌། སེམས་ཅན་གཞན་ལ་མི་སྣང་བའི་རྒྱུ་མཚན་གྱིས་ལོངས་སྤྲུལ་གང་རུང་དུ་མི་རིགས་པའི་ཕྱིར་རོ། །ཞེས་བཞེད་དོ། །འོ་ན་འཐད་པའི་ཕྱོགས་སུ་གང་བཟུང་ཞེ་ན་སྔ་མ་ཉིད་ལེགས་པ་ཡིན་ཏེ། རྫས་ཀྱི་སྒོ་ནས་ནི་སྐུ་གསུམ་ཀ་ངོ་བོ་ཉིད་ཀྱི་སྐུར་བཞག་དགོས་པའི་ཕྱིར་དང༌། ལྡོག་པའི་སྒོ་ནས་ནི་ཡེ་ཤེས་ཆོས་སྐུར་བཏགས་པ་དེ་ཉིད་ལ་གནས་ཚུལ་གྱི་ལོངས་སྤྲུལ་གཉིས་སུ་འབྱེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སངས་རྒྱས་ཀྱི་སར་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཡེ་ཤེས་མེད་ལ། ས་དེའི་ཆོས་དབྱིངས་ཡེ་ཤེས་ཡིན་ན་ངོ་བོ་ཉིད་སྐུ་ཡིན་དགོས་པའི་ཕྱིར། དེ་ན་དེ་མེད་དེ། དེ་ན་གཉིས་སྣང་ཅན་གྱི་ཤེས་པ་མེད་ཅིང༌། གཉིས་མེད་ཀྱི་ཡེ་ཤེས་ཡིན་ན་ཆོས་དབྱིངས་ཡིན་དགོས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སྐུ་དངོས་བཏགས་ཀྱི་ཁྱད་པར་དང༌། ཤེས་བྱ་མཁྱེན་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་སྐུ་གསུམ་ལས་ངོ་བོ་ཉིད་ཀྱི་སྐུ་ལ་ནི་སྣང་ཚུལ་དང་གནས་ཚུལ་གཉིས་སུ་དབྱེ་བའི་བཤད་པ་མེད་ལ། ལོངས་སྤྲུལ་ལ་གཉིས་སུ་ཕྱེ་བའི་གནས་ཚུལ་ནི་སངས་རྒྱས་དངོས་ཡིན་ཏེ། སངས་རྒྱས་ཀྱི་སས་བསྡུས་པའི་ཕྱིར་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་གཉིས་ནི་སངས་རྒྱས་ཀྱི་སྐུ་དངོས་ཡིན་པའི་ཕྱིར་རོ། །དེ་ལ་དེས་ཁྱབ་པའི་ཤེས་བྱེད་ཀྱང༌། མདོ་སྡེའི་རྒྱན་ལས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །ཞེས་དང༌། དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་སྒྲུབ་པའོ། །ཞེས་ཡེ་ཤེས་གཉིས་པོ་དེ་གོ་རིམ་བཞིན་དུ་ལོངས་སྤྲུལ་གཉིས་ཀྱི་མཚན་གཞིར་བཤད་པའི་ཕྱིར་རོ། །བོད་སྔ་མ་གང་དག རྒྱུད་བླ་མར། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ཞེས་སོགས་ཀྱི་ལུང་ལ་བརྟེན་ནས་ལོངས་སྤྲུལ་གྱི་སྐུ་གཉིས་སངས་རྒྱས་མ་ཡིན་པར་འདོད་པ་ནི་ནོར་བ་ཡིན་ཏེ། ཆོས་ཀྱི་སྐུ་དངོས་ལ་སྐུ་གསུམ་དུ་དབྱེ་བར་བཤད་པའི་ལུང་དང་འགལ་བ་དང༌། སངས་རྒྱས་ཀྱི་སར་སྐུ་གསུམ་པོ་རྫས་ངོ་བོ་དབྱེར་མེད་དུ་གནས་པ་མ་ཡིན་པར་ཐལ་བའི་རིགས་པ་དང་འགལ་བས་སོ། །ལོངས་སྤྲུལ་གཉིས་ཀྱི་མཚན་དང་དཔེ་བྱད་ལའང་སྣང་ཚུལ་དང་གནས་ཚུལ་གཉིས་ལས། གནས་ཚུལ་གྱི་ལོངས་སྤྲུལ་གཉིས་ལ་ནི་དང་པོ་ཁོ་ན་མངའ་བ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་ལས་མཚན་དཔེའི་ངོ་བོ་ཡེ་ཤེས་སུ་བཤད་པ་བཞིན་ནོ། །འོ་ན་ཅི་ཞེ་ན་སྣང་ཚུལ་གྱི་གཟུགས་སྐུ་གཉིས་པོ་ནི་སངས་རྒྱས་མ་ཡིན་ཏེ། ཀུན་རྫོབ་པའི་སྐུར་བཤད་པའི་ལུང་ལས་དང༌། གདུལ་བྱ་གཞན་སྣང་གིས་བསྡུས་པའི་ཕྱིར། ཞེས་པའི་རིགས་པ་ལས་སོ། །དང་པོ་ནི། ཇི་སྐད་དུ། དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་གསུངས་ཤིང༌། དེའི་ཚེ་བློ་ཀུན་རྫོབ་པ་ནི་མ་རིག་པ་ལ་བྱ་སྟེ། ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་དང༌། བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་དེ་ཀུན་རྫོབ། །ཅེས་བཤད་པའི་ཕྱིར། གཞན་ཡང་སངས་རྒྱས་ཀྱི་ས་ན་བློ་ཀུན་རྫོབ་པ་མེད་ལ། དེ་མེད་པ་ན་ཡུལ་ཅན་གྱི་ཀུན་རྫོབ་མེད་པར་གྲུབ་ཅིང༌། དེ་མེད་པའི་ཕྱིར་ས་དེས་བསྡུས་ཀྱི་ཀུན་རྫོབ་བདེན་པ་མེད་ལ། དེའི་ཕྱིར་ས་དེས་བསྡུས་ཀྱི་ཀུན་རྫོབ་པའི་སྐུ་མི་སྲིད་དོ། །གཉིས་པ་རིགས་པའི་ཤེས་བྱེད་ནི། བྱང་སེམས་འཕགས་པའི་མིག་ཤེས་ལ་མཚན་དཔེ་འབར་བའི་སྐུར་སྣང་བ་དེ་དང༌། དེར་སྣང་བའི་བྱང་འཕགས་ཀྱི་མིག་ཤེས་ནི་ཆོས་ཅན་རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། དཔེར་ན། སྔོར་སྣང་དབང་ཤེས་དང༌། དེ་ལ་སྔོན་པོར་སྣང་བ་བཞིན་ནོ། །དེ་སྐད་དུ་ཡང༌། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་སོ། །དོན་འདི་ཉིད་སློབ་དཔོན་འདིས་ཀྱང་བཞེད་པ་ཡིན་ཏེ། ཇི་སྐད་དུ། སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་བྱ་བར་ཡིད་ལ་བྱེད་ཅིང༌། ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་སོ་སོ་སྐྱེ་བོའི་མིག་ཤེས་ལ་མཆོག་གི་སྤྲུལ་སྐུའི་གཟུགས་སུ་སྣང་བ་དེའི་ཚེ་ན། སྣང་བ་དེ་དང་དེ་ལྟར་སྣང་བའི་ཤེས་པ་དེ་ཆོས་ཅན། རྫས་གཞན་དུ་མེད་དེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་སེམས་ཙམ་པ་དང་ཐུན་མོང་གི་རིགས་པ་དང༌། སངས་རྒྱས་ཀྱི་ལོངས་སྤྲུལ་གཉིས་ཆོས་ཅན། གཟུགས་ཀྱི་སྐུར་ཡོད་པ་མ་ཡིན་ཏེ། དེར་ཡོད་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སྣང་དགོས་པ་ལས་མི་སྣང་བའི་ཕྱིར། ཞེས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གི་རིགས་པ་ལ་བརྟེན་ནས་ལོངས་སྤྲུལ་གཉིས་གཟུགས་སུ་མེད་པ་དང༌། མེད་བཞིན་དུ་དེ་ལྟར་སྣང་མཁན་གྱི་ཤེས་པ་རང་གི་བདག་ཉིད་ཡིན་པར་གྲུབ་བོ། །གལ་ཏེ་འོ་ན་སེམས་ཅན་གྱི་ཤེས་པ་ལ་གཟུགས་ཀྱི་སྐུར་སྣང་བའི་ཤེས་རྣམ་དེ་ལས་རྫས་གཞན་དུ་གྱུར་པའི་གཟུགས་ཀྱི་སྐུ་མེད་ན་དེ་ལ་དེར་སྣང་བའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་གང་ཞིག་ཡིན། དེ་གཏོད་བྱེད་ཀྱི་རྒྱུ་མེད་པར་ཡང་སེམས་ཅན་སོ་སོ་ལ་དེ་སྣང་བའི་རྣམ་རིག་སྐྱེ་ན་ནི་སེམས་ཅན་ཐམས་ཅད་ལ་དུས་ཐམས་ཅད་དུ་དེར་སྣང་བའི་རྣམ་རིག་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ཇི་སྐད་དུ། རྒྱུ་གཞན་དག་ནི་ཡོད་ན་ཡང༌། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཐ་དད་རྒྱུ་ནི་རྗེས་དཔོག་འགྱུར། །ཞེས་པའི་རིགས་པས། སེམས་ཅན་གྱི་ཤེས་རྒྱུད་ལས་རྫས་ཐ་དད་པའི་གཟུགས་སྐུ་ཡོད་པར་གྲུབ་བོ་ཞེ་ན། ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་དག་ནི། ཉན་ཐོས་མདོ་སྡེ་པ་དག་གི་རྩ་བའི་འདོད་པ་ཡིན་ལ། དེ་ཡང་རིགས་པ་མ་ཡིན་ཏེ། ལུགས་དེ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར་དང༌། རང་ལ་བརྗོད་པའི་ཉེས་པས་མི་གནོད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། སྣང་མཁན་གྱི་ཤེས་པ་ལས་རྫས་གཞན་པའི་མཚན་དཔེ་འབར་བའི་སྐུ་ནི་མེད་དེ། སྣང་རུང་མ་དམིགས་པའི་ཕྱིར། དེ་སྐད་དུ་ཡང༌། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་པ་ལྟར་རོ། །གནོད་བྱེད་ནི། ཤེས་ཕྱིན་སུམ་བརྒྱ་པ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཞེས་སངས་རྒྱས་ཀྱི་སས་བསྡུས་པའི་སྐུ་ཐམས་ཅད་ཆོས་ཀྱི་སྐུ་དང་ཆོས་ཉིད་ཀྱི་སྐུར་བཤད་པ་དང་འགལ་བ་དང༌། གཟུང་འཛིན་རྫས་གཞན་ཡོད་པར་ཐལ་བའི་རིགས་པ་དང་འགལ་བས་སོ། །གཉིས་པ་རང་ལ་གནོད་བྱེད་མེད་པར་བསྟན་པ་ནི། དེ་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མེད་ཀྱང་དེར་སྣང་རེས་འགའ་སྐྱེ་བ་མི་འགལ་ཏེ། སྣང་མཁན་གྱི་ཤེས་པ་དེའི་དེ་མ་ཐག་རྐྱེན་གྱི་སྟེང་གི་དེར་སྣང་གི་བག་ཆགས་སད་པ་ལ་བརྟེན་ནས་སྐྱེ་བའི་ཕྱིར། དཔེར་ན་སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་བཞིན་ནོ། །དེ་སྐད་དུ་ཡང༌། འདིར་འགའ་ཞིག་ནི་འགའ་ཞིག་གི །བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །ཞེས་འབྱུང་བ་ལྟར་རོ། །འོ་ན་བག་ཆགས་དེ་ནི་གང༌། དེ་སད་བྱེད་ཀྱི་རྐྱེན་ནི་ཅི་ཞེ་ན། དང་པོ་ནི་གཟུང་འཛིན་གཉིས་སུ་སྣང་བའི་འཁྲུལ་བའི་བག་ཆགས་སོ། །གཉིས་པ་ནི། གདུལ་བྱའི་བསོད་ནམས་དང་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་མོ། །དེ་སྐད་དུ་ཡང༌། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི་འདི་ཡིན་ཏེ། སངས་རྒྱས་ཀྱི་གཞན་སྣང་གི་གཟུགས་སྐུ་གཉིས་ནི་བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་ཡིན་ནོ། །ཞེས་བྱ་བ་འདི་དང༌། དམིགས་ཡུལ་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ལ་དམིགས་བྱེད་ཀྱི་བློ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང་སོ་སོ་སྐྱེ་བོ་གསུམ་གྱི་དབྱེ་བས་ངོ་བོ་ཉིད་ཀྱི་སྐུ་དང༌། གཟུགས་སྐུ་གཉིས་སུ་གཞག་པ་ཡིན་ནོ། །ཞེས་བྱ་བ་འདི་དག་གྲུད་པར་ནི། ཇི་སྐད་དུ། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ཞེས་པའི་གཞུང་ལས་གསལ་བ་ཡིན་ནོ། །དོན་འདི་དག་ལ་རྒོལ་བ་དང༌། དེའི་ལན་བཤད་པ་གཉིས་ལས། དང་པོ་ནི། གཞན་དག་ན་རེ། འདུལ་བའི་ལུང་དང༌། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་དང༌། རྒྱུད་སྡེ་བཞི་ལ་སོགས་པ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་འགྱུར་ཏེ། དེ་དག་གསུང་བ་པོ་གཟུགས་ཀྱི་སྐུ་དེ་རྫོགས་པའི་སངས་རྒྱས་མ་ཡིན་པའི་ཕྱིར། ཞེས་པ་དང༌། ཡང་གཟུགས་སྐུ་གཉིས་པོའི་རྒྱུད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཡོད་དམ་མེད། དང་པོ་ལྟར་ན་དེ་ཆོས་ཅན། རྫོགས་པའི་སངས་རྒྱས་སུ་ཐལ། རྣམ་མཁྱེན་རྒྱུད་ལ་ལྡན་པའི་ཕྱིར། གཉིས་པ་ལྟར་ན། སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་ཀྱི་རྟེན་ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་པར་འགྱུར་བ་དང༌། སངས་རྒྱས་ཀྱི་སྤྲུལ་པ་ལ་ཡེ་ཤེས་མེད་ན་སེམས་ཅན་གཞན་གྱི་སྤྲུལ་པ་དང་ཁྱད་པར་མེད་པར་འགྱུར་རོ། །གཉིས་པ་ལ་རྒལ་བ་དང་པོའི་ལན་དང༌། གཉིས་པའི་ལན་ནོ། །དང་པོ་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། བཀའ་བསྡུ་བ་པོས་བསྡུས་པའི་འཁོར་ལོ་རིམ་པ་གསུམ་པོ་དེ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་འགྱུར་ཏེ། དེ་སྡུད་པ་པོ་སངས་རྒྱས་མ་ཡིན་པའི་ཕྱིར། གལ་ཏེ་ཁྱབ་པ་མ་ངེས་པ་ཡིན་ཏེ། དང་པོ་སངས་རྒྱས་ཀྱི་གསུངས་པས་སོ་སྙམ་ན། སྔ་མ་ལ་ཡང་ཁྱབ་པ་མ་ངེས་ཏེ། ཡུམ་རྒྱས་འབྲིང་བསྡུས་གསུམ་དང་པོར་གསུང་བ་པོ་ཆོས་ཀྱི་སྐུས་གསུངས་པའི་ཕྱིར། གལ་ཏེ་ཆོས་ཀྱི་སྐུ་ལ་ཆོས་གསུང་བའི་ངག་མེད་དོ་ཞེ་ན། འོ་ན་གཟུགས་ཀྱི་སྐུ་ལ་ཡང་དེ་མེད་དོ། །དེ་ཡོད་དེ། ཆོས་ཀྱི་འཁོར་ལོ་བསྐོར་བ་པོའི་སངས་རྒྱས་ནི་གཟུགས་སྐུ་ཁོ་ན་ཡིན་པའི་ཕྱིར། ཞེ་ན། འོ་ན་དེ་ལའང་དེ་ཡོད་དེ་སྐོར་བ་པོའི་སངས་རྒྱས་ནི་ཆོས་ཀྱི་སྐུ་ཁོ་ན་ཡིན་པའི་ཕྱིར་རོ། །མ་གྲུབ་ན་དེ་ཆོས་ཅན། དེ་ཡིན་ཏེ། སངས་རྒྱས་ཡིན་པའི་ཕྱིར། དེ་ཆོས་ཅན། གཟུགས་ཀྱི་སྐུ་མ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པའི་ཕྱིར། གལ་ཏེ་ཆོས་ཀྱི་སྐུས་ཆོས་གསུངས་པ་མི་སྲིད་དེ། དེ་ལ་རྒྱུ་འབྱུང་བ་མེད་པས་འབྲས་བུ་འབྱུང་འགྱུར་མི་སྲིད་པའི་ཕྱིར་ཞེ་ན། འོ་ན་ཅིག་ཤོས་ལ་ཡང་དེ་མེད་དེ། དེ་མི་སྲིད་པའི་ཕྱིར། མ་གྲུབ་ན་སྔ་མའང་མ་གྲུབ་བོ། །དེ་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པའི་ཕྱིར། ཞེ་ན། སྔ་མའང་དེར་ཐལ། དེ་ལས་འདས་པའི་ཕྱིར་རོ། །མ་གྲུབ་ན་སྤྱིར་ཡང་རྡུལ་ཕྲ་རབ་འདོད་པ་ནི་ཉན་ཐོས་སྡེ་པ་དག་གི་ལུགས་ཡིན་གྱི། སེམས་ཙམ་པ་ཡན་ཆོས་ཀྱི་ལུགས་ལ་མེད་ཅིང༌། གཟུགས་སྒྲ་སོགས་མཚན་ཉིད་པ་ཁས་མི་ལེན་པ་དེའི་ཕྱིར་གསུང་རབ་ཡན་ལག་བཅུ་གཉིས་པོ་གཟུགས་སྐུའི་གསུང་ཡིན་ལ་ཆོས་སྐུའི་གསུང་མ་ཡིན་པའི་ཁྱད་པར་མི་འཐད་དོ། །གཉིས་པ་ནི། སངས་རྒྱས་ཀྱི་བཀའ་ལ་གཉིས་ཏེ། བྱེད་པ་པོ་ལ་ཡོད་པ་དང་བྱ་བ་ཡུལ་ལ་ཡོད་པའོ། །དང་པོ་ནི། སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ངོ་བོར་བཞུགས་པ་ཡིན་ཏེ། རྒྱུད་བླ་མ་ལས། ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་གསུངས་སོ། །གཉིས་པ་ནི་གདུལ་བྱའི་ཤེས་རྒྱུད་ཀྱིས་བསྡུས་པ་ཡིན་ཏེ། གདུལ་བྱའི་ཤེས་རྒྱུད་ལ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག་ལ་སངས་རྒྱས་ཀྱི་གསུང་རབ་ཀྱི་ཐ་སྙད་འདོགས་པའི་ཕྱིར། གཉིས་པ་ལ་མགོ་མཚུངས་དང་རྣལ་མའོ། །དང་པོ་ནི། ནང་པ་སངས་རྒྱས་པའི་ཤེས་པ་ལ་མུ་སྟེགས་བྱེད་དུ་སྣང་བ་དེའི་རྒྱུད་ལ་མུ་སྟེགས་ཅན་གྱི་ཤེས་པ་ཡོད་དམ་མེད། ཡོད་ན་དེ་ཆོས་ཅན། མུ་སྟེགས་ཅན་དུ་ཐལ། དེའི་ཤེས་པ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་པའི་ཤེས་པ་ཡིན་པའི་ཕྱིར། དཔེར་ན། སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་དེ་སྔོར་སྣང་དབང་ཤེས་སུ་ཁས་ལེན་དགོས་པ་བཞིན་ནོ། །གཉིས་པ་ལྟར་ན། མུ་སྟེགས་ཅན་གྱི་ཤེས་པ་རྒྱུད་ལ་ལྡན་པའི་གང་ཟག་མི་སྲིད་པར་འགྱུར་ཏེ། དེ་ལ་དེར་སྣང་བ་དེ་ལ་ནི་དེའི་ཤེས་པ་མེད། དེ་ལ་དེར་སྣང་བ་དེ་ལས་མ་གཏོགས་པའི་མུ་སྟེགས་ཅན་མི་སྲིད་པའི་ཕྱིར། །གཉིས་པ་ནི། སངས་རྒྱས་ཀྱི་གཟུགས་སྐུ་མཐའ་དག་གི་རྒྱུད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཡོད་པར་ཁས་ལེན་དགོས་པ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་སངས་རྒྱས་ཀྱི་གཟུགས་ཀྱི་སྐུར་སྣང་བ་ཡིན་གྱི། དེ་མ་ཡིན་པ་ཞིག་དེར་སྣང་བ་མི་སྲིད་པ་ཕྱིར་ཏེ། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་ཞེས་པའི་ལུང་ལས་སོ། །འོ་ན་སེམས་ཅན་གྱི་མིག་ཤེས་ལ་སྣང་བའི་གཟུགས་སྐུ་ཆོས་ཅན། སངས་རྒྱས་འཕགས་པར་ཐལ། རྣམ་མཁྱེན་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པའི་ཕྱིར། ཞེ་ན། འདི་ལའང་ལན་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། འཕགས་པའི་ཤེས་པ་ལ་སྣང་བའི་སོ་སོ་སྐྱེ་བོ་ཆོས་ཅན། སོ་སྐྱེར་ཐལ། སོ་སྐྱེའི་ཤེས་པ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན་འཕགས་པའི་ཤེས་པ་དང་རྫས་གཞན་དུ་ཐལ་ལོ། །གཉིས་པ་ནི། གཟུགས་ཀྱི་སྐུ་གང་དུ་སྣང་བའི་གཞི་དེ་ན། ཡེ་ཤེས་ཀྱི་སྐུ་ཡང་དེ་དང་གོ་ས་ཐ་མི་དད་པའི་ཚུལ་གྱིས་ཡོད་པ་ལ་བསམས་ནས། གཟུགས་སྐུའི་རྒྱུད་ལ་ཆོས་སྐུའི་ཡེ་ཤེས་ཡོད་ཅེས་ཟེར་བ་ཡིན་ལ། དེའི་ཚེ་ན་སེམས་ཅན་གྱི་ཤེས་པ་ལ་གང་སྣང་བའི་ཆ་དེ་ནི་གཉིས་སྣང་འཁྲུལ་བའི་དབང་གིས་སྣང་བ་ཡིན་པས་སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པའི་ཕྱིར་སངས་རྒྱས་སུ་མི་རུང་ལ། ཡེ་ཤེས་ཀྱི་ཆ་ནི་སེམས་ཅན་ལ་སྣང་བ་མི་སྲིད་པའི་ཕྱིར། དེའི་ཤེས་པས་མ་བསྡུས་སོ། །མདོར་ན་རིགས་པ་མཁྱེན་པས་རྒྱུད་གཞན་སྒྲུབ་པ་ཞེས་བྱ་བའི་བསྟན་བཅོས་མཛད་པའི་དོན་ཡང་འདི་ཡིན་ཏེ། དཔེར་ན་རྒོལ་ཕྱི་རྒོལ་གཉིས་ཕན་ཚུན་དུ་གཅིག་ལ་གཅིག་སྣང་བའི་ཚེ་ན་གང་སྣང་བའི་ཆ་དེ་སྣང་མཁན་གྱི་ཤེས་པས་བསྡུས་པའི་ཕྱིར་དེ་ལས་རྫས་གཞན་མ་ཡིན་ཀྱང༌། ཤེས་རྒྱུད་གཉིས་པོ་རྫས་གཞན་དུ་སྒྲུབ་པ་དང༌། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་གཞན་གྱི་སེམས་ཤེས་པའི་ཚེ་ན་དེའི་དངོས་ཀྱི་རིག་བྱ་དེ་མངོན་ཤེས་རང་གི་བདག་ཉིད་ཡིན་པའི་རྒྱུ་མཚན་གྱིས་དེ་དེ་ལ་རང་རིག་ཡིན་ཀྱང༌། ཤེས་བྱ་ཤེས་བྱེད་ཀྱི་བློ་རྒྱུད་ལྡན་གྱི་གང་ཟག་གཉིས་པོ་ཤེས་རྒྱུད་རྫས་གཞན་དུ་བསྒྲུབ་པ་ཞེས་བྱ་བ་ནི་བསྟན་བཅོས་དེའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་ཤེས་བྱ་མཁྱེན་པའི་ཚུལ་ལ། དབུ་མ་པ་རྣམ་པ་གསུམ་གྱི་འདོད་ཚུལ་མི་འདྲ་བ་གསུམ་སྟེ། འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་སྣང་བ་ཇི་སྙེད་པ་མ་འཁྲུལ་པའི་རིག་པ་ཡིན་པའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཕྱི་རོལ་དོན་གྱི་སྣང་བ་མངའ་བར་འདོད་པ་མདོ་སྡེ་སྤྱོད་པའི་དབུ་མ་པ་དག་གི་ལུགས་དང༌། སྤྱིར་གཟུང་འཛིན་གཉིས་སྣང་གི་ཤེས་པ་ཇི་སྙེད་པ་མ་རིག་པས་འཁྲུལ་བར་བསྐྱེད་པའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་ཀྱི་སྣང་བ་མི་འཆར་ཞིང་དོན་དམ་པའི་བདེན་པ་འབའ་ཞིག་མཁྱེན་པར་བཞེད་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གི་ལུགས་དང༌། སངས་རྒྱས་རང་སྣང་ལ་ཤེས་བྱའི་རྣམ་པ་གང་ཡང་མི་འཆར་ཞིང༌། གདུལ་བྱ་གཞན་ལ་སྣང་ཚུལ་ཇི་ལྟ་བ་བཞིན་དུ་མཁྱེན་པར་འདོད་པ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དག་གི་ལུགས་སོ། །དང་པོ་ནི། ཇི་སྐད་དུ། བདེན་གཉིས་ལས། གཏགས་པའི་དོན་གྱིས་དབེན་གྱུར་པ། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་གསུངས་པ་ལྟར་རོ། །ལུགས་གཉིས་པ་ནི་རྗེ་བཙུན་བྱམས་པའི་གཞུང་རྗེས་འབྲང་དང་བཅས་པ་དག་གི་ལུགས་ཏེ། འདིར་ནི་དེ་ཉིད་ཁས་བླང་བར་བྱ་བ་ཡིན་ལ། ལུགས་གསུམ་པ་ནི། སློབ་དཔོན་ཟླ་བ་གྲགས་པ་ལ་སོགས་པའི་ལུགས་ཏེ། དབུ་མ་ལ་འཇུག་པའི་རྩ་འགྲེལ་ན་ཤིན་ཏུ་གསལ་ལོ། །རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གི་ལུགས་ལའང་སངས་རྒྱས་ཀྱི་རྗེས་ཐོབ་ནའང་འཁྲུལ་པའི་སྣང་བ་མངའ་བ་ཡིན་ནོ་ཞེས། སློབ་དཔོན་དུལ་བའི་ལྷ་དང༌། ལོ་ཙཱ་བ་ཆེན་པོས་བཞེད་མོད་ཀྱང༌། རིགས་པ་མ་ཡིན་ཏེ། གཉིས་སྣང་འཁྲུལ་པའི་བག་ཆགས་དྲུངས་ཕྱུང་བའི་འོག་ཏུ་ཡང་གཟུང་འཛིན་གཉིས་ཀྱི་སྣང་བ་འབྱུང་ན་སྤངས་པ་ལ་ཡིད་བརྟན་དུ་མི་རུང་བས་ཧ་ཅང་ཐལ་བའི་ཕྱིར་རོ། །འོ་ན་མཁྱེན་ཚུལ་ཇི་ལྟ་བུ་ཞེ་ན། དེས་ཤེས་བྱ་ཐམས་ཅད་ཀྱི་གནས་ཚུལ་མཁྱེན་པ་ལ་ཤེས་བྱ་ཐམས་ཅད་མཁྱེན་ཞེས་བརྗོད་པ་ཡིན་ཏེ། དཔེར་ན་མྱུ་གུའི་གནས་ཚུལ་མཁྱེན་པས་མྱུ་གུ་མཁྱེན་པར་འཇོག་པ་ཡིན་གྱི། དེའི་སྣང་ཚུལ་ནི་མེད་བཞིན་དུ་སྣང་བ་ཡིན་པའི་རྒྱུ་མཚན་གྱིས་དེ་མཁྱེན་པར་འཇོག་པ་ལ་དེའི་སྣང་ཚུལ་སྣང་མི་དགོས་པ་བཞིན་ནོ། །འོ་ན་དེའི་སྣང་ཚུལ་དང་གནས་ཚུལ་གང་ཞེ་ན། སྣང་ཚུལ་ནི་མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའོ། །གནས་ཚུལ་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གནས་པའོ། །དེ་ཡང་བདེན་པ་གཉིས་སུ་འདུས་ཏེ། སྣང་ཚུལ་ཇི་སྙེད་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །གནས་ཚུལ་ནི་དོན་དམ་པའི་བདེན་པའོ། །ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་ནི་གཉིས་སུ་འདུས་ཏེ། ཀུན་བརྟགས་དང་གཞན་དབང་ངོ༌། །དང་པོ་ནི་མ་རིག་པའི་དབང་གིས་གཟུང་བར་སྒྲོ་བཏགས་པའོ། །གཉིས་པ་ནི་དེའི་དབང་གིས་འཛིན་པར་སྒྲོ་བཏགས་པའོ། །དེའི་ཕྱིར་དེ་གཉིས་ཀ་ཡོད་པ་མ་ཡིན་ཏེ། ཀུན་བཏགས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་གང་ཡིན་ཐམས་ཅད་ཡོད་པ་མ་ཡིན་ཏེ། མ་རིག་པ་ཁོ་ནའི་དབང་གིས་སྣང་བའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ལ་དེ་ཐམས་ཅད་མི་སྣང་སྟེ། སྣང་ན་འཁྲུལ་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞིག་ཡོད་ཅེ་ན། དོན་དམ་པའི་བདེན་པ་ཁོ་ནའོ། །དེའི་ངོ་བོ་ཅི་ཞེ་ན་ཆོས་ཀྱི་དབྱིངས་ཁོ་ནའོ། །དོན་དེ་ལ་དགོངས་ནས་ཆོས་དབྱིངས་ལས་མ་གཏོགས་པའི་ཆོས་མེད་པར་གསུངས་སོ། །ཆོས་དབྱིངས་ཀྱི་ངོ་བོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལའང་གཉིས་ཏེ། ཡུལ་འགྱུར་བ་མེད་པའི་ཡོངས་གྲུབ་དང༌། ཡུལ་ཅན་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བོ། །དེ་གཉིས་པོ་ལ་གཉིས་སུ་སྣང་བ་མེད་པར་རྫས་ཀྱི་སྒོ་ནས་དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར་པ་དེ་ལ་བདེན་པ་མངོན་སུམ་དུ་མཐོང་བ་ཞེས་བྱ་ཞིང༌། སངས་རྒྱས་ཀྱི་སར་ནི་མཉམ་རྗེས་མི་མངའ་བར་ཡེ་ཤེས་གཉིས་པོ་དབྱེར་མེད་དུ་འདྲེས་པར་གྱུར་པ་དེ་ལ་ཡང་དག་པའི་མཐའ་མངོན་སུམ་དུ་བྱས་པ་ཞེས་བྱའོ། །འདི་ལ་གཉིས་ཏེ། རྒོལ་བ་དང་ལན་ནོ། །དང་པོ་ནི། གཞན་དབང་ཡང་ཀུན་བཏགས་སུ་འཆད་པ་དེ་ལྟ་ན། རྗེ་བཙུན་གྱི་གཞུང་ལས་ཤེས་བྱ་ལ་མཚན་ཉིད་གསུམ་དུ་དབྱེ་བ་མི་འཐད་པ་དང༌། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རང་གི་ངོ་བོས་ཡོད་པར་གསུངས་པ་དང་འགལ་ལོ། །ཞེས་རྒོལ་བ་དང༌། ཤེས་བྱ་ཇི་སྙེད་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་རོ། །ཞེས་རྒོལ་ལོ། །གཉིས་པ་ལ་གཉིས་ཏེ། རྒོལ་བ་དང་པོའི་ལན་དང༌། གཉིས་པའི་ལན་ནོ། །དང་པོ་ལ། ཤེས་བྱ་ལ་གསུམ་དུ་ཕྱེ་བའི་དགོས་པ་ནི། ཀུན་བཏགས་ནི་མ་རིག་པས་ཀུན་ཏུ་བཏགས་པ་ཁོ་ན་ཡིན་པས་གང་འགོག་པའི་དགག་བྱ་ངོ་ཤེས་པ་དང༌། གཞན་དབང་ནི་ཀུན་བཏགས་དང་གཞན་དབང་གཉིས་ཀ་ཚོགས་པའི་ཚོགས་དོན་ཡིན་པས་གང་དུ་འགོག་པའི་དགག་གཞི་ངོ་ཤེས་པ་དང༌། ཡོངས་གྲུབ་ནི་ཆོས་དབྱིངས་ཁོ་ན་ཡིན་པས་དགག་གཞི་དགག་བྱ་དེས་སྟོང་པའི་སྟོང་ཉིད་ཀྱི་ངོ་བོ་གང་ཡིན་པ་ངོ་ཤེས་པར་བྱ་བའི་ཕྱིར་གསུམ་དུ་ཕྱེ་བ་ཡིན་གྱི། ཤེས་བྱ་ཐམས་ཅད་ཀུན་བརྟགས་དང་ཡོངས་གྲུབ་གཉིས་སུ་མ་འདུས་པ་ནི་མ་ཡིན་ཏེ། སྒྲ་རྟོག་གི་ངོར་གཉིས་ཀ་ཚོགས་པ་ལ་གཞན་དབང་དུ་བཞག་པའི་ཕྱིར། གཞན་དབང་གི་ངོ་བོ་ཡོད་པར་བཤད་པའི་རྒྱུ་མཚན་གྱིས་དེ་དོན་དམ་པའི་བདེན་པར་ཐལ་བ་མ་ཡིན་ཏེ། གཞན་དབང་གི་རང་གི་ངོ་བོ་ནི་ཡོངས་གྲུབ་ལ་ཟེར་བ་ཡིན་ཞིང༌། གཞན་གྱི་ངོ་བོ་ནི་ཀུན་བརྟགས་ལ་འཆད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གཞན་དབང་གི་ངོ་བོ་བདེན་པར་གྲུབ་པར་བཤད་པ་ཙམ་གྱིས་གཞན་དབང་བདེན་གྲུབ་ཏུ་བཞག་པར་མི་ནུས་ཏེ། དེའི་ངོ་བོ་ཡོངས་གྲུབ་ལ་འཆད་པ་ཉིད་རྣལ་འབྱོར་སྤྱོད་པའི་གཞུང་གི་དགོངས་པ་ཡིན་པར་དབུ་མ་ལ་འཇུག་པ་ན་གསལ་བ་བཞིན་ནོ། །རྒོལ་བ་གཉིས་པའི་ལན་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི་སངས་རྒྱས་ཀྱི་རང་སྣང་ལ་སྤྱི་མཚན་དང༌། ལྐོག་གྱུར་དང༌། ལྡོག་པ་གཞན་སེལ་དང༌། རྨི་ལམ་དང༌། སྒྱུ་མ་དང༌། ཚ་གྲང་དང༌། ལུས་ཚོར་སྡུག་བསྔལ་དང༌། ཡིད་མི་བདེ་དང༌། ཡིད་དུ་འོང་མི་འོང་དང༌། འཇམ་རྩུབ་དང༌། དྲི་ང་བ་དང༌། རི་མོ་ཞིམ་པ་དང༌། གཟུགས་མི་མཛེས་པ་ལ་སོགས་པའི་སྣང་བ་མི་འཆར་ན་ནི་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ལ། དེ་དག་འཆར་ན་ནི་རྟོག་པར་ཐལ་བ་དང༌། རྟོག་མེད་འཁྲུལ་པའི་ཤེས་པར་ཐལ་བ་དང༌། གཉིས་སྣང་འཁྲུལ་པའི་བག་ཆགས་མ་སྤངས་པར་ཐལ་བ་དང༌། རྣམ་པར་ཐར་པ་བརྒྱད་ལ་དབང་འབྱོར་བ་མ་ཡིན་པར་ཐལ་བ་སོགས་འཇུག་གོ །གལ་ཏེ་དེ་དང་དེ་དག་མི་སྣང་བ་ཙམ་གྱིས་ཐམས་ཅད་མཁྱེན་པ་མ་ཡིན་པར་མི་འགྲུབ་སྟེ། དེ་དང་དེ་དག་ནི་མེད་བཞིན་དུ་གཉིས་སྣང་ཅན་གྱི་ཤེས་པ་ལ་སྣང་བ་ཡིན་པས་སོ་ཞེ་ན། དེ་ལྟ་ན་ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་ལ་རིགས་པ་དེ་ཉིད་འཇུག་པའི་ཕྱིར། འོ་ན་གནས་སྐབས་སུ་དོན་དམ་པའི་མཚན་གཞིར་བཞག་པ་དེ་དག་ཀྱང་མཐར་ནི་ཀུན་རྫོབ་ཀྱི་བདེན་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། དོན་དམ་པའི་བདེན་པ་མཐའ་དག་ཀྱང་དེ་ལ་མི་སྣང་བར་ཐལ་བས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཐར་ཅི་ཡང་མི་མཁྱེན་པ་ཉིད་དུ་ཐལ་བར་འགྱུར་རོ་སྙམ་ན། མ་ཡིན་ཏེ། སྤྲོས་པའི་མཚན་མ་ཅི་ཡང་མི་འཛིན་པའི་ངང་ལ་དུས་རྟག་ཏུ་མཉམ་པར་འཇོག་ནུས་པ་དེ་ལ་ནི་ཆོས་ཉིད་ལ་དུས་རྟག་ཏུ་མཉམ་པར་འཇོག་པ་ཞེས་བྱ་ལ། དེའི་ཚེ་ཤེས་བྱ་ཇི་སྙེད་པའི་སྣང་ཚུལ་འཆར་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་མ་ལུས་པར་སྤངས་ཟིན་པའི་ཕྱིར། གཉིས་པ་རྣལ་མ་ལ་སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་བདེན་པའི་སྣང་བ་འཆར་བར་འདོད་པ་ལ་ནི་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་དོ། །ཇི་ལྟར་ཞེ་ན། ཡེ་ཤེས་དེ་ལ་ཡང་དག་པའི་ཀུན་རྫོབ་མཐའ་དག་གི་སྣང་བ་འཆར་བ་ཡིན་ནོ། །ཞེས་ཟེར་བ་དེ་ལ་ནི་ཐེག་པ་ཆེན་པོ་སེམས་ཙམ་པ་ཡན་ཆད་ཀྱི་གྲུབ་པའི་མཐའ་ལ་གྲགས་པའི་ལུང་མེད་ཅིང༌། བྱེ་བྲག་ཏུ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང༌། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དག་ལ་གྲགས་པའི་ལུང་མེད་དོ། །གཉིས་པ་གནོད་བྱེད་ལ། ལུང་དང༌། རིགས་པ་གཉིས་ནི། རྗེ་བཙུན་བྱམས་པའི་གཞུང་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པ་མཐའ་དག་དང༌། ཀླུ་སྒྲུབ་སྲས་དང་སློབ་མར་བཅས་པའི་གཞུང་ན་ཤིན་ཏུ་གསལ་ཏེ། རྒྱ་ཆེར་གཞན་དུ་སྤྲོས་ཟིན་ཏོ། །འདིར་རིགས་པའི་གནོད་བྱེད་ཕྱོགས་ཙམ་བརྗོད་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་དག་ཀུན་རྫོབ་ཀྱི་རྣམ་པ་རང་སྣང་གི་ཚུལ་གྱིས་འཆར་ན་རྣམ་པ་དེ་སྣང་མཁན་གྱི་ཤེས་པ་རང་གི་བདག་ཉིད་དམ། དེ་ལས་གཞན་དུ་འདོད། གཉིས་པ་ལྟར་ན། རིགས་པ་མཁྱེན་པས་བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པས་ཚུལ་གཉིས་པར་སྒྲུབ་པ་ན་རང་རིག་པར་ཡང་གྲུབ་ཞེས་རང་རིག་སྒྲུབ་པའི་གཏན་ཚིགས་གསུངས་པ་རྣམས་དང་འགལ་ལོ། །དང་པོ་ལྟར་ན་རྣམ་པ་དེ་གཏོད་བྱེད་ཀྱི་རྒྱུ་རང་ལས་རྫས་གཞན་པ་ཞིག་ཡོད་དམ་མེད། དང་པོ་ལྟར་ན་གཟུང་འཛིན་རྫས་གཞན་ཡོད་པར་ཁས་བླངས་པས་ཐེག་པ་ཆེན་པོ་བ་དག་གི་གྲུབ་པའི་མཐའ་ལས་ཉམས་སོ། །གཉིས་པ་ལྟར་ན། འགྲོ་བ་རིས་དྲུག་དང་སྒྲིབ་པ་གཉིས་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་སངས་རྒྱས་ཀྱི་ཡེ་ཤེས་ཉིད་དུ་ཐལ་བར་འགྱུར་ཏེ། དེ་ལ་དེར་སྣང་བའི་རྣམ་པ་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་དངོས་ཡིན་ལ། རྣམ་པ་དེ་གཏོད་བྱེད་ཀྱི་རྒྱུ་རྫས་གཞན་ནི་མ་དམིགས་པའི་ཕྱིར་རོ། །མདོར་ན་གང་མ་རིག་པའི་དབང་གིས་སྣང་བའི་ཤེས་བྱ་དེ་ཡིན་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་བས་ཁྱབ། དཔེར་ན་རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་བཞིན། ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པའང་དེ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པའི་གཏན་ཚིགས་སོ། །དེ་ལ་འདི་སྐད་ཅེས་རྒོལ་ཏེ། དེས་དེ་མཁྱེན་ན་དེ་མངོན་སུམ་དུ་མཁྱེན་དགོས་ཏེ། དེ་ལྟ་ན་དེ་དེའི་དངོས་ཀྱི་གཞལ་བྱ་ཡིན་པ་དང༌། དེ་དེ་ལ་དངོས་སུ་སྣང་དགོས་པས་ཁྱབ་པར་འགྱུར་རོ། །ཞེས་ཟེར་རོ། །དེ་ལ་ནི་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱར་གྱུར་པའི་བདག་གཉིས་ཀྱིས་མ་ངེས་ཤིང༌། དེ་དག་ཤེས་བྱ་དང་ཡང་དག་པའི་ཀུན་རྫོབ་ཏུ་ཁས་ལེན་དགོས་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་འཇིག་རྟེན་ཐམས་ཅད་ལ་མཐུན་པར་གྲགས་པའི་ཕྱིར་དང༌། ཀུན་བརྟགས་ཡིན་པའི་ཕྱིར་རོ། །གཞན་ཡང་དེས་དོན་སྤྱི་ལ་སོགས་པ་མཁྱེན་ན་མངོན་སུམ་དུ་མཁྱེན་མི་དགོས་ཏེ། དེས་དེ་དག་གཞན་སྣང་གི་ཚུལ་གྱིས་མཁྱེན་པའི་ཕྱིར། དཔེར་ན་སད་པའི་ཤེས་པས་རྨི་ལམ་གྱི་ཡུལ་སྣང་ཚུལ་ཁོང་དུ་ཆུད་པ་བཞིན་ནོ། །གཉིས་པ་རྟེན་པ་ཡེ་ཤེས་ལ། དབྱེ་གཞི་ནི་གནས་ཡོངས་སུ་གྱུར་པ་མཐར་ཐུག་པའི་ཡེ་ཤེས་སོ། །དེ་ལ་གནས་ཞེས་བྱ་བ་ནི་ཀུན་གཞིའི་སྟེང་གི་གནས་ངན་ལེན་ནོ། །གྱུར་པ་ཞེས་བྱ་བ་ནི་དེ་སྤངས་ནས་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་ལུས་པའོ། །དབྱེ་ངོ་ནི་མདོ་སྡེའི་རྒྱན་ལས་དངོས་སུ་གསུངས་པ་བཞི་དང༌། དོན་གྱིས་ཐོབ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་ཇི་ལྟར་ཞེ་ན། རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་ཐམས་ཅད་གནས་གྱུར་པ་ན་གཉིས་མེད་ཀྱི་ཡེ་ཤེས་སུ་འགྱུར་ལ། དེ་ཡང་ཆོས་ཀྱི་དབྱིངས་ལས་གཞན་མ་ཡིན་པའི་ཕྱིར། དེ་ལ་ལྡོག་པས་ཕྱེ་ན་བཞི་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་གནས་མ་གྱུར་པའི་ཚེ་ན་སྤང་བྱ་ཐམས་ཅད་ཀྱི་གནས་དང་རྟེན་བྱེད་ཅིང༌། རྣམ་པར་ཤེས་པ་ཐམས་ཅད་ཀྱང་ཆུ་ལས་རླབས་ཀྱི་ཚུལ་དུ་འབྱུང་བ་ལྟར། གནས་གྱུར་པའི་ཚེ་ན་གཉིས་མེད་ཀྱི་ཡེ་ཤེས་སུ་གྱུར་པ་དེས་སྟོབས་སོགས་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་ཅིང༌། དེ་ལས་ཡེ་ཤེས་གཞན་གསུམ་པོ་ཆུ་ལས་རླབས་ཀྱི་ཚུལ་དུ་འབྱུང་བའོ། །ཆུ་རླབས་ལྟ་བུའི་ཡེ་ཤེས་དེ་ལའང་གཉིས་ཏེ། རང་སྣང་གི་ཡེ་ཤེས་དང༌། གཞན་སྣང་མཁྱེན་ཚུལ་གྱི་ཡེ་ཤེས་སོ། །དང་པོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། འདི་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། མི་གནས་པའི་མྱང་འདས་དང༌། ཆོས་ཉིད་ཀྱི་ཡེ་ཤེས་དང༌། ངོ་བོ་ཉིད་ཀྱི་སྐུ་རྣམས་སོ། །དེ་ཡང་ཉོན་མོངས་ཅན་གྱི་ཡིད་གནས་གྱུར་པ་སྟེ། དེའི་དོན་ཡང་ཉོན་ཡིད་ཀྱི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་པ་དེ་སྤངས་པའོ། །དེ་ལའང་གཉིས་ཏེ། ས་བོན་སྤངས་པ་ནི་ས་བདུན་པ་དང༌། གནས་ངན་ལེན་སྤངས་པ་ནི་སངས་རྒྱས་ཀྱི་སའོ། །གཉིས་པ་ནི་ཆོས་ཅན་གྱི་ཡེ་ཤེས་དང༌། གཞན་སྣང་གི་ཡེ་ཤེས་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང༌། སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཅན་ཏེ། སྤྲུལ་པའི་སྐུ་ཞེས་ཀྱང་བྱ། དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་དང༌། སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཡེ་ཤེས་འདི་གཉིས་ནི་གདུལ་བྱ་གཞན་སྣང་མཁྱེན་པའི་ཡེ་ཤེས་ཏེ། རང་གི་ངོ་བོ་ལ་ལྟོས་ནས་གཟུང་འཛིན་གཉིས་ཀྱི་སྣང་བ་མེད་ཀྱང་གདུལ་བྱ་གཞན་གྱི་བསམ་ངོ་ལ་ལྟོས་ནས་གཟུང་འཛིན་གཉིས་སུ་སྣང་བའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཚང་བ་དང༌། ཆོས་སྟོན་པ་ལ་སོགས་པའི་བྱ་བ་མཛད་པ་དང༌། གཉིས་སྣང་གི་བག་ཆགས་གནས་གྱུར་པ་ཞེས་བྱ་བ་སྟེ། ཁྱད་པར་གསུམ་དང་ལྡན་པའོ། །འདི་ལ་ལྡོག་པའི་སྒོ་ནས་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཏུ་ཕྱེ་བ་ལས་གཞན་རྣམས་ནི་གཞུང་གི་དོན་ཉིད་ལས་རྟོགས་པར་ནུས་ལ། ཟད་པར་དང༌། ཟིན་ནོན་གྱི་རྣམ་གཞག་ལ། མཚན་ཉིད་ནི། བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས་རང་རང་གི་དམིགས་པས་ཁྱབ་པར་སྤྲོ་བའི་ཞི་ལྷག་ཟུང་འབྲེལ་གྱི་མཁྱེན་པའོ། །མཚོན་བྱའི་སྒྲ་བཤད་པ་ནི། ཟད་པར་དང༌། མཐའ་དག་དང༌། མ་ལུས་པ་དང༌། ཁྱབ་པ་ཞེས་བྱ་བ་རྣམས་ནི་མིང་གི་རྣམ་གྲངས་ཡིན་ལ། ས་ལ་སོགས་པའི་གཟུང་རྣམ་གྱིས་ཁྱབ་པར་སྤྲོ་བའི་ཏིང་ངེ་འཛིན་ལ་དེ་ཞེས་བྱའོ། །མཚན་གཞིའི་རྣམ་པར་བཞག་པ་ལ། ལུས་ཀྱི་རྟེན་དང༌། ས་གང་ལ་རྟེན་པའོ། །དང་པོ་ནི། སྔར་མེད་གསར་དུ་བསྒྲུབ་པའི་དབང་དུ་བྱས་ན། དང་པོ་བརྒྱད་འདོད་པའི་རྟེན་ཅན་ཡིན་ཏེ། ཐོས་བསམ་གྱི་མཐུས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། ཕྱི་མ་གཉིས་ནི་ཁམས་གསུམ་གྱི་རྟེན་ཅན་ཏེ། མཛོད་ལས། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ཞེས་གསུངས་སོ། །གཉིས་པ་ནི། དང་པོ་བརྒྱད་བསམ་གྱི་དངོས་གཞི་དང༌། ཕྱི་མ་གཉིས་གཟུགས་མེད་ནམ་མཁའ་དང་རྣམ་ཤེས་ཀྱི་དངོས་གཞི་ལ་བརྟེན་པར་འཆད་དོ། །དབྱེ་ན་བཅུའོ། །སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པ་ཅི་ཞེ་ན། དབང་པོ་ལྔ་ཕྱི་རོལ་དུ་སྤྲོ་མི་ནུས་པ་དང༌། དྲི་རོ་གཉིས་ནི་གཟུགས་ཁམས་ན་མེད་པས་མ་བཞག་གོ །ཞེས་སའི་དངོས་གཞིར་གསུངས་ཤིང༌། སྒྲ་ལ་རྒྱུན་མེད་པས་མ་བཞག་གོ །ཞེས་བོད་རྣམས་འཆད་དོ། །གཟུགས་མེད་ཕྱི་མ་གཉིས་ལ་མ་བཞག་པ་ནི་དམིགས་པ་རྒྱུན་གཅོད་པར་བྱེད་པ་ཡིན་པ་དང༌། སེམས་ཀྱི་རྒྱུ་བ་མི་གསལ་བའི་ཕྱིར་མ་བཞག་ལ། ཟད་པར་ནམ་མཁའ་དང་རྣམ་ཤེས་གཉིས་ཀྱིས་ནི། ཁམས་གསུམ་ཀ་ཁྱབ་པར་སྤྲོ་ནུས་པའི་ཕྱིར་དེ་གཉིས་ལ་དེ་བཞག་གོ །ཞེས་རྣམ་བཤད་མཛད་པ་པོ་རྣམས་གསུང་ངོ༌། །འོ་ན་ཅི་སངས་རྒྱས་ཀྱི་ཡེ་ཤེས་ལ་ས་ལ་སོགས་པ་སྣང་བར་འདོད་དམ་ཞེ་ན། དེ་ལ་དེ་དངོས་སུ་སྣང་བར་ནི་མདོ་སྡེ་པས་ཀྱང་མི་འདོད་ན་འདིར་ལྟ་ཅི་སྨོས། འོ་ན་ཅི་ཞེ་ན། གཟུང་འཛིན་གཉིས་སྣང་གི་བག་ཆགས་མ་སྤངས་པ་རྣམས་ལ་ཕྱི་རོལ་གྱི་དོན་དང་ནམ་མཁའ་ལ་སོགས་པའི་རྣམ་པར་སྣང་བ་ནི་བག་ཆགས་ཀྱི་དབང་གིས་བྱུང་བའི་ཕྱིར་གཞན་དབང་དང༌། སྤྱིར་འཛིན་པ་ཀུན་བཏགས་སུ་ཁས་ལེན་པར་བྱེད་དོ། །རྫོགས་པའི་སངས་རྒྱས་ལ་ནི་དེ་མེད་པའི་ཕྱིར་རང་སྣང་ལ་ནི་དེ་དང་དེའི་རྣམ་པ་འཆར་བ་མེད་དོ། །འོ་ན་དེ་དག་ལ་འདི་དག་བཞག་ཏུ་མེད་པར་ཧ་ཅང་ཐལ་ལོ་ཞེ་ན། ཉེས་པ་མེད་དེ། རྫོགས་པའི་སངས་རྒྱས་ཀྱི་ཆོས་དབྱིངས་ལ་མཉམ་པར་བཞག་པའི་མཐུས་གཞན་སྣང་ལ་ས་ལ་སོགས་པའི་རྣམ་པས་ཁྱབ་པར་སྤྲོ་བ་ལ་དེ་ཞེས་བྱ་སྟེ། དཔེར་ན་དབང་བཅུ་བཞིན་ནོ། །གཉིས་པ་ཟིལ་གནོན་ལ། མཚན་ཉིད་ནི། བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས། ཟད་པར་གྱིས་ཁྱབ་པར་སྤྲོས་པའི་དམིགས་པ་ཟིལ་གྱིས་གནོན་པར་བྱེད་པའི་ཞི་ལྷག་ཟུང་འབྲེལ་ལོ། །དེའི་དོན་ཡང་དེའི་དམིགས་པ་ལ་མངོན་པའི་ང་རྒྱལ་མེད་པར་སེམས་འཇོག་པའོ། །དབྱེ་ན། དབྱིབས་ཟིལ་གྱིས་གནོན་པ་བཞི་དང༌། ཁ་དོག་ཟིལ་གྱིས་གནོན་པ་བཞི་སྟེ་བརྒྱད་དོ། །དང་པོ་བཞི་ནི་རྣམ་ཐར་དང་པོ་གཉིས་ཀྱི་རྒྱུ་ལས་བྱུང་བ་ཡིན་ཏེ། དེ་མེད་ན་མི་འབྱུང་བའི་ཕྱིར་རོ། །ཕྱི་མ་བཞི་ནི་སྡུག་པའི་རྣམ་ཐར་གྱི་རྒྱུ་ལས་བྱུང་བ་སྟེ། རྒྱུ་མཚན་དེ་བཞིན་ནོ། །མདོར་ན་ཟད་པར་གྱིས་ཁྱབ་པར་སྤྲོ། རྣམ་ཐར་གྱིས་དབང་འབྱོར་བར་བྱེད། ཟིལ་གནོན་གྱིས་ནི་གཉིས་མེད་ཀྱི་ཡེ་ཤེས་ལ་མཉམ་པར་འཇོག་པའོ། །གསུམ་པ་མཛད་པ་འཕྲིན་ལས་ལ་མཚན་ཉིད་དང༌། མཚན་གཞིའི་དབྱེ་བ། འཕྲིན་ལས་ཇི་ལྟར་འཇུག་པའི་ཚུལ་ལོ། །རང་གི་བདག་རྐྱེན་རྫོགས་སྨིན་སྦྱངས་གསུམ་གྱི་མཐུ་ལས་བྱུང་ཞིང༌། དེ་མ་ཐག་རྐྱེན་རིག་པ་སྔ་མ་དང༌། དམིགས་པའི་རྐྱེན་མཐའ་ཡས་པའི་སེམས་ཅན་ལ་དམིགས་ནས་སྐྱེས་པའི་སངས་རྒྱས་ཀྱི་མཛད་པའོ། །དེའི་ཤེས་བྱེད་ཀྱང་སློབ་པ་ལམ་གྱི་མཐར་རྫོགས་སྨིན་སྦྱངས་གསུམ་མ་བྱས་ན་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་ཀྱི་སྣང་བ་བསྐྱེད་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་མི་ནུས་པའི་ཕྱིར། དེ་ལྟར་མཛད་ནུས་པ་དེ་ལ་ལྷུན་གྱིས་གྲུབ་པ་ཞེས་བྱ་ལ། ནུས་པ་བཞིན་དུ་མཛད་པ་དེ་ལ་ནི་རྒྱུན་མི་ཆད་པའི་འཕྲིན་ལས་ཞེས་བྱའོ། །འཕྲིན་ལས་རང་གི་ངོ་བོ་ནི་རིག་པ་ཁོ་ན་ཡིན་ཞིང༌། དེ་ཡང་སེམས་ཅན་གྱི་དོན་བསྒྲུབ་མཁྱེན་པ་དང༌། སྒྲུབ་པའི་ཐུགས་རྗེ་གང་རུང་གི་ངོ་བོར་གནས་པའི་ཕྱིར་ན་རྐྱེན་གཉིས་ལས་སྐྱེས་པར་བཞག་གོ །གཉིས་པ་ནི། བྱེད་པ་པོ་ལ་ཡོད་པ་དང༌། བྱ་བ་ཡུལ་ལ་ཡོད་པའོ། །དང་པོ་ནི། སངས་རྒྱས་ཀྱི་སས་བསྡུས་པའི་གཞན་དོན་གྱི་སྐུར་བཤད་པ་དེ་ཉིད་དོ། །འཕྲིན་ལས་མཚན་ཉིད་པ་ནི་དེ་ཁོ་ན་སྟེ། རྒྱུ་དང་འཕྲིན་ལས་དབྱེར་མེད་དུ་འཆད་དགོས་པའི་ཕྱིར། གཉིས་པ་ལ་མཚན་ཉིད་ནི། རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་བདག་རྐྱེན་ལས་བྱུང་བའི་རྣམ་དཀར་གྱི་མཛད་པའོ། །མཚན་གཞི་ནི་གཞན་སྣང་གི་གཟུགས་སྐུ་གཉིས་དང༌། དེ་ལ་བརྟེན་ནས་བྱུང་བའི་རྣམ་པར་དཀར་བའི་བྱ་བ་ཇི་སྙེད་པ་མཐའ་དག་སྟེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་འབྲས་བུ་དང་བཅས་པ་དག་གོ །དེ་དག་ནི་སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པ་ཡིན་པའི་ཕྱིར་འཕྲིན་ལས་ཀྱི་འབྲས་བུ་ལ་འཕྲིན་ལས་ཀྱི་མིང་གིས་བཏགས་པའོ། །གསུམ་པ་ནི། ཡུམ་གྱི་མདོ་དང༌། རྒྱན་ལས། ཆོས་སྐུའི་འཕྲིན་ལས་འཇུག་ཚུལ་ཉི་ཤུ་རྩ་བདུན་དུ་གསུངས་ལ། དེ་ཡང་བསྡུ་ན། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ་དང༌། ལམ་ལ་འགོད་པ་དང༌། ལམ་གྱི་འབྲས་བུ་ལ་འགོད་པ་སྟེ་གསུམ་མོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལས་ནི། ཇི་སྐད་དུ། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང༌། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་གསུངས་སོ། །དེའི་དོན་ཡང་སྐུ་སྟོན་པ་བརྒྱ་བྱིན་དང་འདྲ་བ། གསུང་འདོམས་པ་ལྷའི་རྔ་བོ་ཆེ་དང་མཚུངས་པ། ཐུགས་རྗེས་ཁྱབ་པ་སྤྲིན་དང་འདྲ་བ། སྤྲུལ་པ་འགྱེད་ཚུལ་ཚངས་པ་དང་འདྲ་བ། ཡེ་ཤེས་སྤྲོ་བ་ཉི་མ་དང་འདྲ་བ། ཐུགས་ཀྱི་གསང་བ་གདུལ་བྱའི་རེ་བ་སྐོང་ཚུལ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ། གསུང་གི་གསང་བ་ཆོས་འཆད་པ་པོའི་ཤེས་རྒྱུད་ཀྱིས་མ་བསྡུས་པ་སྒྲ་བརྙན་དང་འདྲ་བ། སྐུའི་གསང་བ་ཐམས་ཅད་ལ་ཁྱབ་པ་ནམ་མཁའ་དང་མཚུངས་པ། ཐུགས་རྗེ་ཕན་བདེ་སྐྱེད་པ་ས་གཞི་དང་འདྲ་བ་རྣམས་བསྟན་པ་ཡིན་ཏེ། ཇི་སྐད་དུ། སྟོན་དང་གསུང་དང་ཁྱབ་པ་དང༌། །སྤྲུལ་དང་ཡེ་ཤེས་སྤྲོ་བ་དང༌། །ཐུགས་གསུང་སྐུ་ཡི་གསང་བ་དང༌། །ཐུགས་རྗེའི་བདག་ཉིད་སྟོན་པ་ཉིད། །ཅེས་གསུངས་པའི་ཕྱིར། མདོར་ན་སངས་རྒྱས་གཅིག་གི་ཕྲིན་ལས་གང་ཡིན་པ་དེ་ཐམས་ཅད་ཀྱི་འཕྲིན་ལས་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་མཐའ་དག་རྫས་ཀྱི་སྒོ་ནས་དབྱེ་བ་མེད་པ་གཅིག་ཡིན་པའི་ཕྱིར་དང༌། གཅིག་པོ་དེ་ཡང་གང་ལ་བརྟེན་པའི་རྟེན་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡང་ཆོས་སྐུ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་དང༌། སངས་རྒྱས་གཅིག་གི་གསུང་གི་འོད་ཟེར་སྤྲོས་པ་ན་ཐམས་ཅད་ཀྱི་གསུང་གི་འོད་ཟེར་འཕྲོ་བའི་ཕྱིར། དཔེར་ན་ཉི་མའི་འོད་ཟེར་གཅིག་ཤར་བ་ན་འོད་ཟེར་ཀུན་འཆར་བ་བཞིན་ནོ། །ཆོས་སྐུ་སྐུ་གསུམ་འཁྲུལ་མེད་ཤེས་ཚུལ་དང༌། །ཡེ་ཤེས་ཤེས་བྱའི་གནས་ལ་འཇུག་ཚུལ་དང༌། །འཕྲིན་ལས་ལས་གསུམ་ཡེ་ཤེས་སྔོན་འགྲོའི་ཚུལ། །གང་བཤད་བཤད་པ་འདི་ཀུན་བྱམས་པའི་གཞུང༌། །ཅེས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལུང་ཆོས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་ལས་སྐབས་བརྒྱད་པའི་རྣམ་པར་བཤད་པའོ།།  །།ཚེམས་དཀར་བདུད་རྩི་འབབ་པའི་བཞད་ཕྲེང་གིས། །རྟག་ཏུ་ལེགས་པར་བཤད་པའི་དཔལ་རྩོལ་ཞིང༌། །ནམ་ཡང་ཉམ་ངའི་གཡང་ལས་བསྲུང་བརྩོན་པ། །མ་ཕམ་མཁྱེན་བརྩེའི་གཏེར་ལ་ཕྱག་འཚལ་ལོ། །ཐོགས་མེད་ཞབས་གཞུང་ཡིད་བཞིན་རིན་ཆེན་པོ། །དངོས་སྨྲའི་དུག་མཚོར་དྲངས་པ་མ་བཟོད་ནས། །སྦྱོང་ཚུལ་རིམ་གསུམ་གྱིས་སྦྱངས་ནོར་བུའི་ཕྲེང༌། །མ་ཕམ་བྱམས་པའི་དབུ་ལ་མཆོད་པར་འབུལ། །མང་ཐོས་རྣམ་དཔྱོད་གྲུ་ཆེན་ལ་ཞོན་ནས། །སྡེ་སྣོད་རྒྱ་མཚོའི་ཕ་མཐའ་ཡང་ཡང་བཅད། །ངེས་དོན་ནང་གི་རོལ་མཚོ་དེར་ཞུགས་ནས། །ལུང་ཆོས་ཀུན་གྱི་ལྷུན་པོ་དེ་རིང་མཐོང༌། །སྔོན་བྱོན་ཆེན་པོའི་རྣམ་བཤད་མང་ན་ཡང༌། །འགའ་ཞིག་ཚིག་ཉུང་བརྡ་དོན་མཇལ་བ་མེད། །ལ་ལ་ཚིག་ཕྲེང་གིས་དཀྲུགས་ངེས་པའི་དོན། །ཡལ་བར་དོར་ཕྱིར་དཔྱོད་ལྡན་མགུ་མི་ནུས། །གང་འདི་ཚིག་ཉུང་དོན་མང་བརྗོད་པ་བདེ། །ལུང་དང་འགྲོགས་པའི་རིགས་པ་ཕྲ་ཞིང་ཞིབ། །དཔྱོད་ཆེན་བློ་ཡིས་གཞུང་བཞིན་དཔྱད་པའི་ཕྱིར། །རྗེས་བཟློས་དབྱངས་སུ་ལེན་དང་འདི་མི་མཉམ། །མཉམ་པོར་རློམ་པའི་རྣམ་བཤད་འགའ་ཡོད་ན། །དཔྱོད་ལྡན་གཟུ་བོའི་དྲུང་དུ་ཚུལ་སྤྱོན་ལ། །མཆུ་ཞེང་ཚད་དང་གཏིང་མཐའ་བཅལ་བྱོས་དང༌། །གང་འདིའི་རིན་ཐང་དཔོག་ལ་ཡུན་མི་ཐོགས། །གཞན་གྱིས་མ་བཟུང་མང་ཐོས་ཕོ་བྲང་མཆོག །ཆོས་ཀྱི་འབྱོར་བས་ཕྱུག་པ་འདིར་ཞུགས་ལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་ཆེན་པོ། །ཐུབ་བསྟན་ལང་ཚོར་བྱེད་པ་དེ་ལོང་ཤིག །འདིར་བཤད་དངུལ་དཀར་མེ་ལོང་འདི་མེད་ན། །རྗེ་བཙུན་གཞུང་གི་སྐྱེ་མཆེད་གང་དུ་འཆར། །འདིར་འབྱུང་འཁྲུལ་གྱི་ལྡེ་མིག་མ་བཟུང་ན། །ཐོགས་མེད་གཞུང་གི་སྒོ་བརྒྱ་སུ་ཡིས་འབྱེད། །རང་བློས་དཔྱད་པའི་སྐྱེ་མཆེད་འདི་མེད་ན། །འཕགས་སེང་གཞུང་གི་མཛའ་བོ་སུ་ཡིས་འགུགས། །ལུང་རིགས་ལང་ཚོ་རྒྱས་པ་འདི་མེད་ན། །བློ་གསལ་ཡིད་ཀྱི་ཤིང་རྟ་ཇི་ལྟར་འདྲེན། །དེ་ཕྱིར་སྐལ་མཉམ་དོན་མཐུན་གྲོགས་དག་ཀྱེ། །ཚིག་གི་སྦྱོར་བས་དཔྱོད་ལྡན་མི་མགུ་ཞིང༌། །གཞུང་ཆེན་ངེས་པའི་བརྡ་དོན་མ་འབྱོར་བས། །བློ་གྲོས་ངན་པར་བྱེད་པ་དེ་བོར་ལ། །རྣམ་འགྲེལ་མཛད་གཞུང་ཕྱི་ཡི་མཚོ་ཆེན་དང༌། །རྣལ་འབྱོར་སྤྱོད་གཞུང་ནང་གི་རོལ་མཚོའི་དབུས། །ཀླུ་སྒྲུབ་གཞུང་ལུགས་ནོར་འཛིན་སྒེག་མོ་ཡིས། །བྱམས་ཆོས་ལྷུན་པོ་འདེགས་པ་འདི་ཟུང་ཤིག །འདིར་འགྲུས་དགེ་བ་ཡིན་བཞིན་མཚོ་ཆེན་ལྟར། །སྲིད་ཞིར་འདུན་པའི་རྙོག་པ་དང་བྲལ་འདིས། །ཀུན་གྱི་རེ་བ་སྐོང་ཞིང་རང་ཉིད་ཀྱང༌། །མ་རྣམས་དོན་དུ་ཆོས་ཀྱི་རྒྱལ་པོར་བསྔོ། །ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་དེའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པའི་སྤྱིའི་དོན་ཉེར་མཁོ་བསྡུས་པ་ལུང་ཆོས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་འདི་ནི། །དོན་དུ་གཉེར་བ་དུ་མས་བསྐུལ་བའི་ངོར་བགྱིས་ནས། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཤཱཀྱ་རྒྱལ་མཚན་པ་ལ་བཟང་པོ་ལ་སོགས་པ་ཡོངས་འཛིན་དམ་པ་མང་པོའི་ཞབས་ཀྱི་རྡུལ་ཕྲེང་རྙོག་པ་མེད་པའི་སྤྱི་བོས་ཉེ་བར་བླངས་པ། ཡུལ་དབུས་ཀྱི་ཐོས་པ་འཛིན་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། ཀུན་ལྡན་གྱི་ལོ་གྲོ་བཞིན་ཅན་གྱི་ཕྱོགས་དང་པོ་ལ། གཙང་གཡས་རུའི་སའི་ཐིག་ལེ་ཁྱུང་ཚངས་གསེར་མདོག་ཅན་གྱི་དབེན་གནས་དམ་པར་གྲུབ་པའི་ཡི་གེ་པ་ནི། བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ་བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*