མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྤྱིའི་དོན་ཉེར་མཁོ་བསྡུས་པ། ཁ ༽

བཅུ་དྲུག་པའི་མཉམ་རྗེས་གང་རུང་ལ་གནས་པའི་དབྱེ་བས་མཚོན་བྱ་དོན་གྱི་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་དང༌། གནས་པར་གཞག་པ་ཡིན་ཏེ། དེ་དང་དེའི་མཚན་ཉིད་ཚང་བའི་ཕྱིར། གཉིས་པ་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་ཇི་ལྟར་བྱེད་པའི་ཚུལ་ལ། ཀུན་སློང་གི་བསམ་པ་གང་གིས་དང༌། ལམ་གང་གིས་དང༌། སྤང་བྱ་གང་སྤོང་བའོ། །དང་པོ་ནི། ཁམས་གོང་མ་གོང་མའི་སྐྱེ་བ་ལ་བླང་བྱ་དང༌། འོག་མ་འོག་མའི་སྐྱེ་བ་ལ་དོར་བྱར་མཐོང་བའི་བསམ་པས་སོ། །གཉིས་པ་ནི། གོང་འོག་ལ་ཞི་རགས་སུ་ལྟ་བའི་ལྷག་མཐོང་གིས་སོ། །དེ་འདྲ་དེ་ཐར་པའི་ལམ་དུ་ནི་མི་རུང་སྟེ། སྲིད་པ་གསོ་བར་བྱེད་པའི་ལམ་དུ་སོང་གི སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པ་མ་ཡིན་པའི་ཕྱིར། མངོན་པ་འོག་མར། འཕགས་པས་ཀྱང་ལམ་འདི་ལ་རྟེན་ནས་ཆགས་བྲལ་བྱེད་པརབཤད་པ་དེ་ནི། འཕགས་པའི་རྟེན་ལ་འཕེན་བྱེད་ཀྱི་ལས་སོག་པའི་གྲུབ་པའི་མཐའ་ཡིན་པས་འདིར་ཁས་མི་བླང་ངོ༌། །གསུམ་པ་ནི་ཞི་རགས་སུ་ལྟ་བའི་ལམ་དེས་ནི་ཅི་ཡང་མེད་མན་ཆད་ཀྱི་སས་བསྡུས་པའི་མ་རིག་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། ཐེ་ཚོམ་ནི་མངོན་གྱུར་དང༌། བག་ལ་ཉལ་གང་ཡང་སྤོང་བ་མ་ཡིན་ཏེ། དེ་དག་གི་གཉེན་པོར་མི་རུང་བའི་ཕྱིར། འོ་ན་ཅི་ཞེ་ན། འདོད་ཆགས་དང༌། ཁོང་ཁྲོའི་ནུས་པ་གོང་དུ་བཤད་ཟིན་པ་གཉིས་པོ་དེ་དག་གོ །དེའི་ནང་ནས་ཀྱང་འདོད་ཆགས་ལ་གཉིས་ཏེ། འདོད་པའི་དང༌། ཁམས་གོང་མའི་འོ། །དང་པོ་ལ་ནི། འདོད་པའི་འདོད་ཆགས་ཞེས་བྱ་ལ། གཉིས་པ་ལ་ནི་སྲིད་པའི་འདོད་ཆགས་ཞེས་བྱའོ། །ཞི་རགས་སུ་ལྟ་བའི་ལམ་གྱིས་ནི་གཉིས་པོའི་སྟེང་གི་སྲིད་པར་སྐྱེ་བ་འཛིན་པའི་ནུས་པ་དེ་ཉིད་ཆེད་དུ་གཉེར་ནས་སྤོང་ཞིང༌། དེ་འདྲ་དེས་དེ་སྤངས་པར་ཡང་འཇོག་པ་ཡིན་ཏེ། འཕགས་རྒྱུད་ཀྱི་སྤངས་པ་སླར་ལྡོག་པ་མི་སྲིད་པའི་ཕྱིར་རོ། །ཐེག་ཆེན་གྱི་འཕགས་པ་ཐོབ་རྗེས་སུ་ནི་སྲིད་པར་སྐྱེ་བ་ལེན་པའི་ནུས་པ། སྔོན་འཇིག་རྟེན་པའི་ལམ་གྱིས་གང་སྤངས་ཟིན་པ་ དེའི་ལྷག་མ་གཞན་རྣམས་ནི་ཆེད་དུ་གཉེར་ནས་མི་སྤོང་སྟེ། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་ལེན་པའི་ཕྱིར། འོ་ན་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་བྱང་སེམས་འཕགས་པ་རྣམས་འདོད་གཟུགས་སུ་སྐྱེ་བ་ལེན་པའི་རྒྱུ་ནི་གང༌། དེ་འདྲ་དེས་སྲིད་རྩེའི་ཉོན་མོངས་པའི་བག་ལ་ཉལ་གྱི་ནུས་པ་ཕྱི་མ་དེ་དུས་ནམ་གྱི་ཚེ་སྤོང་ཞེ་ན། མདོ་སྡེའི་རྒྱན་ལས་ནི། སྤྲུལ་པས་སྐྱེ་བ་ལེན་པར་བཤད་ཀྱི། སྨོན་ལམ་གྱི་དབང་གིས་སྐྱེ་བ་ལེན་པར་མི་བཞེད་དེ། དེའི་དབང་གིས་སྐྱེ་བ་ལེན་པ་ལ་ཡང་འདོད་སྲིད་གང་རུང་གི་བག་ལ་ཉལ་ཉིང་འཚམས་སྦྱོར་བྱེད་དུ་དགོས་པར་བཞེད་པའི་ཕྱིར། རྒྱུད་བླ་རྩ་འགྲེལ་གྱི་དགོངས་པ་ལྟར་ན། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སམ། མ་རིག་བག་ཆགས་ཀྱི་སའི་དབང་གིས་སྐྱེ་བ་ལེན་པ་གང་རུང་ལས་མ་འདས་སོ། །གཉིས་པའི་ལན་ནི། ཇི་སྲིད་ས་བཅུ་པའི་ཡེ་ཤེས་མངོན་དུ་མ་བྱས་པ་དེ་སྲིད་དུ་ནི་སྲིད་རྩེའི་ཉོན་མོངས་ཀྱི་བག་ལ་ཉལ་སྤོང་བ་མ་ཡིན་ཏེ། དེ་སྲིད་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཆེད་དུ་གཉེར་ནས་མི་སྤོང་བའི་ཕྱིར། དེ་ལྟར་ན་ཆགས་བྲལ་སྔོན་སོང་ལ་གཉིས་ཏེ། འདོད་པའི་འདོད་ཆགས་དྲུག་པའི་བག་ལ་ཉལ་ལ་ཆགས་བྲལ་སྔོན་དུ་སོང་བ་དང༌། དགུ་པའི་བག་ལ་ཉལ་གྱི་ནུས་པ་ལ་ཆགས་བྲལ་སྔོན་དུ་སོང་བའོ། །དང་པོ་ལ་གཉིས་ཏེ། ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པ་དང༌། བཅུ་དྲུག་པའི་རྟོགས་པ་ཕན་ཆད་ལ་གནས་པའོ། །དང་པོ་ལ། མཚོན་བྱ་དོན་གྱི་ཕྱིར་འོང་ཞུགས་པ་ཞེས་བྱ་སྟེ། དེར་འཇོག་པའི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་ཙམ་ཞིག་སྤངས་ཤིང༌། ད་ལྟ་ཞུགས་ལམ་ལ་གནས་པའི་ཕྱིར། གཉིས་པ་ལ་ནི་མཚོན་བྱ་དོན་གྱི་ཕྱིར་འོང་ཞེས་བྱ་སྟེ། དེར་འཇོག་པའི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་ཙམ་ཞིག་སྤངས་ཤིང༌། དེའི་ཞུགས་ལམ་བཏང་ཟིན་པའི་ཕྱིར། འདི་མཚོན་བྱ་དོན་གྱི་ཕྱིར་མི་འོང་དུ་གཞག་མི་ནུས་ཏེ། འདོད་ཉོན་དགུ་པ་སྤངས་ཀྱང་དེའི་སྟེང་གི་འདོད་པར་སྐྱེ་བ་ཡོངས་སུ་འཛིན་པའི་ནུས་པ་མ་སྤངས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་ཐེག་ཆེན་མཐོང་ལམ་གྱི་སྔ་རོལ་དུ་ནི་མ་སྤངས། ཕྱིས་ནི་དེ་ཆེད་དུ་གཉེར་ནས་མི་སྤོང་བའི་ཕྱིར་རོ། །དེ་ལའང་གཉིས་ཏེ། འདོད་ཉོན་བདུན་བརྒྱད་གང་རུང་གི་བག་ལ་ཉལ་ལ་ཆགས་བྲལ་སྔོན་དུ་མ་སོང་བ་དང་སོང་བའོ། །དང་པོ་ལ་ནི་མཚོན་བྱ་དོན་གྱི་ཕྱིར་འོང་ཙམ་པོ་ཞེས་བྱ་ལ། གཉིས་པ་ལ་ནི་ཚེ་གཅིག་བར་ཆད་གཅིག་པ་ཞེས་བྱའོ། །དེའི་རིགས་པས་ཐེག་ཆེན་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་གསུམ་པ་དང་བཞི་པ་གང་རུང་གི་བག་ལ་ཉལ་ཙམ་ལ་ཆགས་བྲལ་སྔོན་དུ་སོང་བ་ཡིན་ན། བཅུ་དྲུག་པའི་རྟོགས་པ་ཐོབ་ནས་ཁྱད་པར་གྱི་ལམ་ལ་གནས་པ་དེའི་ཚེ། མཚོན་བྱ་དོན་གྱི་རྒྱུན་ཞུགས་རིགས་ནས་རིགས་སུ་སྐྱེ་བ་ཞེས་བྱའོ། །གཉིས་པ་འདོད་ཉོན་དགུ་པའི་བག་ལ་ཉལ་ལ་ཆགས་བྲལ་སྔོན་དུ་སོང་བ་ལ་ཡང་སྔ་མ་བཞིན་དུ་གཉིས་སུ་ཕྱེ་ནས་མཚོན་བྱ་དོན་གྱི་ཕྱིར་མི་འོང་ཞུགས་གནས་སུ་འཇོག་པའི་ཤེས་བྱེད་གོང་མ་བཞིན་དུ་སྦྱར་རོ། །དེ་ལའང་གཉིས་ཏེ། འདོད་ཉོན་དགུ་པའི་བག་ལ་ཉལ་ཙམ་ཞིག་ལ་ཆགས་བྲལ་སྔོན་དུ་སོང་བ་དང༌། ཅི་ཡང་མེད་མན་ཆད་གང་ཡང་རུང་བ་ཅི་རིགས་པ་ལ་ཆགས་བྲལ་སྔོན་དུ་སོང་བའོ། །དང་པོ་ལ་ནི། མཚོན་བྱ་དོན་གྱི་ཕྱིར་མི་འོང་ཙམ་པོ་ཞེས་བྱ་ལ། འདི་ཉི་སྣང་དུ་མདོ་དང་སྦྱར་ཞིང༌། དོན་གསལ་དུ་ནི་རྐང་གྲངས་ཙམ་དུ་ཡང་བགྲངས་བ་མེད་ལ། གཉིས་ཀ་ལྟར་ཡང་ཉི་ཤུའི་གྲངས་སུ་མི་འདྲེན་བར་ནི་མཐུན་ནོ། །གཉིས་པ་ལ། བསམ་གཏན་དང་པོར་སྐྱེ་བ་དང༌། འགྲུབ་པའི་ཀུན་སྦྱོར་གྱི་བག་ལ་ཉལ་ལ་ཆགས་བྲལ་སྔོན་དུ་མ་སོང་བ་དང༌། སོང་བའི་དབྱེ་བས་གཉིས་ཡོད་པ་ལས། དང་པོ་ལ་ནི་བསམ་གཏན་དང་པོའི་བར་འདའ་བ་དང་སྐྱེས་འདའ་བར་འཇོག་ལ། གཉིས་པ་ལ་ཡང་དེ་བཞིན་དུ་སོ་སོར་ཕྱེ་ནས་བསམ་གཏན་བཞི་པའི་འདའ་བ་གཉིས་ཀྱི་བར་དུ་སྦྱར་ནས་ངོས་བཟུང་བར་བྱའོ། །ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བ་ནི་སྲིད་རྩེར་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་ཡིན་ཀྱང་གཟུགས་མེད་ཁམས་སུ་སྐྱེ་བ་ལེན་པ་ནི་མ་ཡིན་ཏེ། གཟུགས་མེད་ཀྱི་རྟེན་ཅན་གྱི་བྱང་སེམས་འཕགས་པ་མི་སྲིད་པའི་ཕྱིར་རོ། །གཟུགས་སུ་ཉེར་འགྲོའི་བྱང་ཆུབ་སེམས་དཔའ་ལ་བར་འདའ་བ། སྐྱེས་འདའ་བ། གོང་འཕོ་གསུམ་དུ་དབྱེར་ཡོད་ཀྱང༌། མཚོན་བྱེད་དཔེའི་སྐབས་བཞིན་དུ་འགལ་བ་ནི་མ་ཡིན་ཏེ། གཟུགས་ཁམས་ཀྱི་བར་དོའི་རྟེན་ལ་དང༌། སྔོན་དུས་ཀྱི་སྐྱེ་བ་གཅིག་དང་གཉིས་ལ་སོགས་པའི་རྟེན་ལ་སངས་རྒྱ་བའི་ཚུལ་སྟོན་པ་ལ་དེ་དང་དེའི་ཐ་སྙད་བཏགས་པའི་ཕྱིར་རོ། །མདོར་ན་ཕྱིར་འོང་དང་ཕྱིར་མི་འོང་དང༌། ཁམས་གོང་མར་ཉེར་འགྲོ་ལ་སོགས་པ་སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་བརྡ་སྦྱར་བ་དེ་དག་ནི། འདོད་སྲིད་ཀྱི་བག་ལ་ཉལ་དེ་དང་དེ་ལ་ཆགས་བྲལ་སྔོན་དུ་སོང་བ་དང༌། མ་སོང་བའི་སྒོ་ནས་བཞག་པ་ནི་འཕགས་པའི་དགོངས་པ་ཡིན་གྱི། བཅུ་དྲུག་པའི་རྗེས་སུ་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་ཚུལ་ལས་དེ་དང་དེར་འཇོག་པ་ནི་དེའི་དགོངས་པ་མ་ཡིན་ཏེ། དམན་ལམ་སྔོན་དུ་མ་སོང་བའི་མཐོང་ལམ་ནས་ཉོན་མོངས་པ་ཇི་སྙེད་པ་སྤངས་ཟིན་པ་ནི་དེའི་བཞེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་སློབ་དཔོན་གྱི་དགོངས་པ་བྱེ་བྲག་ཏུ་བཤད་པ་ནི། འཕགས་པའི་དགོངས་པར་ཇི་སྐད་བཤད་པ་དེ་དག་སློབ་དཔོན་གྱིས་ཀྱང་མི་བཞེད་པ་མ་ཡིན་མོད། ལུགས་སྔ་མ་དེའི་སྟེང་དུ་ཆགས་བྲལ་སྔོན་དུ་མ་སོང་བའི་རྣམ་གཞག་ཀྱང་སློབ་དཔོན་གྱིས་མཛད་པ་ཡིན་ཏེ། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། ཞེས་པའི་འགྲེལ་པ་ནས་འབྱུང་བ་ལྟར་ཁམས་གསུམ་གྱི་སྒོམ་སྤང་རྟོག་པ་ལ་དགུར་ཕྱེ་ནས། དེའི་གཉེན་པོ་བར་ཆད་མེད་ལམ་དགུ་པོ་དེས་རྟོག་པ་དགུ་སྤོང་བ་དང་མཉམ་དུ་འདོད་སྲིད་ཀྱི་བག་ལ་ཉལ་དགུ་སྤོང་བ་ཡིན་ལ། དེའི་ཚེ་དེས་དེའི་བག་ལ་ཉལ་དྲུག་པ་སྤངས་པ་ན་ཕྱིར་འོང་དང༌། དགུ་པ་སྤངས་པ་ན་ཕྱིར་མི་འོང་དང༌། བར་ཆད་མེད་པའི་རྩེ་སྦྱོར་གྱིས་གནས་ངན་ལེན་གྱི་དྲི་མ་སྤོང་བ་ལ་བརྩོན་པ་དེའི་ཚེ་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པར་འཇོག་པའི་ཕྱིར་རོ། །བྱང་སེམས་འཕགས་པས་འདོད་སྲིད་ཀྱི་བག་ལ་ཉལ་གཉིས་པོ་རིམ་གྱིས་སྤོང་དགོས་པ་ནི་མ་ཡིན་ཏེ། ཉན་ཐོས་སྡེ་པའི་འདོད་པ་ལྟར། ཁམས་གོང་འོག་གི་བདེན་པ་ལ་རིམ་གྱིས་དམིགས་ནས་ངོ་སྐལ་གྱི་སྤང་བྱ་སྤོང་བའི་ཚུལ་ནི་འདིར་འདོད་པ་མ་ཡིན་གྱི། ཁམས་གསུམ་གྱི་བདེན་པ་ལ་ཅིག་ཆར་དུ་དམིགས་ནས་སྤོང་བར་འདོད་པའི་ཕྱིར། དཔེར་ན། སྡུག་བསྔལ་ཆོས་བཟོད་ཀྱིས་ཁམས་གསུམ་གྱི་ཉོན་མོངས་ཅིག་ཆར་དུ་སྤོང་བ་བཞིན་ནོ། །ཞེས་བྱ་བ་འདི་བཞེད་དོ། །བདག་ཉིད་ཆེན་པོ་ལོ་ཙཱ་བ་ནི་བྱང་ཆུབ་སེམས་དཔའི་ཞུགས་གནས་བརྒྱད་པོ་ནི། ཉན་ཐོས་ལྟར་སྤངས་པ་དང༌། སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་འཆད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པ་དང༌། སྤྱོད་པ་ལ་ཞུགས་པ་དང༌། ཕྱིར་མི་ལྡོག་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱུན་ཞུགས་ཞུགས་གནས་ལ་སོགས་པའི་བརྡ་སྦྱར་ནས། དེའི་ནང་ཚན་སོ་སོའི་དབྱེ་བས་ཉི་ཤུར་འགྱུར་རོ། །ཞེས་འཆད་ལ། དེ་ལྟར་འཆད་པ་དེ་སློབ་དཔོན་གྱི་དགོངས་པ་དང་མི་སྦྱོར་ཞིང༌། སློབ་དཔོན་གྱི་འགྲེལ་པ་ཆེ་ཆུང་གཉིས་ཀའི་འཆད་ཚུལ་ལ་སྐྱོན་བརྗོད་པར་མཛད་དོ། །འོ་ན་བྱང་ཆུབ་སེམས་དཔའ་རྒྱུན་ཞུགས་ལ་སོགས་པ་འདི་དག་མཚན་ཉིད་པའམ། འོན་ཏེ་བཏགས་པ་བར་འཆད་ཅེ་ན། ཕྱིར་མི་ལྡོག་འཁོར་ལོའི་མདོ་ལས་ནི། བྱང་སེམས་ཀྱི་རྒྱུན་ཞུགས་སོགས་མཚན་ཉིད་པ་དང༌། རྒྱལ་བྱེད་ཚལ་ན་ཆུ་མེད་པ་ལ་ཆུ་ཡོད་པར་འཛིན་པའི་འདུ་ཤེས་འཁྲུལ་པ་དཔེར་བྱས་ནས། ཉན་ཐོས་ཀྱི་རྒྱུན་ཞུགས་སོགས་དེ་དང་དེ་མཚན་ཉིད་པ་མ་ཡིན་པར་བཤད་ལ། འཕགས་སེང་གིས་ཀྱང༌། མདོ་འདི་ཉིད་ཁུངས་སུ་མཛད་ནས། བྱང་ཆུབ་སེམས་དཔའ་ལ་རྒྱུན་ཞུགས་སོགས་མཚན་ཉིད་པ་ཡོད་པའི་བཤད་པ་མཛད་ལ། ཡང་ཉི་སྣང་དུ་བྱང་སེམས་ལ་སློབ་འབྲས་གསུམ་གྱི་མིང་གིས་འདོགས་པའི་ཆོས་གསུམ་ཀྱང་གསུངས་པས། དེ་དག་གི་དགོངས་པ་མི་འགལ་བར་འཆད་པའི་ཚུལ་གང་ཞེ་ན། མཚོན་བྱ་དོན་གྱི་རྒྱུན་ཞུགས་སོགས་མཚན་ཉིད་པ་ཡིན་པ་དང༌། ཆོས་མངོན་པ་ལས་གསུངས་པའི་རྒྱུན་ཞུགས་སོགས་བཏགས་པ་བར་འཇོག་པ་ནི་དགོངས་པའོ། །དེ་ཡང་ཇི་ལྟར་ཞེ་ན། གཅིག་ལ་དཔེར་མཚོན་པ་ནི། ཆགས་བྲལ་སྔོན་དུ་མ་སོང་བའི་བཅུ་དྲུག་པ་ལ་གནས་པའི་བྱང་སེམས་ཆོས་ཅན། མཚོན་བྱ་དོན་གྱི་རྒྱུན་ཞུགས་དངོས་ཡིན་ཏེ། རྒྱུན་ཞུགས་ཞེས་བྱ་བའི་མིང་དེ་ཁྱོད་ལ་འདོད་རྒྱལ་ཐོག་མར་སྦྱར་བའི་མིང་ཡིན་པའི་ཕྱིར། གང་དུ་སྦྱར་ན། ཕྱིར་མི་ལྡོག་འཁོར་ལོའི་མདོ་ལས་སོ། །འོ་ན་ཆགས་བྲལ་སྔོན་དུ་མ་སོང་བའི་བཅུ་དྲུག་པ་ལ་གནས་པའི་ཉན་ཐོས་ལ་ཡང་དེའི་མིང་གིས་བཏགས་ན། དེ་གཉིས་མིང་མཐུན་པར་འདོགས་པའི་རྒྱུ་མཚན་ཅི་ཡིན། མཐུན་པར་བཏགས་པ་ལ་དགོས་པ་ཅི་ཡོད། གཉིས་ཀ་རྒྱུན་ཞུགས་སོགས་དངོས་ཡིན་ནམ་ཞེ་ན། གཉིས་པོ་ལ་མིང་མཐུན་པར་འདོགས་པའི་རྒྱུ་མཚན་ནི། སྤངས་རྟོགས་ཆ་འདྲ་བའོ། །བཏགས་པའི་དགོས་པ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་གདུལ་བྱ་དམན་པའི་རིགས་ཅན་རྣམས་རྒྱུན་ཏུ་ཞུགས་པ་ནས། རང་སངས་རྒྱས་ཀྱི་སའི་བར་ལ་འགོད་ནུས་པར་ཤེས་པའི་དོན་དུའོ། །དེས་དེ་དེ་དང་དེ་ལ་འགོད་ནུས་པ་ཡིན་ཏེ། ཉན་རང་གི་སྤངས་རྟོགས་ཀྱི་རིགས་མཐའ་དག་བྱང་སེམས་ཀྱི་མཐོང་ལམ་ནས་རྫོགས་པའི་ཕྱིར་རོ། །གསུམ་པ་དངོས་ལ་གནོད་བྱེད་སྟོན་ཚུལ་ལ་གཉིས་ཏེ། ཕྱིར་མི་ལྡོག་འཁོར་ལོའི་མདོའི་རྗེས་སུ་འབྲངས་ནས། ཉན་ཐོས་ཀྱི་རྒྱུན་ཞུགས་སོགས་མཚོན་བྱ་དོན་གྱི་རྒྱུན་ཞུགས་སོགས་དངོས་ཡིན་པ་ལ་གནོད་བྱེད་དང༌། ཉི་སྣང་གི་རྗེས་སུ་འབྲངས་ནས། མངོན་པར་རྟོགས་པའི་རྒྱན་ནས་གསུངས་པའི་རྒྱུན་ཞུགས་སོགས། ཆོས་མངོན་པ་ནས་གསུངས་པའི་རྒྱུན་ཞུགས་སོགས་དངོས་ཡིན་པ་ལ་གནོད་བྱེད་དོ། །དང་པོ་ནི། ཆོས་མངོན་པ་ནས་གསུངས་པའི་རྒྱུན་ཞུགས་སོགས་ནི། ཤེས་ཕྱིན་གྱི་མདོ་དང་རྒྱན་སོགས་ཐུན་མོང་མ་ཡིན་པའི་སྡེ་སྣོད་ནས་འབྱུང་བའི་རྒྱུན་ཞུགས་སོགས་དངོས་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་དགེ་འདུན་དཀོན་མཆོག་ཏུ་མི་རུང་བའི་ཕྱིར། དེ་དག་ལ་དེར་ཞེན་པ་ནི། རྒྱལ་བྱེད་ཚལ་ན་ཆུ་མེད་པ་ལ་ཆུར་འདུ་ཤེས་པ་དང་འདྲའོ། །གཉིས་པ་ནི། རྒྱན་ནས་བཤད་པའི་རྒྱུན་ཞུགས་སོགས་འདི་དག་ཆོས་ཅན། མངོན་པ་ནས་གསུངས་པའི་རྒྱུན་ཞུགས་སོགས་དངོས་མ་ཡིན་ཏེ། དེ་ནས་གསུམ་པའི་དེ་དང་དེ་འཐོབ་བྱེད་ཀྱི་ལམ་གྱིས་ཐོབ་པ་མ་ཡིན་པའི་ཕྱིར། ཞེས་པའོ། །མདོར་ན། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པའི་སྐབས་འདི་ནས་བསྟན་པའི་རྒྱུན་ཞུགས་སོགས་གང་རུང་ཡིན་ན་མཚོན་བྱ་དོན་གྱི་རྒྱུན་ཞུགས་སོགས་གང་རུང་ཡིན་པས་ཁྱབ། དེ་ཡིན་ན་མཚོན་བྱེད་དཔེའི་རྒྱུན་ཞུགས་སོགས་སུ་འགལ་ཡང༌། སྤྱིར་དེ་དང་དེ་ཡིན་པར་འགལ་བ་མ་ཡིན་ཏེ། རྒྱན་འཆད་པའི་སྐབས་འདིར། མཚོན་བྱ་དོན་གྱི་དང༌། མཚོན་བྱའི་དཔེའི་རྒྱུན་ཞུགས་སོགས་གཉིས་ཀ་དེ་དང་དེ་མཚན་ཉིད་པར་ཁས་ལེན་དགོས་པའི་ཕྱིར། ཐེག་པ་ཐུན་མོང་གི་གཞུང་འཆད་པའི་སྐབས་སུ་ནི་དེ་ལྟར་ཁས་མི་ལེན་ཏེ། དེར་ནི་མཚོན་བྱ་དོན་གྱི་དེ་དང་དེ་ཡིན་ན་དེ་དང་དེར་འགལ་བའི་ཕྱིར་ཏེ། མངོན་པ་ཀུན་ལས་བཏུས་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས་རྒྱུན་དུ་ཞུགས་པར་མི་འགྱུར་ཞེ་ན། ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ལྟར་ན་མཚོན་བྱ་དོན་གྱི་སྐྱེས་བུ་ཆེན་པོ་བདུན། རང་སངས་རྒྱས་ཏེ་རྩ་བའི་དབྱེ་བ་བརྒྱད། ཡན་ལག་གི་དབྱེ་བ་ཉི་ཤུ་ལས། དང་པོ་རྒྱུན་ཞུགས་ཞུགས་པའི་མཚན་ཉིད་ནི། བདེན་པ་མངོན་པར་རྟོགས་པའི་ལམ་ལ་གནས་ཤིང༌། མཚོན་བྱ་དོན་གྱི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའོ། །དབྱེ་ན་རྗེས་འབྲང་གཉིས། མཚན་གཞི་ནི། ཤེས་བཟོད་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད་ནི། ཁམས་གསུམ་ཀའི་ཉོན་མོངས་པའི་སྟེང་གི་ཡང་སྲིད་འཕེན་བྱེད་ཀྱི་ནུས་པ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པ་གང་ཞིག ཕྱིར་འོང་གི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་མ་སྤངས་པའོ། །དབྱེ་ན་ཙམ་པོ་དང༌། ཁྱད་པར་ཅན་གཉིས་སོ། །དང་པོའི་མཚན་ཉིད། དེ་གང་ཞིག འདོད་པའི་ཁམས་སུ་སྐྱེ་བ་འགྲུབ་བྱེད་ཀྱི་ནུས་པ་ཆེན་པོའི་ཆེན་པོ་ཙམ་ཡང་མ་སྤངས་པའོ། །གཉིས་པའི་མཚན་ཉིད། དེ་གང་ཞིག དེ་ཙམ་ཞིག་སྤངས་པའོ། །དབྱེ་ན་ལྷ་དང་མིའི་རིགས་སྐྱེ་གཉིས་སོ། །ཕྱིར་འོང་ཞུགས་པའི་མཚན་ཉིད་ནི། ཕྱིར་འོང་གི་ཞུགས་ལམ་ལ་གནས་པའོ། །དེའི་ཞུགས་ལམ་ལ་གཉིས་ཏེ། ཆགས་བྲལ་སྔོན་དུ་སོང་བའི་དང༌། མ་སོང་བའིའོ། །དང་པོ་ནི། འདོད་ཉོན་དྲུག་པའི་བག་ལ་ཉལ་ལ་ཆགས་བྲལ་སྔོན་དུ་བཏང་ནས། ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །གཉིས་པ་ནི། མཐོང་ལམ་གྱི་རྗེས་སུ་འདོད་ཉོན་དྲུག་པའི་བག་ལ་ཉལ་སྤོང་བ་ལ་བརྩོན་པའོ། །སྔོན་སོང་གི་ཞུགས་པ་ལ་རྗེས་འབྲང་གཉིས་དང༌། དེ་མ་སོང་བའི་ཞུགས་པ་ལ་དད་ཐོབ་གཉིས་སོ། །དེའི་འབྲས་གནས་ཀྱི་མཚན་ཉིད་ནི། འདོད་ཉོན་དྲུག་པའི་ཡང་སྲིད་འགྲུབ་བྱེད་ཀྱི་བག་ལ་ཉལ་ཙམ་ཞིག་སྤངས་ཤིང༌། བཅུ་དྲུག་པའི་རྟོགས་པ་མངོན་དུ་བྱས་པའི་བྱང་སེམས་སོ། །དབྱེ་ན་ཆགས་བྲལ་སྔོན་དུ་སོང་མ་སོང་གི་དབྱེ་བས་གཉིས་དང༌། དེ་རེ་རེ་ལའང་ཙམ་པོ་དང༌། ཁྱད་པར་ཅན་ནོ། །གཉིས་པའི་མཚན་ཉིད་ནི། དོན་གྱི་ཕྱིར་འོང་གང་ཞིག འདོད་པའི་འདོད་ཆགས་བདུན་པའི་ཡང་སྲིད་འགྲུབ་བྱེད་ཀྱི་བག་ལ་ཉལ་སྤངས་པའོ། །དོན་གྱི་ཕྱིར་མི་འོང་ཞུགས་པའི་མཚན་ཉིད་ནི། བྱང་ཆུབ་སེམས་དཔའི་ཕྱིར་མི་འོང་གི་ཞུགས་ལམ་ལ་གནས་པའོ། །དེའི་ངོས་འཛིན་དང་དབྱེ་བ་སྔ་མའི་རིགས་པས་ཤེས་པར་བྱའོ། །དོན་གྱི་ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད་ནི། འདོད་ཉོན་དགུ་པའི་ཡང་སྲིད་འགྲུབ་བྱེད་ཀྱི་བག་ལ་ཉལ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པའི་བྱང་སེམས་སོ། །དབྱེ་ན་ཆགས་བྲལ་སྔོན་དུ་སོང་མ་སོང་གཉིས་དང༌། དེ་རེ་རེ་ལ་ཙམ་པོ་དང༌། ཁྱད་པར་ཅན་གཉིས་དང༌། ཕྱི་མ་ལའང་འདའ་བ་དང༌། གོང་འཕོ་གཉིས་དང༌། དང་པོ་ལ་བར་འདའ་བ་སོགས་བཞིའོ། །སོ་སོའི་མཚན་ཉིད་ནི། དོན་གྱི་ཕྱིར་མི་འོང་གང་ཞིག གཟུགས་ཁམས་ཀྱི་བར་དོའི་རྟེན་ལ་སངས་རྒྱ་བའི་བྱང་སེམས། ཞེས་སོགས་སོ། །གོང་འཕོའི་མཚན་ཉིད་ནི། དེ་གང་ཞིག ཁམས་གོང་དུ་སྐྱེ་བ་གཉིས་ལ་སོགས་པ་བླངས་ནས་སངས་རྒྱ་བའི་ཚུལ་སྟོན་པའོ། །དབྱེ་ན་འོག་མིན་འགྲོ་དང༌། སྲིད་རྩེ་འགྲོ་གཉིས་ལས། དང་པོ་ནི། དེ་གང་ཞིག གནས་གཙང་མའི་འོག་མིན་གྱི་རྟེན་ལ་སངས་རྒྱ་བའི་ཚུལ་སྟོན་པའོ། །དབྱེ་ན་འཕར་བ་སོགས་གསུམ་མོ། །དེ་དག་གི་མཚན་ཉིད་ནི། བསམ་གཏན་བཞི་པའི་དངོས་གཞི་ཐོབ་པའི་ཕྱིར་མི་འོང་གང་ཞིག བསམ་གཏན་གོང་མ་གསུམ་ལས་ཉམས་པའི་ཚུལ་བསྟན་ནས། ཕྱི་མ་ཚངས་རིས་སུ་སྐྱེས་ནས་དེའི་ཕྱི་མ་ཁོ་ན་ལ་འོག་མིན་དུ་སངས་རྒྱ་བའི་ཚུལ་སྟོན་པ་དང༌། སྔ་མ་ལྟར་སྦྱར་ནས། ཚངས་རིས་ནས་གནས་གཙང་མའི་འོག་མ་གསུམ་པོ་གང་རུང་དུ་སྐྱེས་ནས། དེའི་ཕྱི་མ་ཁོ་ན་ལ་འོག་མིན་གྱི་རྟེན་ལ་སངས་རྒྱ་བའི་ཚུལ་སྟོན་པ་དང༌། ཡང་སྔ་མ་ལྟར་སྦྱར་ནས་ཚངས་རིས་ནས་འོག་མིན་གྱི་བར་ཐམས་ཅད་དུ་རིམ་གྱིས་སྐྱེས་ཏེ། རྟེན་དེ་ལ་སངས་རྒྱ་བའི་ཚུལ་སྟོན་པའོ། །སྲིད་རྩེའི་མཐར་ཐུག་འགྲོ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱིར་མི་འོང་གང་ཞིག གཟུགས་ཁམས་དང་གཟུགས་མེད་པར་རིམ་གྱིས་སྐྱེས་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བའི་ཚུལ་སྟོན་པའོ། །གཟུགས་ཀྱི་ཆགས་བཅོམ་གྱི་མཚན་ཉིད་ནི། དེ་གང་ཞིག གཟུགས་སུ་སྐྱེ་བ་མི་ལེན་པར། གཟུགས་མེད་དུ་སྐྱེ་བའི་ཚུལ་བསྟན་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བའོ། །གཉིས་པོ་འདི་མཚོན་བྱ་དོན་གྱི་ཚེ་འགལ་བ་མ་ཡིན་ཏེ། དེའི་ཚེ་སྲིད་རྩེ་འགྲོ་ཡིན་ན་གཟུགས་ལ་ཆགས་བྲལ་བྱས་པས་ཁྱབ་པའི་ཕྱིར། གཉིས་པོ་ལ་དབྱེ་ན། མཐོང་ཆོས་ཞི་དང༌། ལུས་མངོན་བྱེད་དོ། །གཉིས་པོའི་མཚན་ཉིད་ནི། མཚོན་བྱ་དོན་གྱི་ཕྱིར་མི་འོང་གང་ཞིག ལུས་རྟེན་དེ་ཉིད་ལ་སངས་རྒྱ་བའི་ཚུལ་སྟོན་པ་དང༌། དེ་གང་ཞིག མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཇི་ལྟར་འདོད་པ་བཞིན་སྙོམས་པར་འཇུག་པའོ། །དགྲ་བཅོམ་ཞུགས་པའི་མཚན་ཉིད་ནི། མཚོན་བྱ་དོན་གྱི་དགྲ་བཅོམ་པའི་ཞུགས་ལམ་ལ་གནས་པའོ། །དེ་ཡང་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གིས་ཐོབ་པའི་དགྲ་བཅོམ་ཞུགས་པ་ཡིན་ན་ནི། སྲིད་རྩེའི་ཉོན་མོངས་དགུ་པའི་བག་ལ་ཉལ་སྤོང་བ་དེའི་ཚེ་དེར་འཇོག་ལ། དེ་སྔོན་དུ་མ་སོང་བ་ཞིག་ཡིན་ན་ནི། བར་ཆད་མེད་པའི་རྩེ་སྦྱོར་ལ་གནས་པ་དེའི་ཚེའོ། །བཞི་པ་མཚོན་བྱ་དོན་གྱི་རང་སངས་རྒྱས་ཀྱི་མཚན་ཉིད་ནི། ཉན་ཐོས་དང༌། སངས་རྒྱས་མི་བཞུགས་པའི་ཞིང་དུ་རང་བྱང་ཆུབ་པའི་ཚུལ་སྟོན་པའི་བྱང་སེམས་སོ། །འདིར་སྨྲས་པ། དགེ་མི་དགེ་བའི་མཚན་རྟོག་མི་མངའ་ཡང༌། །དགེ་མཚན་དགེ་བའི་བློ་ལ་རབ་གསལ་བའི། །དགེ་འདུན་དགེ་ཚོགས་འཕེལ་བའི་རྣམ་བཤད་ཀྱི། །དགེ་ལེགས་དགེ་སྦྱོང་ཚུལ་གྱི་འབྲས་བུར་བསྔོ།།  །།གཉིས་པ་ཐོབ་བྱ་སྒྲུབ་པའི་འབྲས་བུ་ལ། རྟེན་དང༌། བརྟེན་པའི་རྣམ་པར་བཞག་པའོ། །དང་པོ་ལ་ལུས་ཀྱི་རྟེན་དང༌། སེམས་ཀྱི་རྟེན་ནོ། །དང་པོ་ནི། གླིང་གསུམ་གྱི་སྐྱེས་པ་བུད་མེད་དང༌། འདོད་ལྷ་རིགས་དྲུག་པོ་དག་གོ །ཁ་ཅིག་ན་རེ། ཁམས་གོང་མའི་རྟེན་ལ་སྦྱོར་ལམ་གསར་དུ་སྐྱེ་བ་མེད་ཀྱང༌། སྐྱེས་ཟིན་གནས་པ་ཡོད་དེ། བསམ་གཏན་གྱི་དངོས་གཞི་ཐོབ་པའི་སྦྱོར་ལམ་པ་ཁམས་གོང་དུ་སྐྱེ་བ་ཡོད་པའི་ཕྱིར། ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། དེར་དེ་ཡོད་པར་སྟོན་པའི་ཐེག་པ་ཆེན་པོའི་ལུང་མེད་པའི་ཕྱིར་དང༌། མཛོད་འགྲེལ་དུ། སྦྱོར་ལམ་པ་ཁམས་གོང་དུ་སྐྱེ་བ་ཞིག་ཡོད་པར་དོན་གྱིས་ཐོབ་ཀྱང༌། དེ་འདོད་པ་ནས་འཆི་འཕོ་བའི་ཚེ་དེ་བཏང་བར་འཆད་དགོས་ཤིང༌། གོང་མའི་རྟེན་ལ་སྦྱོར་ལམ་གསར་དུ་སྐྱེ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི་བསམ་གཏན་ས་དྲུག་པོ་གང་རུང་ངོ༌། །གཉིས་པ་ལ། མཚན་ཉིད་དང༌། དབྱེ་བ་སོ་སོའི་ངོ་བོ་དང༌། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཆོས་ཉིད་ལ་བློ་རིས་གང་ཡིན་དཔྱད་པའོ། །དང་པོ་ནི། རང་རྒྱུ་ཐེག་ཆེན་གྱི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང༌། རང་འབྲས་ཐེག་པ་ཆེན་པོའི་མཐོང་ལམ་མ་སྐྱེས་གོང་གི་བདེན་པ་མངོན་སུམ་དུ་རྟོགས་པ་དང་དམིགས་རྣམ་རྗེས་སུ་མཐུན་པའི་ལམ་མོ། །གཞན་དག ཆོས་ཉིད་ལ་དོན་སྤྱིའི་ཚུལ་གྱིས་སྒོམ་བྱུང་གཙོ་བོར་གྱུར་པའི་མཁྱེན་པ་ཞེས་ཟེར་བ་ནི། མཚན་ཉིད་དང༌། མཚན་གཞིའི་ཤན་མ་ཕྱེད་པའི་སྐྱོན་ཡིན་ཏེ། ཐེག་ཆེན་སྦྱོར་ལམ་གྱི་རང་ལྡོག་ནས་སྒོམ་བྱུང་གཙོ་ཆེ་བ་ཡིན་ཀྱང༌། དེ་ལ་དེས་ཁྱབ་པར་ཁས་བླངས་ན་དེའི་ངོ་བོར་གྱུར་པའི་ཐོས་བསམ་གྱི་ཤེས་རབ་དང༌། རྗེས་ཐོབ་ཡེ་ཤེས་དང༌། དམན་ལམ་སྔོན་དུ་སོང་བའི་རྣལ་འབྱོར་མངོན་སུམ་ཡང་མི་སྲིད་པར་ཐལ་བའི་ཕྱིར་རོ། །དེའི་རྒྱུད་ཀྱི་ལམ་གང་ཡིན་སྦྱོར་ལམ་དུ་འཆད་དགོས་ཏེ། གཞན་དུ་ན་ལམ་ལྔའི་གྲངས་ངེས་འཇིག་པའི་ཕྱིར་དང༌། དེའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་དང༌། སྙིང་རྗེ་ཆེན་པོ་སོགས་ཀྱང་ཐེག་ཆེན་གྱི་སྦྱོར་ལམ་མ་ཡིན་པར་འགྱུར་རོ། །གཉིས་པ་ལ། སོ་སོའི་ངོས་འཛིན། རྒྱན་སྣང་དུ། མདོ་སྡེའི་རྒྱན་ལས་འབྱུང་བ་བཞིན་ཁས་བླངས་པའི་ཚུལ་དང༌། འགྲེལ་པ་དོན་གསལ་དུ། མདོ་དང་རྒྱན་གྱི་དགོངས་པ་ཉིད་ཐད་སོར་བཞག་ནས་ཁས་བླངས་པའི་ཚུལ་ལོ། །དང་པོ་ནི། མདོ་སྡེའི་རྒྱན་ལས། དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་པས་དྲོད་བསྟན་པ་ཡིན་ལ། དེའི་དོན་ནི། དོན་གྱི་རྣམ་པ་སྣང་བ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་དངོས་སུ་མཐོང་བ་མེད་པར་རྟོགས་ནས་སྒོམ་པའོ། །ཡང་དེ་ཉིད་ལས། ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར། །བརྩོན་འགྲུས་བརྟན་པོ་ཀུན་ཏུ་རྩོམ། །ཞེས་པས་རྩེ་མོ་བསྟན་ནོ། །དོན་ནི། སྔ་མ་དེ་ཉིད་ལ་གསལ་སྣང་མཆེད་པའི་ཚུལ་གྱིས་སྒོམ་པའོ། །ཡང་དེ་ཉིད་ལས། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་དུ་སྣང་བ་ནི། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་འདི་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་པས་ནི་བཟོད་པ་བསྟན་པ་ཡིན་ལ་དོན་ནི། བཟོད་པའི་ངོ་བོ་ནི་དོན་དུ་སྣང་བ་སེམས་སུ་རྟོགས་ནས་སྒོམ་པ་ཞིག་ཡིན་ལ། བྱེད་ལས། གཟུང་བ་ཕྱི་རོལ་གྱི་དོན་དུ་ཞེན་པའི་རྣམ་རྟོག་སྤོང་བའོ། །ཡང་དེ་ཉིད་ལས། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང༌། །ཞེས་པས་ཆོས་མཆོག་བསྟན་པ་ཡིན་ལ། དོན་ནི། ཆོས་མཆོག་གི་ངོ་བོ་ནི། དོན་དུ་སྣང་བ་སེམས་སུ་ཡང་མི་བདེན་པར་རྟོགས་ནས་སྒོམ་པ་ཞིག་ཡིན་ལ། བྱེད་ལས་ནི། འཛིན་པའི་རྣམ་པར་གཡེང་བ་སྤོང་བའོ། །དེ་ཡང་འདི་ལྟར་བཤད་ན་གོ་བདེ་བ་ཡིན་ཏེ། དྲོད་དུ་དོན་སྣང་གི་ཤེས་པ་ལ་ཕྱི་རོལ་དོན་གྱི་རྣམ་པ་ཙམ་ཞིག་སྣང་བར་རྟོགས་པ་དང༌། རྩེ་མོར་དོན་དུ་སྣང་བ་སེམས་སུ་རྟོགས་པ་དང༌། བཟོད་པར་བཟུང་བའི་རྣམ་གཡེང་སྤོང་བ་དང༌། ཆོས་མཆོག་ཏུ་འཛིན་པའི་རྣམ་གཡེང་སྤོང་བའོ། །དེ་ལ་གཟུང་རྟོག་སྤོང་བའི་རིགས་པ་ནི་གཉིས་ཏེ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྣང་བ་སེམས་སུ་བསྒྲུབས་ནས་དེ་ལས་ཕྱི་རོལ་གྱི་དོན་མེད་པར་རྟོགས་པ་དང༌། གསལ་ཞིང་རིག་པའི་རྟགས་ཀྱིས་སྣང་བ་སེམས་སུ་བསྒྲུབས་ནས་དེ་ལས་ཕྱི་རོལ་གྱི་དོན་མེད་པར་རྟོགས་པའོ། །འཛིན་རྟོག་སྤོང་བའི་རིགས་པ་ནི་གཅིག་སྟེ། གཟུང་བ་མེད་པའི་རྟགས་ཀྱིས་དེ་འཛིན་གྱི་སེམས་ཀྱང་མི་བདེན་པར་བསྒྲུབས་ནས་རྟོགས་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྦྱོར་ལམ་མཉམ་གཞག་ཏུ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་པར་རྟོགས་པ་ཞེས་བྱ་ལ། དེའི་ཚེ་དེ་དེ་ལ་རང་རིག་པའི་མངོན་སུམ་ལས་འོས་གཞན་མེད་དེ། རིག་བྱ་དང་རིག་བྱེད་གཉིས་ཀ་རྒྱུད་གཅིག་གིས་བསྡུས་པའི་མྱོང་བྱ་དང་མྱོང་བྱེད་དུ་དམིགས་པའི་ཕྱིར་རོ། །དེ་ཉིད་མཐོང་ལམ་དུ་སོན་པའི་ཚེ་ནི། རང་རིག་པའི་མངོན་སུམ་ཁོ་ནར་མ་ཟད། རྣལ་འབྱོར་མངོན་སུམ་དུ་ཡང་བཞག་གོ །དེ་ལྟར་ན་ལུགས་འདི་ལ་ནི་གཟུང་བའི་རྣམ་པར་རྟོག་པ་ནི་དྲོད་རྩེ་བཟོད་པ་གསུམ་ཆར་གྱིས་སྤོང་ལ། འཛིན་པའི་རྣམ་པར་རྟོག་པ་ནི་ཆོས་མཆོག་གཅིག་པུས་སྤོང་ངོ༌། །ལུགས་འདི་ནི་རྣལ་འབྱོར་སྤྱོད་པ་པ་དག་གིས་མངོན་པར་རྟོགས་པའི་རྒྱན་འཆད་པའི་ཚུལ་ཡིན་ལ། དེའི་ཚེ་རང་རྒྱལ་གྱི་ལྟ་བ་ལས་ཐེག་ཆེན་གྱི་ལྟ་བ་ཁྱད་པར་དུ་འཕགས་པའི་ཚུལ་ཡང༌། རང་རྒྱལ་གྱིས་ནི་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ཙམ་ཞིག་རྟོགས་ཀྱི། གཟུང་འཛིན་གཉིས་ཀྱིས་སྟོང་པའི་དེ་ཁོ་ན་ཉིད་མ་རྟོགས་པར་འཆད་དགོས་པ་ཡིན་ནོ། །གཉིས་པ་ནི། དམིགས་པ་དང་ནི་རྣམ་པ་དང༌། །ཞེས་སོགས་ཀྱིས་བསྟན་པའི་ཁྱད་ཆོས་ལྔས་ཁྱད་པར་དུ་བྱས་པའི་ངེས་འབྱེད་ཆ་མཐུན་དེ། འདིར་བསྟན་ངེས་འབྱེད་ཆ་མཐུན་ཙམ་གྱི་མཚན་ཉིད་དང༌། དམིགས་པ་མི་རྟག་ལ་སོགས་པ། །ཞེས་སོགས་ཀྱིས་བསྟན་པའི་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་དང་ལྡན་པའི་ངེས་འབྱེད་ཆ་མཐུན་དེ། འདིར་བསྟན་ངེས་འབྱེད་ཆ་མཐུན་དྲོད་ཀྱི་མཚན་ཉིད། ཅེས་སོགས་སུ་སྦྱར་བར་བྱ་ཞིང༌། དེ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །བཅུ་གཉིས་པོའི་དམིགས་རྣམ་གྱི་ཁྱད་པར་ནི། སྔ་མ་སྔ་མའི་འཛིན་སྟངས་ཀྱི་བཟུང་བྱ་དེ་ཉིད་ཕྱི་མ་ཕྱི་མའི་དམིགས་པར་བཟུང་ནས་སྒྲོ་འདོགས་གཅོད་པའོ། །ཞེས་ཤེར་འབྱུང་བློ་གྲོས་འཆད་དོ། །དེ་ལྟར་ལུགས་གཉིས་ལས། འཕགས་སེང་གི་འཆད་ཚུལ་རང་ལུགས་སུ་འཇོག་པའི་སྐབས་འདིར་ནི། ཕྱི་མ་ལྟར་ཁས་བླངས་དགོས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས་འབྱུང་བ་དེ་ནི། འཁོར་ལོ་བར་པའི་དགོངས་པ་གཞན་སྟོང་གི་ཚུལ་དུ་འགྲེལ་བའི་ལུགས་ཡིན་པའི་ཕྱིར་དང༌། དེར་རང་རྒྱལ་ལ་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་ཀྱང༌། སྣང་བ་སེམས་སུ་རྟོགས་པ་མེད་པའི་དབང་དུ་མཛད་ནས། ཐེག་ཆེན་གྱི་ངེས་ཆའི་ངོས་འཛིན་དེ་ལྟར་མཛད་པ་ཡིན་ལ། འཕགས་སེང་གི་ལུགས་འདིར་ནི། དེ་ནས་འབྱུང་བའི་དྲོད་རྩེ་བཟོད་པ་གསུམ་གྱི་ལྟ་བ་དེ་ཙམ་ཞིག་རང་རྒྱལ་ལ་ཡོད་པར་འཆད་དགོས་པའི་ཕྱིར་དང༌། སྐབས་བཞི་པར་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་རང་རྒྱལ་གྱི་མཉམ་གཞག་འཆད་པའི་སྐབས་སུ་ནི། རང་གི་རྟོགས་པ་ལ་རློམ་པ་མེད་ཅེས་རང་རྒྱལ་ལ་གཟུང་འཛིན་གཉིས་སྟོང་གི་ལྟ་བ་ཡོད་པ་ལྟ་བུར་ཡང་བཤད་པས་སོ། །གསུམ་པ་བློ་རིས་དཔྱད་པ་ནི། ཐེག་པ་ཆེ་ཆུང་གི་སྦྱོར་ལམ་གང་ཡིན་ཀྱང་རུང༌། དེ་དང་དེའི་མཉམ་གཞག་ཡེ་ཤེས་གང་ཡིན་པ་དེ་ཡུལ་བདག་མེད་པ་གཉིས་པོ་གང་རུང་ལ་ཚད་མ་གཉིས་དང༌། ཚད་མིན་གྱི་བློ་རིས་གསུམ་མམ། ལྔར་ཕྱེ་བ་དེ་ལས་གང་ཡིན་དཔྱད་དགོས་པ་ཡིན་ཏེ། དེ་དག་གང་དུ་ཁས་བླངས་ཀྱང་དཀའ་བའི་གནས་ས་གྱུར་པའི་ཕྱིར། དེ་ཡང་འདི་ལྟར། མངོན་སུམ་དུ་ཁས་བླངས་ན་ནི་རྣལ་འབྱོར་པའི་མངོན་སུམ་ལས་མ་འདས་པས། འཕགས་པའི་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ། །རྗེས་དཔག་ཏུ་ཁས་བླངས་ན་ནི་དེ་གསར་ཏུ་རྟོགས་པ་དང༌། ཐོས་བསམ་གྱི་ཤེས་པ་ཉིད་དུ་ཐལ་བར་འགྱུར་རོ། །མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་པོ་གང་རུང་དུ་ཁས་བླངས་ན་ནི། ཆོས་ཉིད་ཚད་མའི་སྟོབས་ཀྱིས་རྟོགས་པ་མ་ཡིན་པར་འགྱུར་རོ། །ཡིད་དཔྱོད་དུ་ཁས་བླངས་ན་ཡང་ཉེས་པ་དེ་ཉིད་དུ་འགྱུར་ལ། བཅད་ཤེས་སུ་ཁས་བླངས་ན་ནི་རྟོག་པ་བཅད་ཤེས་ལས་འོས་མེད་པས་སྒྲ་དོན་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། སྤང་བྱ་ཉིད་དུ་ཐལ་བར་འགྱུར་རོ། །འོ་ན་ཅི་ཞེ་ན། དེ་དེ་ལ་ལྟོས་ན་ནི་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་ཡང་མ་ཡིན་ནོ། །དེའི་ཤེས་བྱེད་ལ་གསུམ་སྟེ། རྟོག་པ་མ་ཡིན་པའི་དང༌། རྟོག་མེད་ཀྱི་ཤེས་པ་མ་ཡིན་པའི་ཤེས་བྱེད་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་ལུང་དང་རིགས་པ་གཉིས་ལས། དང་པོ་ནི། རྩ་བར། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་དང༌། དེའི་དོན་འགྲེལ་དུ། མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། ཞེས་དང༌། རྩ་བར་རྣམ་པར་མི་རྟོག་པ་ཞེས་དང༌། དེའི་འགྲེལ་པར། རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པ་ཉིད་ཀྱིས། ཞེས་གསུངས་སོ། །རིགས་པ་ནི། མྱུ་གུ་ལ་སོགས་བདེན་སྟོང་དུ་རྟོགས་པའི་དྲོད་ཀྱི་ཡེ་ཤེས་དེ་བདེན་སྟོང་དུ་ཞེན་པའི་བློ་ཡིན་ན། དེ་ལ་བཏགས་པ་ཙམ་དུ་ཞེན་པའི་བློར་འགྱུར་ལ། དེ་ཡང་དེ་ལྟ་ན་བཏགས་འཛིན་རྟོག་པ་ཉིད་དུ་ཐལ་བར་འགྱུར་བ་དང༌། སྟོང་པ་ཉིད་དུ་མཚན་མར་འཛིན་པའི་བློ་ཡིན་པའི་ཕྱིར་ན། གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་སུ་ཐལ་བར་འགྱུར་བ་དང༌། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་མ་ཡིན་པར་འགྱུར་ལ། དེ་ལྟ་ན་ནི་དེའི་རྣམ་པ་ཅན་གྱི་མཐོང་ལམ་དང་དམིགས་རྣམ་རྗེས་སུ་མཐུན་པ་མ་ཡིན་པར་འགྱུར་བ་དང༌། སྟོང་པ་ཉིད་ལ་རློམ་པ་རྣམ་བཞི་བཀག་པའི་སྦྱོར་བ་མ་ཡིན་པར་འགྱུར་ཏེ། སྟོང་པ་ཉིད་དུ་ཞེན་པའི་བློ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ལུང་དང༌། རིགས་པ་གཉིས་ལས། ལུང་ནི། འདིར་རྣམ་རྟོག་བཞི་པོ་ལྡན་བསྟེན་པ། །ཞེས་དགག་པའི་རྣམ་པ་ཅན་གྱི་རྟོག་པ་བཞི་དང་མཚུངས་ལྡན་དུ་བཤད་པ་དང༌། མདོ་སྡེ་རྒྱན་ལས། རྟོག་མིན་མི་རྟོག་མ་ཡིན་པ། །ཞེས་གསུངས་ལ། དེའི་དོན་ཡང་སྦྱོར་ལམ་གྱི་ཡེ་ཤེས་དེ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་མ་ཡིན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་མ་ཡིན་ཞེས་བྱ་བའི་དོན་ཡིན་ལ། དེའི་ཤེས་བྱེད་ཀྱང་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་མ་ཡིན་པ་དང༌། ཆོས་ཉིད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ན་འདས་ལམ་དུ་ཐལ་བས་སོ་སྙམ་དུ་དགོངས་པའོ། །རིགས་པ་ནི། ཆོས་དེ་ལ་རྟོག་མེད་ཀྱི་ཤེས་པ་ཡིན་ན་དེའི་རང་མཚན་གསལ་བར་མཐོང་དགོས་པ་ཡིན་ཏེ། ཇི་སྐད་དུ། རྟོག་པའི་དྲྭ་བ་རྣམ་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་གསུངས་པས་སོ། །སྦྱོར་ལམ་མཉམ་གཞག་ཡེ་ཤེས་ལ་ནི་ཡུལ་བདག་མེད་པའི་དོན་རང་མཚན་གསལ་བར་སྣང་བ་མ་ཡིན་ཏེ། ཡུལ་བདག་མེད་ཀྱི་རང་ལྡོག་ནས་ནི་རང་མཚན་མ་ཡིན་ལ། ཡུལ་དང་ཡུལ་ཅན་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་དུ་འདྲེས་པ་ནི་དེའི་ཚེ་མེད་པའི་ཕྱིར་དང༌། དེ་གཉིས་དེར་འདྲེས་པ་དེའི་ཚེ་ནི་ཡུལ་ཅན་ཡེ་ཤེས་དེ་ལ་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་བྱ་ཞིང༌། བདག་མེད་མངོན་སུམ་དུ་མཐོང་བ་དང༌། དེའི་དོན་རང་མཚན་གསལ་བར་མཐོང་བ་ཞེས་བྱ་སྟེ། ཡེ་ཤེས་དེའི་མངོན་སུམ་དུ་རིག་བྱ་དེ། དབྱིངས་རིག་དབྱེར་མེད་ཀྱི་ངོ་བོར་གནས་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ལ་བཞི་སྟེ། དོན་དེ་ལ་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་རུང་མ་ཡིན་ན། དོན་དེ་མ་རྟོགས་པར་ཐལ་བའི་རྩོད་པ་སྤང་བ་དང༌། ཆོས་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་རྒྱུ་མཚན་གྱིས་དེ་ལ་རྟོག་པ་ཡིན་པར་ཐལ་བའི་རྩོད་པ་སྤང་བ་དང༌། དགག་རྟོག་དང་མཚུངས་པར་ལྡན་པའི་རྒྱུ་མཚན་གྱིས་དགག་རྟོག་ཏུ་ཐལ་བའི་རྩོད་པ་སྤང་བ་དང༌། རྟོག་པ་དང་བྲལ་བའི་རིག་པ་ཡིན་པའི་རྒྱུ་མཚན་གྱིས་མངོན་སུམ་དུ་ཐལ་བ་སྤང་བའོ། །དང་པོ་ནི། འོ་ན་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དེས་བདག་མེད་མ་རྟོགས་པར་ཐལ་བ་དང༌། དེ་ཡུལ་དུ་བྱེད་པའི་ཤེས་པ་མ་ཡིན་པར་འགྱུར་ཏེ། དེ་ལ་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་རུང་མ་ཡིན་པའི་ཕྱིར། ཞེ་ན། ལན་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། སངས་རྒྱས་ཀྱི་ཡེ་ཤེས་དེས་དོན་སྤྱི་དང༌། ལྡོག་པ་གཞན་སེལ་དང༌། ཤིན་ཏུ་ལྐོག་གྱུར་དང༌། ཀུན་རྫོབ་ཀྱི་བདེན་པ་རྣམས་མ་རྟོགས་པ་དང༌། ཡུལ་དུ་བྱེད་པའི་བློ་མ་ཡིན་པར་འགྱུར་ཏེ། དེ་དག་ལ་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་རུང་མ་ཡིན་པའི་ཕྱིར། དེ་དག་གི་ཤེས་བྱེད་ཀྱང༌། སྤྱི་མཚན་དངོས་ཡུལ་དུ་བྱེད་པའི་རྟོག་མེད་ཀྱི་ཤེས་པ་མི་སྲིད་པའི་ཕྱིར་དང༌། སངས་རྒྱས་རང་སྣང་ལ་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བའི་ཕྱིར། གལ་ཏེ་འཆར་ན་ཡེ་ཤེས་དེས་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པ་ལ་སྒྲིབ་བྱེད་ཡོད་པར་འགྱུར་དེ། རང་སྣང་ལ་དེ་འཆར་བའི་ཕྱིར། འཕགས་པ་སློབ་པའི་རྗེས་ཐོབ་བཞིན་ནོ། །གཉིས་པ་ལ་ལུང་དང༌། རིགས་པ་གཉིས་ལས། དང་པོ་ནི། མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་གསུངས་ལ། དེའི་དོན་ཡང༌། སྤྱིའི་རྣམ་པས་མི་མོས་ཤིང༌། མངོན་སུམ་གྱི་རྣམ་པས་ཡོངས་སུ་མི་ཤེས་པ་ལ་འཆད་དགོས་པའི་ཕྱིར་ན། བཟོད་པའི་མཉམ་གཞག་ནི་ཆོས་ཉིད་ལ་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་དུའང་མི་རུང་ངོ༌། །རྟོག་གེ་ལ་གྲགས་པའི་རྟོག་པ་དང་རྟོག་མེད་གཉིས་པོ་གང་རུང་གི་ནང་དུ་འདུ་བ་མ་ཡིན་ཏེ། དེ་གཉིས་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཁོ་ནའི་དབང་དུ་བྱས་པ་ཡིན་པས། ཡེ་ཤེས་ཇི་སྙེད་པ་དེའི་ནང་དུ་མི་འདུ་བའི་ཕྱིར་དང༌། དཔེར་ན། ཀུན་གཞིའི་རྣམ་པར་ཤེས་པ་དང༌། ཡུལ་གྱིས་ཁ་མ་སྒྱུར་བའི་མྱོང་བ་གསལ་རིག་གི་ཆ་དེ་དེ་གཉིས་གང་དུ་ཡང་མི་འདུ་བ་བཞིན་ནོ། །གཞན་ཡང་ཐེག་ཆེན་གྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་དེས་སྟོང་ཉིད་མ་རྟོགས་པར་འགྱུར་ཏེ། དེ་དེ་ལ་རྟོག་པ་ཡང་མ་ཡིན་རྟོག་མེད་ཀྱི་ཤེས་པ་ཡང་མ་ཡིན་པའི་ཕྱིར། དེ་དེ་ལ་རྟོག་པའམ་རྟོག་མེད་ཀྱི་ཤེས་པ་ཡིན་ན་ནི་ཡེ་ཤེས་རྟོག་པར་ཐལ་བ་དང༌། ཆོས་ཉིད་རང་མཚན་དུ་ཐལ་བ་གང་རུང་ལས་མ་འདས་སོ། །གཉིས་པ་ནི། གལ་ཏེ་ཐེག་པ་ཆེ་ཆུང་གི་སྦྱོར་ལམ་མཉམ་གཞག་ཆོས་ཅན། རྟོག་པ་ཡིན་ཏེ། བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཡིན་པའི་ཕྱིར། དེ་ཡིན་ཏེ། དེ་རྟོག་པ་གང་ཞིག མངོན་སུམ་དུ་མ་རྟོགས་པའི་ཕྱིར། ཞེ་ན། ཆོས་ཉིད་རྟོགས་ན་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགལ་བ་ཡིན་ཏེ། ཆོས་ཉིད་ཀྱི་དོན་སྤྱི་ཆོས་ཉིད་མ་ཡིན་པའི་ཕྱིར་དང༌། དོན་སྤྱི་དངོས་ཡུལ་དུ་བྱེད་པའི་བློ་ཡིན་ན་གཉིས་སྣང་ཅན་གྱི་ཤེས་པ་ཡིན་དགོས་ལ། དེ་ཡིན་ན་ཆོས་ཉིད་རྟོགས་པའི་བློ་ཡིན་པར་འགལ་བའི་ཕྱིར། གཞན་ཡང་མདོ་སྡེ་པ་ལྟར་ན། སྔོ་འཛིན་དབང་པོས་མངོན་སུམ་གྱིས་སྔོན་པོ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། དེས་དེ་རྟོགས་པ་གང་ཞིག མངོན་སུམ་དུ་མ་རྟོགས་པའི་ཕྱིར། དེས་དེ་རྟོགས་པ་ཡིན་ཏེ། དེ་ལ་དེའི་རྣམ་པ་ཤར་བའི་ཕྱིར་ཏེ། དེས་དེ་དངོས་སུ་རྟོགས་ན་ནི། །དེའི་དབང་གིས་དེ་བཞག་ཕྱིར། །ཞེས་དང༌། ཕྱི་རོལ་དོན་ནི་དངོས་སུ་མིན། །ཞེས་གསུངས་སོ། །དེར་མ་ཟད་ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་འདི་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། དེ་རྟོགས་པ་གང་ཞིག མངོན་སུམ་དུ་མ་རྟོགས་པའི་ཕྱིར། གལ་ཏེ་དེ་དངོས་སུ་རྟོགས་ན་ནི། སྒྲའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་སྒྲ་མངོན་སུམ་དུ་རྟོགས་ན་ནི་སྒྲ་དེ་ཆོས་ཀྱི་སྐྱེ་མཆེད་དུ་ཐལ་བར་འགྱུར་རོ། །དེས་དེ་རྟོགས་པ་ནི་ཡིན་ཏེ། དེས་དེ་ལ་དམིགས་ནས་དེའི་གནས་ལུགས་རྟོགས་པའི་ཕྱིར་རོ། །ཡང་དག་པར་ན་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། ཆོས་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། དེ་རྟོགས་པ་གང་ཞིག མངོན་སུམ་དུ་མ་རྟོགས་པའི་ཕྱིར། དེ་རྟོགས་པ་ཡིན་ཏེ། དེའི་རྣམ་པ་ཤར་བའི་ཕྱིར་ཏེ། ཆོས་ཉིད་ཀྱི་ཤེས་རྣམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན་རྟོག་པར་འགྱུར་ཏེ། མེད་པར་དགག་པའི་དངོས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། འོ་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐ་སྙད་འཇིག་པར་འགྱུར་རོ། །ཞེ་ན། ཡང་དག་པར་ན་འཇིག་པ་ཡང་ཡིན་ཏེ། སྔོན་པོའི་རྣམ་པ་ཤར་བ་ལ་སྔོན་པོ་མངོན་སུམ་དུ་རྟོགས་པར་ཐ་སྙད་བྱས་པ་བཞིན་དུ། དེ་བཞིན་ཉིད་ཀྱི་ཤེས་རྣམ་མངོན་སུམ་དུ་རྟོགས་པ་ལ་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཐ་སྙད་བྱས་པའི་ཕྱིར། དེས་ན་སྔོར་སྣང་དབང་ཤེས་དེ་དཔྱད་ན་རང་རིག་པར་འཇོག་པ་བཞིན་དུ། སྟོང་པ་ཉིད་ཀྱི་ཡུལ་ཅན་གྱི་མཉམ་གཞག་ཡེ་ཤེས་ཀྱང་དཔྱད་ན་སོ་སོར་རང་རིག་པའི་ཡེ་ཤེས་སུ་འཇོག་པ་ཡིན་ནོ། །འོ་ན་དེས་དེ་རྟོགས་པའི་ཐ་སྙད་ཀྱང་མི་འཐད་དོ་ཞེ་ན། མི་མཚུངས་ཏེ། རྟོགས་པ་ཞེས་བྱ་བ་ནི་མ་དཔྱད་པའི་རྣམ་གཞག་ཡིན་ལ། དངོས་དང་དོན་སྤྱི་ནི་རྟོགས་ཚུལ་ལ་དཔྱད་པའི་རྣམ་གཞག་ཡིན་པའི་ཕྱིར། གསུམ་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་གི་རྟོག་པར་ཁས་ལེན་དགོས་ཏེ། རང་བཞིན་མེད་པའི་རྣམ་པ་ཅན་གྱི་རྟོག་པ་དང་མཚུངས་ལྡན་དུ་འབྱུང་བའི་ཕྱིར། ཞེ་ན། ཁྱབ་པ་མ་ངེས་པ་ཡིན་ཏེ། དཔེར་ན། གཅིག་དང་དུ་བྲལ་གྱི་རྟགས་ལ་བརྟེན་ནས་བདེན་སྟོང་གསར་དུ་རྟོགས་པའི་བློ་དེ་རྟོག་པ་དང་མཚུངས་ལྡན་དུ་བྱུང་ཡང་རྟོག་པར་ཁས་ལེན་དུ་མི་རུང་བ་བཞིན་ནོ། །དེའི་ཤེས་བྱེད་ཀྱང་རྟགས་ལ་བརྟེན་ནས་སྤྲོས་བྲལ་གསར་དུ་རྟོགས་པའི་རིག་ཤེས་དེ་སྤྲོས་བྲལ་དུ་ཞེན་པའི་བློར་ཁས་ལེན་ན། དེ་ཆོས་ཅན། སྤྲོས་བྲལ་རྟོགས་པའི་བློ་མ་ཡིན་པར་ཐལ། སྤྲོས་པའི་མཐའ་གང་རུང་ཅིག་ཏུ་ཞེན་པའི་བློ་ཡིན་པའི་ཕྱིར། དཔེ་དེ་བཞིན་དུ། སྦྱོར་ལམ་དང་པོ་གསུམ་གྱི་མཉམ་གཞག་ན་དེའི་ཆ་ནས་སྦྱོར་ལམ་དུ་མི་འཇོག་སྟེ། དེའི་ཆ་ནས་བཏགས་འཛིན་གྱི་རྟོག་པ་ཉིད་དུ་འཇོག་པའི་ཕྱིར། འོ་ན་ཅི་ཞེ་ན། དེ་རྟོགས་པའི་ཆ་ནས་དེར་འཇོག་པ་ཡིན་ཏེ། དེའི་ཆ་ནས་བདེན་པ་མངོན་སུམ་དུ་རྟོགས་པ་དང་དམིགས་རྣམ་རྗེས་སུ་མཐུན་པའི་ཕྱིར་རོ། །བཞི་པ་ནི། དེ་ཆོས་ཅན། ཆོས་ཉིད་ལ་རྣལ་འབྱོར་མངོན་སུམ་དུ་ཐལ་བར་འགྱུར་ཏེ། དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར་ཞེ་ན། དེ་དེ་ལ་མ་འཁྲུལ་བར་མི་འགྲུབ་སྟེ། སོ་སོ་སྐྱེ་བོའི་ཤེས་པ་ཡིན་པའི་ཕྱིར། འོ་ན་རྟོག་པ་དང་རྟོག་མེད་ཀྱི་འཁྲུལ་ཤེས་གཉིས་ལས་གང་ཞེ་ན། འཁྲུལ་ཤེས་གང་ཡིན་ཐམས་ཅད་དེ་གཉིས་སུ་ཁ་ཚོན་ཆོད་པ་མ་ཡིན་ཏེ། དཔེར་ན་འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་གཟུང་འཛིན་གཉིས་སྣང་ཅན་གྱི་དབང་ཤེས་བཞིན་ནོ། །དེ་ལ་འཁྲུལ་ན་དེ་མ་རྟོགས་དགོས་པ་ཡང་མ་ཡིན་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་བཞིན་ནོ། །དེས་ན་སྦྱོར་ལམ་མཉམ་གཞག་ཡེ་ཤེས་འདི་ནི་བདག་མེད་པའི་དོན་ལ་ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་གི་བློའོ། །ཞེས་བྱ་བ་ཞིག་ཡིན་པར་དབུས་མཐའ་རྩ་འགྲེལ་ལས་བཤད་པ་དེ་བཞིན་དུ་ཁས་བླང་བར་བྱའོ། །སྦྱོར་དང་མཉམ་ཉིད་གོམས་ཚུལ་མ་བསླབ་པར། །སྦྱོར་ལམ་རྟོག་པར་འཆད་པའི་ཐག་ཆོད་ཀྱིས། །སྦྱོར་མཐོང་སྒོམ་གསུམ་སྟོན་པའི་རྩ་འགྲེལ་གྱི། །སྦྱོར་ལུགས་བློ་ལ་ལྗེན་པ་འགའ་ཡོད་དམ། །ངེས་མེད་གཞན་གྱི་ཟེར་བགྲོས་འཁྱམ་པོ་ཞིག །ངེས་པར་བྱང་བའི་ཚིག་ཕྲེང་དུ་མ་ཡིས། །ངེས་འབྱེད་རྣམ་གཞག་འཆད་པ་གད་མོའི་གནས། །ངེས་ལེགས་ལམ་གྱི་རྣམ་གཞག་འདི་ཟུང་ཤིག།  །།དེ་ལ་འཕྲོས་ནས་རྟོག་པ་བཞིའི་ལྡན་ཚུལ་འཆད་པ་ལ་གཉིས་ཏེ། རྟོག་པ་སྤྱི་དང༌། སོ་སོའི་ངོ་བོ། བཞི་པོ་ཐེག་ཆེན་གྱི་ངེས་ཆ་ལ་ཇི་ལྟར་ལྡན་པའི་ཚུལ་ལོ། །དང་པོ་ནི། སྤྱིར་རྟོག་པའི་བཤད་ཚུལ་གསུམ་ལས། འདིར་ནི་སྒྲ་དོན་འཛིན་པའི་རྟོག་པའི་དབང་དུ་བྱས་པ་ཡིན་ལ། དེ་ལ་ཡང་དག་མིན་རྟོག་གིས་མ་ཁྱབ་པརབཤད་ན་ལེགས་པ་ཡིན་ཏེ། ཡང་དག་མིན་རྟོག་གི་དོན་ནི། བག་ཆགས་ཀྱི་དབང་གིས་ཁམས་གསུམ་པའི་རྣམ་པ་ཅན་དུ་སྣང་བ་ཞིག་ཡིན་ལ། ལུང་རིགས་རྣམ་དག་གི་རྒྱུ་ལ་བརྟེན་ནས་རང་བཞིན་མེད་པའི་རྣམ་པ་ཅན་གྱི་ཞེན་བློ་དག་ལ་ནི་འཇོག་བྱེད་དེ་མ་ཚང་བའི་ཕྱིར་རོ། །སྒྲ་དོན་འཛིན་པའི་རྟོག་པ་ལའང་ཉོན་མོངས་པ་ཅན་ཡིན་མིན་གཉིས་ལས། འདིར་སྐབས་སུ་བབ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་རྟོག་པའི་དབང་དུ་བྱས་པ་ཡིན་ཏེ། ཉན་རང་གི་བྱང་ཆུབ་ཐོབ་པ་ལ་གེགས་སུ་མ་གྱུར་པའི་རྟོག་པ་ཞིག་ལྡན་པའི་ཆ་ནས་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པར་སྒྲུབ་པའི་སྐབས་ཡིན་པའི་ཕྱིར། དེས་ན་འདིར་བསྟན་རྟོག་པའི་མཚན་ཉིད་ནི། རང་ཡུལ་ལ་མཚན་མར་འཛིན་པའི་ཞེན་བློ་གང་ཞིག ཤེས་བྱ་ཡོངས་སུ་དཔྱོད་པའི་གེགས་སུ་གྱུར་པའོ། །དབྱེ་ན། ཇི་ལྟ་བ་དཔྱོད་པའི་གེགས་སུ་གྱུར་པ་དང༌། ཇི་སྙེད་པ་ཡོངས་སུ་དཔྱོད་པའི་གེགས་སུ་གྱུར་པའོ། །དང་པོ་ལ་ནི། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་རྟོག་པ་ཞེས་བྱ་ཞིང༌། ཕྱི་མ་ལ་ནི་ལས་འབྲས་ལ་སྒྲིབ་བྱེད་ཀྱི་རྟོག་པ་ཞེས་བྱ་ལ། དེ་ཡང་དང་པོ་ནི་མཉམ་གཞག་ཏུ་སྤོང་ཞིང༌། ཕྱི་མ་རྗེས་ཐོབ་ཡེ་ཤེས་ཀྱིས་སྤང་བར་བྱ་བ་ཡིན་པ་ལས། འདིར་ནི་དང་པོ་འཆད་པ་སྐབས་སུ་བབ་པ་ཡིན་ཏེ། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཐོང་སྒོམ་ལམ་གྱི་འགལ་ཟླ་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་ལའང་གཉིས་ཏེ། རྫས་འཛིན་གྱི་དང༌། བཏགས་འཛིན་གྱི་རྟོག་པའོ། །དང་པོ་ནི། བདེན་འཛིན་དང་དོན་གཅིག་ལ། དེ་ལའང་གཉིས་ཏེ། གཟུང་བ་ལ་དང༌། འཛིན་པ་ལའོ། །དང་པོ་ལའང་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་དང༌། རྣམ་བྱང་གི་ཆོས་ལའོ། །དེ་ལའང་ཐེག་ཆེན་གྱི་དང༌། ཐེག་དམན་གྱི་རྣམ་བྱང་གཉིས་ལས། གོ་རིམ་བཞིན་དུ་དེ་དག་ལ་དམིགས་ནས་བདེན་པར་འཛིན་པའི་བློ་ལ་ནི་ཀུན་ནས་ཉོན་མོངས་ཀྱི་དང༌། རྣམ་བྱང་གི་དང༌། འཇུག་པའི་དང༌། ལྡོག་པའི་ཕྱོགས་ཀྱི་གཟུང་རྟོག་ཅེས་བྱའོ། །འཛིན་པ་ལའང་གཉིས་ཏེ། ཆོས་དང༌། གང་ཟག་གོ །དང་པོ་ནི། སེམས་དང༌། སེམས་ལས་བྱུང་བ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམས་ལ་བྱ་ལ། གཉིས་པ་ནི། གདགས་གཞི་དེ་དང་དེ་ལ་གང་ཟག་ཏུ་སྒྲོ་བཏགས་པའོ། །དེ་ལའང་གཉིས་ཏེ། སོ་སོ་སྐྱེ་བོའི་གདགས་གཞི་ལ་སོ་སོ་སྐྱེ་བོར་སྒྲོ་གདགས་པ་དང༌། འཕགས་པའི་གདགས་གཞི་ལ་འཕགས་པའི་གང་ཟག་ཏུ་སྒྲོ་གདགས་པའོ། །ཡུལ་དེ་དང་དེ་ལ་དམིགས་ནས་བདེན་པར་ཞེན་པའི་བློ་ལ་ནི། སྤྱིར་རྫས་འཛིན་རྟོག་པ་དང༌། བྱེ་བྲག་ཏུ་གང་ཟག་ལ་རྫས་འཛིན་རྟོག་པ་དང༌། དེ་འདོགས་པའི་རྒྱུ་ལ་རྫས་ཡོད་དུ་འཛིན་པའི་རྟོག་པ་ཞེས་བྱའོ། །གང་ཟག་ལ་རྫས་འཛིན་གྱི་རྟོག་པ་ཙམ་ལ་ནི། གང་ཟག་འཛིན་སྟངས་ཀྱི་ཡུལ་དུ་བྱས་པ་དང༌། དམིགས་པའི་ཡུལ་དུ་བྱས་པའི་དབྱེ་བས་གཉིས་ལས། འདིར་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ཏེ། སྔ་མ་ནི་ཉོན་སྒྲིབ་ཀྱི་དབང་དུ་བྱས་པར་འཆད་དགོས་པའི་ཕྱིར། སྤྱིར་གཟུང་འཛིན་གྱི་རྟོག་པའི་འཇོག་ཚུལ་དེ་ལྟར་ཡིན་ཀྱང༌། འདིར་བསྟན་གྱི་གཟུང་འཛིན་གྱི་རྟོག་པར་འཇོག་པ་ལ་ནི་ཡུལ་གཟུང་འཛིན་ལ་དམིགས་ནས་བདེན་པར་ཞེན་པ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། འཛིན་སྟངས་ཀྱི་གཟུང་བྱ་ལ་ཡང་གཟུང་བར་རྟོག་པ་དང༌། འཛིན་པར་རྟོག་པ་དག་དགོས་པརབཤད་པའི་ཕྱིར། བཏགས་འཛིན་རྟོག་པ་ནི་བདེན་འཛིན་གྱི་སྒྲོ་འདོགས་ཆོད་པའི་དོན་ལ་བཏགས་པ་ཙམ་དུ་ཞེན་པའི་བློ་ཞིག་ཡིན་ལ། དེ་ལའང་ཡུལ་གྱི་དབྱེ་བས་གཉིས་ཏེ། ཡུལ་གཟུང་བ་ལ་དང༌། འཛིན་པ་ལ་བཏགས་པ་ཙམ་དུ་ཞེན་པའོ། །དང་པོ་ལ་ཡང་ཀུན་བྱང་གི་དབྱེ་བས་གཉིས་དང༌། རྣམ་བྱང་ལའང་ཐེག་པ་ཆེ་ཆུང་གི་དབྱེ་བས་གཉིས་སོ། །འཛིན་པ་ལ་དམིགས་པའི་བཏགས་འཛིན་ལའང་གཉིས་ཏེ། གང་ཟག་ལ་དང༌། ཆོས་ལའོ། །ཆོས་ལའང་གཉིས་ཏེ། སོ་སོ་སྐྱེ་བོའི་གདགས་གཞི་སེམས་སེམས་བྱུང་དང༌། འཕགས་པའི་གདགས་གཞི་མཉམ་རྗེས་ཀྱི་ཡེ་ཤེས་སོ། །གལ་ཏེ་གཟུང་འཛིན་གཉིས་ཀ་ལ་རྫས་བཏགས་ཀྱི་རྟོག་པའི་འབྱེད་ཚུལ་དེ་ལྟར་དུ་འཆད་པ་མི་འཐད་དེ། གཞུང་འགྲེལ་ལས་མ་བཤད་པའི་ཕྱིར་སྙམ་ན། ཉེས་པ་མེད་དེ། སྤྱིར་དབུ་མའི་གཞུང་ལུགས་འཆད་པའི་བབས་ལ་དེ་ལྟར་འཆད་དགོས་པའི་ཕྱིར་དང༌། བྱེ་བྲག་ཏུ་རྒྱན་རྩ་འགྲེལ་གྱི་ལུགས་འདིར། གཟུང་འཛིན་གྱི་རྟོག་པའི་འཇོག་ཚུལ་དང༌། རྫས་བཏགས་ཀྱི་འཇོག་ཚུལ་ཕན་ཚུན་མཚོན་ནས་འཆད་ཚུལ་དེ་ལྟར་མ་ཤེས་ན་མཐའ་མི་ཆོད་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། སྤྱིར་དབུ་མའི་གཞུང་ལུགས་ལས། མཚན་འཛིན་གྱི་རྟོག་པ་ལ་བདེན་འཛིན་གྱི་དང༌། བདེན་མེད་དུ་འཛིན་པའི་རྟོག་པ་གཉིས་སུ་ཕྱེ་ནས། དང་པོ་སྤོང་སླ་ཞིང་སྔར་སྤོང་བ་དང༌། ཕྱི་མ་སྤོང་དཀའ་ཞིང༌། ཕྱིས་སྤོང་བའི་རིམ་པ་རྒྱ་ཆེར་གསུངས་པ་དང༌། རྟོག་པ་དེ་གཉིས་གང་ལ་འཇུག་པའི་ཡུལ་ཡང་ཤེས་བྱའི་ཁྱད་པར་མཐའ་དག་ལ་ཡིན་གྱི། ཉི་ཚེ་བ་ལ་མ་ཡིན་པའི་ཕྱིར་དང༌། གཟུང་རྟོག་གི་ཡུལ་ལ་ཀུན་བྱང་གི་དབྱེ་བས་གཉིས་སུ་ཕྱེ་ནས་ཡུལ་ཅན་རྟོག་པ་ལ་གཉིས་སུ་འབྱེད་པ་དེ་བཞིན་དུ། འཛིན་རྟོག་གི་ཡུལ་ལའང་ཀུན་བྱང་གི་དབྱེ་བས་གཉིས་སུ་འབྱེད་དགོས་པར་དོན་གྱིས་ཐོབ་པ་དང༌། འཛིན་རྟོག་གི་ཡུལ་ལ་གང་ཟག་དང༌། དེར་གདགས་པའི་རྒྱུ་གཉིས་སུ་ཕྱེ་བ་དང༌། ཡུལ་ཅན་རྟོག་པ་ལ་རྫས་འཛིན་དང༌། བཏགས་འཛིན་གཉིས་སུ་ཕྱེ་བ་བཞིན་དུ། གཟུང་རྟོག་གི་ཡུལ་ལའང་གང་ཟག་དང༌། དེར་གདགས་པའི་རྒྱུ་གཉིས་སུ་འབྱེད་པ་དང༌། ཡུལ་ཅན་ལའང་རྫས་འཛིན་དང༌། བཏགས་འཛིན་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། སོ་སོ་ཐ་དད་དུ་དེ་དང་དེ་ཡོད་པ་གང་ཞིག ཡོད་པ་ལྟར་དེ་དང་དེར་དབྱེ་བའི་རིགས་པ་མཚུངས་པའི་ཕྱིར་རོ། །གཉིས་པ་ལྡན་ཚུལ་ལ་གཉིས་ཏེ། སྤྱིར་གང་ཟག་གང་ལ་ལྡན་པའི་ཚུལ་དང༌། བྱེ་བྲག་ཏུ་ངེས་འབྱེད་ཆ་བཞི་དང་ཇི་ལྟར་ལྔ་བའི་ཚུལ་ལོ། །དང་པོ་ནི། རྫས་འཛིན་གྱི་རྟོག་པ་ཇི་སྙེད་པ་ནི་སོ་སོ་སྐྱེ་བ་དང༌། ཉན་རང་འཕགས་པའི་རྗེས་ཐོབ་ན་ཡོད་པ་ཡིན་ལ། ཐེག་ཆེན་འཕགས་པའི་རྗེས་ཐོབ་ཏུ་ནི་མི་འབྱུང་སྟེ། བདེན་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྒྱུན་མི་ཆད་པའི་ཕྱིར་རོ། །དེ་ལས་ཀྱང་ཉན་རང་འཕགས་པ་ལ་གང་ཟག་ཏུ་བདེན་པར་འཛིན་པའི་རྫས་འཛིན་མེད་པ་ཁོ་ནར་མ་ཟད། གང་ཟག་ལ་བདེན་པར་འཛིན་པ་ཡང་མེད་དེ། གང་ཟག་བཏགས་ཡོད་དུ་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་ལྟ་ནའང་གང་ཟག་གི་གདགས་གཞི་ལ་རྫས་ཡོད་དུ་འཛིན་པའི་རྟོག་པ་མངོན་གྱུར་དུ་ཡོད་དོ། །བཏགས་འཛིན་གྱི་རྟོག་པ་ལ་མོས་པ་ཡིད་བྱེད་དང༌། དེ་ཁོ་ན་ཉིད་ཡིད་བྱེད་གཉིས་ལས། དང་པོ་ནི། ཐེག་ཆེན་སྦྱོར་ལམ་མཉམ་གཞག་དང༌། རྗེས་ཀྱི་གནས་སྐབས་གཉིས་ཀ་ན་མངོན་གྱུར་དུ་ཡོད་ལ། ཕྱི་མ་ནི་མ་དག་ས་བདུན་གྱི་རྗེས་ཐོབ་ཏུ་མངོན་དུ་འགྱུར་བ་སྲིད་ཅིང༌། དག་པ་སར་ནི་སྒྲ་དོན་འཛིན་པའི་རྟོག་པ་འབྱུང་མི་སྲིད་དོ། །ཁྱད་པར་གང་ཟག་ལ་བཏགས་འཛིན་གྱི་རྟོག་པ་ནི། ཐེག་པ་ཆེ་ཆུང་གཉིས་ཀའི་འཕགས་པ་ལ་མངོན་དུ་འགྱུར་བ་སྲིད་ཅིང༌། དེ་ལས་ཀྱང་མཐོང་སྤང་གི་ཆ་ནི་ཐེག་དམན་གྱི་འཕགས་པ་ཁོ་ན་ལ་མངོན་དུ་འགྱུར་བ་ཡིན་ནོ། །དེ་ལ་དགོངས་ནས་ཇི་སྐད་དུ། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་མཐོང་སྤང་དུ་གྱུར་པའི་གང་ཟག་ལ་རྫས་བཏགས་སུ་འཛིན་པའི་རྟོག་པ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་དབང་དུ་བྱས་པ་གཉིས་པོ་དེ་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བཤད་དོ། །ཡང་ན་མཐོང་སྒོམ་ལམ་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་གྱི་རྟོག་པ་ནི་ལམ་དེ་ཉིད་ལ་ལྟོས་ཏེ་མ་འོངས་པ་ཁོ་ན་ཡིན་པ་ལ་བསམས་ནས་འཕགས་པ་ཁོ་ནའི་རྟེན་ཅན་དུ་བཤད་དོ། །གཉིས་པ་ལ་གསུམ་སྟེ། ཚོགས་ལམ་དུ་རྟོག་པ་སྤོང་བྱེད་ཀྱི་རིགས་པས་ཇི་ལྟར་གཏན་ལ་འབེབས་པའི་ཚུལ། སྦྱོར་ལམ་དུ་སྒོམ་བྱུང་གི་ཡིད་ལ་བྱེད་པའི་རིམ་པ་མཐོང་ལམ་དུ་མཚན་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཚུལ་ལོ། །དང་པོ་ནི། ཐོག་མར་རྫས་འཛིན་འགོག་བྱེད་ཀྱི་རིགས་པ་འཆད་དགོས་པ་ཡིན་ཏེ། ཐོག་མར་ལྷན་ཅིག་སྐྱེས་པའི་རྟོག་པའི་འཛིན་སྟངས་སུན་འབྱིན་དགོས་པའི་ཕྱིར། དེའི་འོག་ཏུ་བཏགས་འཛིན་གྱི་རྟོག་པ་འགོག་བྱེད་ཀྱི་རིགས་པ་འཆད་དགོས་ཏེ། དེ་ནས་རྣལ་འབྱོར་པའི་རྟོག་པའི་འཛིན་སྟངས་སུན་འབྱིན་དགོས་པའི་ཕྱིར། རྫས་འཛིན་ལའང་གཟུང་འཛིན་གྱི་དབྱེ་བས་གཉིས་ལས། ཐོག་མར་གཟུང་བ་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་འཆད་དགོས་ཏེ། གཟུང་བ་བདེན་གྲུབ་མ་བཀག་པར་འཛིན་པ་བདེན་གྲུབ་མི་ཁེགས་པའི་ཕྱིར། གཟུང་བ་ལའང་ཀུན་བྱང་གི་དབྱེ་བས་གཉིས་ལས། ཐོག་མར་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་བདེན་གྲུབ་འགོག་དགོས་ཏེ། ཐོག་མར་ཀུན་རྫོབ་ཀྱི་ཆོས་བདེན་གྲུབ་མ་བཀག་ན། དོན་དམ་རྣམ་བྱང་གི་ཆོས་བདེན་པར་གྲུབ་པ་མི་ཁེགས་པའི་ཕྱིར། གཉིས་པ་ནི། ཚོགས་ལམ་དུ་ཇི་ལྟར་གཏན་ལ་ཕབ་པའི་རིམ་པ་བཞིན་དུ་སྦྱོར་ལམ་དུའང་རིམ་གྱིས་ཉམས་སུ་ལེན་པར་བྱེད་དགོས་པ་ཡིན་ཏེ། ཇི་ལྟར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་གོ་རིམ་དང་མཐུན་པར། མོས་པས་སྤྱོད་པའི་སར་རིམ་གྱིས་གོམས་པར་མ་བྱས་ན་མཐོང་བའི་ལམ་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་མི་འབྱུང་བའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། དྲོད་ཀྱི་མཉམ་གཞག་ཏུ་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་དང༌། རྩེ་མོའི་མཉམ་གཞག་ཏུ་རྣམ་བྱང་གི་གཟུང་བ་རང་བཞིན་མེད་པ་དང༌། བཟོད་པའི་མཉམ་གཞག་ཏུ་གང་ཟག་གིས་མཚོན་པའི་འཛིན་པའི་ཆོས་ཇི་སྙེད་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་མཆེད་པའི་ཚུལ་གྱིས་གོམས་པར་བྱེད་དོ། །དེ་ལྟར་གཟུང་འཛིན་གཉིས་ཀ་བདེན་མེད་དུ་གོམས་པར་བྱས་ནས། དེའི་དོན་ལ་གསལ་སྣང་མཆེད་ཀྱང༌། བདེན་མེད་དུ་ཞེན་པའི་རྟོག་པ་དང་མཚུངས་པར་ལྡན་པས་དེ་སྤོང་བའི་ཕྱིར་དུ་ཆོས་མཆོག་གི་མཉམ་གཞག་ཏུ་ནི། དགག་བྱ་བདེན་གྲུབ་མེད་པའི་རྟགས་ཀྱིས་དེ་བཀག་པའི་བདེན་མེད་ཀྱང་མེད་པའི་དོན་ལ་གསལ་སྣང་མཆེད་པའི་ཚུལ་གྱིས་གོམས་པར་བྱེད་དོ། །དེ་ལྟར་ན་ཐེག་ཆེན་གྱི་ངེས་འབྱེད་ཆ་བཞིའི་མཉམ་གཞག་དང་པོ་གསུམ་དུ་ནི་སྒྲུབ་པའི་རྣམ་པ་ཅན་གྱི་རྟོག་པ་བཞི་སྤང་བྱར་འབྲེལ་ཞིང༌། དགག་པའི་རྣམ་པ་ཅན་གྱི་རྟོག་པ་གསུམ་དང་མཚུངས་པར་ལྡན་ནོ། །ཆོས་མཆོག་ཏུ་ནི་ཕྲ་མོ་གསུམ་དང་མཚུངས་པར་ལྡན་པའི་དགག་པའི་རྣམ་པ་ཅན་གྱི་རྟོག་པ་དེ་ཡང་སྤང་བྱར་འབྲེལ་ཞིང༌། དེ་ཡང་བཀག་པའི་སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་རྟོག་པ་དང་མཚུངས་པར་ལྡན་ནོ། །མཉམ་གཞག་དེ་དང་དེ་དག་རྟོག་པ་དེ་དག་དང་མཚུངས་པར་ལྡན་ཀྱང༌། རྟོག་པ་དེ་དང་དེ་དག་གི་ངོ་བོར་ཁས་བླངས་ན་ཤེས་བྱའི་སྒྲིབ་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་ན། སྒྲུབ་རྟོག་སྤང་བྱར་ལྡན་པ་ཞེས་བྱ་བ་འདི་ཁས་ལེན་ཀྱང༌། དགག་རྟོག་ངོ་བོར་ལྡན་པ་ཞེས་བྱ་བ་དེ་ནི་རིགས་པ་མ་ཡིན་ནོ། །གསུམ་པ་ནི། མོས་སྤྱོད་ཀྱི་སར་དེ་ཁོ་ན་ཉིད་ཆོས་ཅན་གཟུང་འཛིན་སོ་སོའི་དབྱེ་བས་རིམ་གྱིས་གོམས་པར་བྱེད་ཀྱང༌། མཐོང་བའི་ལམ་དུ་ནི། ཇི་ལྟར་གོམས་པའི་རིམ་པ་དང་མཐུན་པར་རིམ་གྱིས་མཐོང་དགོས་པ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཚུལ་ལ་ཆོས་ཅན་གྱི་སྒོ་ནས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འཕགས་པ་ལྷས། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོ་ཡིན། །ཞེས་གསུངས་སོ།།  །།གཟུང་བྱ་གཟུང་བར་ཞེན་པའི་གཟུང་རྟོག་དང༌། །འཛིན་བྱེད་འཛིན་པར་ཞེན་པའི་འཛིན་རྟོག་ཀུན། །ཀུན་བྱང་ཀུན་ལ་རྫས་སུ་ཞེན་པ་དང༌། །བཏགས་ཡོད་བཏགས་པར་ཞེན་པ་གཉིས་སུ་འདུས། །རྣམ་རྟོག་རྣམ་གྲངས་ཇི་སྙེད་ཡོད་པ་ཡང༌། །སྒྲུབ་རྟོག་སྒྲུབ་པའི་རྣམ་པས་རྫས་ཡོད་དང༌། །དགག་རྟོག་དགག་པའི་རྣམ་པས་བཏགས་ཡོད་དུ། །ཞེན་བྱེད་ཞེན་པོ་དེ་ཀུན་འདིར་སྤང་བྱ།།  །།གསུམ་པ་འཇུག་བྱ་སྒྲུབ་པའི་ཡན་ལག་གི་ཆོས་ལ་བཞི་སྟེ། སྒྲུབ་པའི་རྟེན། དེའི་དམིགས་པ། དེའི་ཆེད་དུ་བྱ་བ། དེའི་རང་གི་ངོ་བོ་རྣམས་སོ། །དང་པོ་ལ་གསུམ་སྟེ། རིགས་ཙམ་གྱི་དབྱེ་བ་སྤྱིར་བཤད། དེ་བཞིན་གཤེགས་པའི་སྙིང་པོ་ངོས་གཟུང་བ་དང༌། སྒྲུབ་པའི་རྟེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྤྱིར་རིགས་ཞེས་བྱ་བའི་སྒྲའི་དོན་ནི། རྒྱུའི་དོན་ཡིན་ལ། དེ་ལ་ཡང་འཁོར་བ་དང༌། མྱ་ངན་ལས་འདས་པའི་རྒྱུ་གཉིས་ལས། འདིར་ནི་སྤྱི་སྒྲ་བྱེ་བྲག་ལ་སྦྱར་ནས་ཕྱི་མའི་དབང་དུ་བྱས་པ་ཡིན་ནོ། །རྒྱུ་དེ་གཉིས་ཀ་ཡང་ཀུན་གཞིའི་སྟེང་ན་ས་བོན་གྱི་ཚུལ་དུ་གནས་པར་འདྲ་བ་ཡིན་ཏེ། ཐོགས་མེད་ཞབས་ཀྱིས་དྲངས་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་སོ། །ས་བོན་དེ་ལའང་གཉིས་ཏེ། ཟག་པ་དང་བཅས་པའི་དང༌། ཟག་པ་མེད་པའི་འོ། །དང་པོ་ནི། ཀུན་གཞིའི་རྣམ་ཤེས་དངོས་ཡིན་ཞིང༌། ལྡོག་པའི་སྒོ་ནས་དེའི་ས་བོན་གྱི་ཆ་ཞེས་ཀྱང་བྱ་ལ། ས་བོན་དེ་ཡང་གསར་དུ་བཞག་པ་ཡིན་གྱི། ཆོས་ཉིད་ཀྱིས་ཐོབ་པ་ནི་མ་ཡིན་ནོ། །གཉིས་པ་ནི། ཀུན་གཞིའི་ཡེ་ཤེས་ཞེས་བྱ་བ་དེ་ཡིན་ལ། དེ་ལ་ནི་སྔགས་ཀྱི་ཐེག་པར། རང་བཞིན་དུ་གནས་པའི་རིགས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དང༌། སེམས་ཀྱི་རྡོ་རྗེ་དང༌། དང་པོའི་སངས་རྒྱས་ལ་སོགས་པའི་མིང་གིས་བཏགས་པ་ཡིན་ལ། ས་བོན་དེ་ནི་གསར་དུ་བཏབ་པ་མ་ཡིན་ཏེ། ཆོས་ཉིད་ཀྱིས་ཐོབ་པའི་ཕྱིར་རོ། །མིང་གི་རྣམ་གྲངས་ནི། ཟག་པ་མེད་པའི་ས་བོན་དང༌། སྐྱེ་མཆེད་དྲུག་གི་ཁྱད་པར་དང༌། ཐོས་པའི་བག་ཆགས་ཞེས་ཀྱང་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སུ་འགྱུར་དུ་རུང་བའི་ཕྱིར་དང༌། སངས་རྒྱས་ཀྱི་གསུང་རབ་ཐོས་པའི་རྐྱེན་གྱིས་གསོས་འདེབས་པའི་ཕྱིར་དང༌། སྐྱེ་མཆེད་དྲུག་གི་ཁྱད་པར་གྱི་གཞི་ཡིན་པའི་ཕྱིར། རྒྱུད་བླ་རྩ་འགྲེལ་དུ་ནི། ཟག་པ་མེད་པའི་དབྱིངས་དང༌། དེའི་ཤེས་པ་ཞེས་ཀྱང་གསུངས་སོ། །བོད་ཕྱི་མ་དག རང་བཞིན་དུ་གནས་པའི་རིགས་ལ། ཉན་ཐོས་ཀྱི་རང་བཞིན་དུ་གནས་པའི་རིགས་ལ་སོགས་པ་གསུམ་དུ་འབྱེད་པ་ནི་ནོར་བ་ཡིན་ཏེ། དེ་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པའི་ཕྱིར་རོ། །འོ་ན་རིགས་ཅན་གསུམ་དུ་འབྱེད་པ་ཅི་ཞེ་ན། སངས་རྒྱས་ཀྱི་རིགས་གཅིག་ཉིད་ལ་སད་བྱེད་ཀྱི་རྐྱེན་མི་འདྲ་བ་གསུམ་གྱིས་གསོས་བཏབ་པ་ན། རིགས་ཅན་གསུམ་དུ་འགྱུར་རོ། །ཞེས་འཆད་པ་ནི། ཇི་སྐད་དུ། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་པའི་དོན་ཏེ། མདོར་ན་རྒྱས་འགྱུར་གྱི་རིགས་ཀྱི་དབྱེ་བས་རིགས་ཅན་གསུམ་དུ་གཞག་པ་ཡིན་ནོ། །འོ་ན་རིགས་ཅན་གསུམ་ཀ་ཐེག་ཆེན་དུ་རིགས་ངེས་པར་འགྱུར་ཏེ། སངས་རྒྱས་ཀྱི་རིགས་ཅན་དུ་ངེས་པའི་ཕྱིར་སྙམ་ན། ཉེས་པ་དེ་མེད་དེ། རིགས་ངེས་མ་ངེས་སུ་འཇོག་པ་ནི། རང་བཞིན་དུ་གནས་པའི་རིགས་ཀྱི་དབང་གིས་འཇོག་པ་མ་ཡིན་གྱི། རྒྱས་འགྱུར་གྱི་རིགས་ཀྱིས་གསོས་བཏབ་མ་བཏབ་ལ་འཇོག་པ་ཡིན་ལ། གསོས་འདེབས་བྱེད་ལ་ཡང་ཐེག་པ་སོ་སོའི་སེམས་བསྐྱེད་ཀྱི་དབྱེ་བས་གསུམ་མོ། །དེ་དང་དེས་སོགས་བཏབ་པའི་ཆོས་དབྱིངས་དེ་ནི་སངས་རྒྱས་ཀྱི་རིགས་ཁོ་ན་དང༌། གསོས་འདེབས་བྱེད་དེ་ནི་ཐེག་པ་གསུམ་པོའི་རིགས་དང༌། དེ་ལ་གནས་པའི་གང་ཟག་གསུམ་ལ་ནི་རིགས་ཅན་གསུམ་གྱི་ཐ་སྙད་བྱས་པ་ཡིན་པས་སོ། །དེ་ལྟར་ན་རིགས་ལ་གཉིས་ཏེ། རང་བཞིན་དུ་གནས་པའི་རིགས་དང༌། རྒྱས་འགྱུར་གྱི་རིགས་སོ། །གཉིས་པོའི་ཁྱད་པར་ནི། དང་པོ་ནི་ཆོས་ཉིད་ཀྱིས་ཐོབ་པ་ཡིན་ལ། ཕྱི་མ་ནི་དེ་གསོས་འདེབས་བྱེད་ཀྱི་རྐྱེན་ཡིན་པའི་ཁྱད་པར་ལས་འབྱེད་དོ། །དང་པོའི་མཚན་ཉིད་ནི། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་གང་ཞིག དྲི་མས་རྣམ་པར་དག་པ་ན་ངོ་བོ་ཉིད་ཀྱི་སྐུར་འགྱུར་དུ་རུང་བའོ། །གཉིས་པའི་མཚན་ཉིད་ནི། རང་བཞིན་དུ་གནས་པའི་རིགས་གསོས་འདེབས་བྱེད་ཀྱི་རྐྱེན་གང་ཞིག དྲི་མས་རྣམ་པར་དག་པ་ན་གཞན་དོན་གྱི་སྐུར་འགྱུར་དུ་རུང་བའོ། །དེ་ཡང་གསར་དུ་བླངས་པ་ཙམ་གྱིས་རྒྱས་འགྱུར་གྱི་རིགས་སུ་བཞག་ནུས་པ་ནི་མ་ཡིན་ཏེ། བསོད་ནམས་ཆ་མཐུན་ཙམ་དུ་གྱུར་པའི་དགེ་བ་དག་ལ་མ་ཁྱབ་པའི་ཕྱིར། བོད་གཞན་དག་རིགས་གཉིས་ཀྱི་ཁྱད་པར། ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་བོན་རྐྱེན་གྱིས་གསོས་བཏབ་པ་དང་མ་བཏབ་པ་ལས་འབྱེད་པར་འཆད་པ་ནི་ནོར་བ་ཡིན་ཏེ། མདོ་སྡེའི་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་དང༌། །ཡོད་མེད་ཉིད་དང༌། ཞེས་གཉིས་པོ་རྟེན་བརྟེན་པ་དང༌། ཡོན་ཏན་དང་ཡོན་ཏན་ཅན་དུ་བཤད་ཀྱི། གཅིག་པོ་རྐྱེན་གྱིས་གསོས་བཏབ་པའི་གནས་སྐབས་ལ་ཅིག་ཤོས་སུ་བཤད་པ་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཚེ་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་རང་གི་ངོ་བོ་གང་ལ་བྱ་ཞེ་ན། དེ་དང་བཅས་པའི་སེམས་མྱོང་བ་གསལ་རིག་གི་ཆ་ལ་བཞེད་པ་ཡིན་ཏེ། དེ་ལྟར་འཆད་པ་དེ་རྗེ་བཙུན་བྱམས་པའི་གཞུང་ཐམས་ཅད་ཀྱི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། ཐོགས་མེད་སྐུ་མཆེད་ཀྱིས་ཀྱང་དེ་ལྟར་དུ་བཀྲལ་ཞིང༌། སློབ་དཔོན་བཟང་པོའི་ཞབས་ཀྱིས་ཀྱང་དོན་དེ་ཉིད་བཞེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། མདོ་སྡེའི་རྒྱན་ལས། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །རང་བཞིན་མ་ཡིན་འོད་གསལ་ལ་བརྗོད་དོ། །ཞེས་སེམས་ལ་ཆོས་ཉིད་ཀྱི་དང༌། ཆོས་ཅན་གྱི་གཉིས་སུ་ཕྱེ་ནས། དང་པོ་མྱོང་བ་གསལ་རིག་གི་ཆ་ལ་འཆད་པའི་ཕྱིར་དང༌། རྒྱུད་བླ་མར། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། ཞེས་བཤད་པ་དང༌། སློབ་དཔོན་འདིའི་བཞེད་པས་ཀྱང༌། དེ་བཞིན་ཉིད་དང༌། སྟོང་ཉིད་ཀྱི་ངོས་འཛིན་རིག་པ་ལ་འཆད་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །གཞན་དག རང་བཞིན་གནས་རིགས་ལ་ཆོས་ཅན་དང༌། ཆོས་ཉིད་དང༌། འདུས་བྱས་དང༌། འདུས་མ་བྱས་གཉིས་གཉིས་སུ་ཕྱེ་ནས། དང་པོ་མྱོང་བ་གསལ་རིག་གི་ཆ་དང༌། གཉིས་པ་སྟོང་ཉིད་མེད་དགག་གི་ཆ་ལ་འཆད་པ་ནི་མ་ཤེས་པ་ཡིན་ཏེ། རང་བཞིན་གནས་རིགས་ལ་ཆོས་ཉིད་དང༌། འདུས་མ་བྱས་ཀྱིས་ཁྱབ་པའི་ཕྱིར་དང༌། རང་བཞིན་གནས་རིགས་དང༌། ངོ་བོ་ཉིད་སྐུ་གཉིས་ཀ་ཡང་མེད་དགག་གི་ཆ་ལ་འཆད་པ་ནི་རྗེ་བཙུན་བྱམས་པའི་གཞུང་འགྲེལ་དག་ན་མི་སྣང་བའི་ཕྱིར་རོ། །གཉིས་པོ་ནི་དེ་ལྟར་བཤད་མ་ཐག་པ་དེ་དག་དབུ་སེམས་གང་གི་དབང་དུ་བྱས་པ་ཡིན་ཞེ་ན། འདི་ལ་གཉིས་ཏེ། དོན་དེ་ལ་དབུ་སེམས་གཉིས་ཕལ་ཆེར་མཐུན་པར་བསྟན་པ་དང༌། མི་མཐུན་པའི་ཁྱད་པར་ཅུང་ཟད་བཤད་པའོ། །དང་པོ་ནི། རིགས་གཉིས་ཀྱི་དབྱེ་བ་དང༌། ངོས་འཛིན་བཤད་མ་ཐག་པ་དེ་དག་ནི་དབུ་སེམས་གཉིས་ཀས་བཞེད་པར་འདྲ་བ་ཡིན་ཏེ། མདོ་སྡེའི་རྒྱན་དང༌། རྒྱུད་བླ་མ་དང༌། ཆོས་དབྱིངས་བསྟོད་པ་དང༌། བྱང་ས་ནས་བཤད་པ་དང༌། མངོན་པ་ཀུན་ལས་བཏུས་ལས་བཤད་པ་དང༌། ཤཱནྟི་པའི་དག་ལྡན་དུ་བཤད་པ་ཐམས་ཅད་མཐུན་པའི་ཕྱིར། སེམས་ཙམ་པས་ཀྱང་རང་བཞིན་གནས་རིགས་ཀྱི་ངོ་བོ་ཆོས་དབྱིངས་ལ་འདོད་པ་དེ་ལྟར་ན། རིགས་ཅན་གྱི་སེམས་ཅན་ཁས་མི་ལེན་པར་ཐལ་བ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་འགྱུར་རོ། །ཞེ་ན། ལན་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། འོ་ན་སེམས་ཙམ་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ཁས་ལེན་པའི་ཕྱིར། ཁྱེད་ལ་ཡང་དེ་ཉིད་དུ་ཐལ་བར་འགྱུར་རོ། །དེས་དེར་འདོད་པ་ཡང་ཡིན་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་སྟོན་པའི་མདོ་དེ། སེམས་ཙམ་པས་སྒྲ་ཇི་བཞིན་པ་ཉིད་དུ་ཁས་ལེན་པར་དཔལ་ལྡན་ཟླ་བའི་ཞབས་ཀྱིས་བཤད་པའི་ཕྱིར་དང༌། རྒྱན་ལས་ཀྱང༌། འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་སོ། །གཉིས་པ་ནི། རང་བཞིན་དུ་གནས་པའི་རིགས་མ་ཆད་ཀྱང་དེ་གསོས་འདེབས་བྱེད་ཀྱི་རྐྱེན་མ་ཚང་བ་སྲིད་པའི་ཕྱིར་ན། སངས་མི་རྒྱ་བའི་སེམས་ཅན་སྲིད་ཅིང༌། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཀྱང་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་མེད་པ་སྲིད་པའི་ཕྱིར། མཐར་ཐུག་ཐེག་པ་གསུམ་ཡིན་ནོ། །ཞེས་བྱ་བ་འདི་སེམས་ཙམ་པས་འདོད་དོ། །གཉིས་པ་མི་འདྲ་བའི་ཁྱད་པར་བཤད་པ་ནི། རང་བཞིན་གནས་རིགས་ཀྱི་ངོ་བོ་ཆོས་དབྱིངས་ལ་འཆད་པ་འདྲ་ཡང༌། ཆོས་དབྱིངས་ཀྱི་ངོ་བོ་ལ་མྱོང་བ་གསལ་རིག་གི་ཆ་ཡིན་པ་དང་མ་ཡིན་པ་གཉིས་སུ་འབྱེད་པ་ནི་དབུ་མ་པ་དག་གི་ལུགས་ཡིན་པ་དང༌། རང་བཞིན་གནས་རིགས་དང༌། སངས་རྒྱས་ཀྱི་སྙིང་པོ་འཆད་པའི་སེམས་ཅན་མི་འདོད་པར་འདྲ་ཡང༌། གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་སེམས་ཅན་ཁས་ལེན་མི་ལེན་གྱི་ཁྱད་པར་དང༌། ལྷག་མེད་ཀྱི་ཚེ་སངས་རྒྱས་ཀྱི་སྙིང་པོ་འདོད་པར་འདྲ་ཡང༌། རང་བཞིན་དུ་གནས་པའི་རིགས་ཡོད་པར་འདོད་མི་འདོད་ཀྱི་ཁྱད་པར་དང༌། དེ་ན་ཉོན་མོངས་མེད་པར་འདྲ་ཡང༌། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཡོད་མེད་དུ་འདོད་པའི་ཁྱད་པར་ཙམ་ཞིག་ལས་རྣམ་པར་ཕྱེ་བ་ཡིན་ཏེ། དབུ་མ་སྣང་བར་རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར་འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ནོ། །ཞེས་གསུངས་པ་དེ་ནི། ཕྱིར་རྒོལ་སེམས་ཙམ་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྙིང་པོ་ངོས་བཟུང་བ་དང༌། དེས་སེམས་ཅན་ལ་ཁྱད་པར་གསུངས་པ་དེ་དགོངས་པ་ཅན་དུ་བཤད་པའོ། །དང་པོ་ནི། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་དང་དབྱེར་མེད་པའི་དེ་བཞིན་ཉིད་དོ། །འདི་ལ་དངོས་བཏགས་མ་ཕྱེ་བས་དབྱེ་ན། མཚན་ཉིད་པ་གློ་བུར་རྣམ་དག་གི་ཆོས་ཉིད་དང༌། བཏགས་པ་བ་རང་བཞིན་རྣམ་དག་གི་ཆོས་ཉིད་དོ། །དང་པོ་ལའང༌། ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་དང༌། ཆ་ཤས་རེ་རེ་བ་ས་བཅུའི་གློ་བུར་རྣམ་དག་གི་ཆོས་ཉིད་དོ། །ཉན་རང་འཕགས་པ་ལ་ནི་འདི་མེད་དེ། དེ་ན་ཆོས་ཀྱི་སྐུ་དང༌། མྱ་ངན་ལས་འདས་པ་མེད་པའི་ཕྱིར། བྱང་སེམས་འཕགས་པ་ལ་མི་མཚུངས་ཏེ། ས་དང་པོ་ནས་གློ་བུར་རྣམ་དག་གི་ཆོས་སྐུ་ཡོད་པར་མདོ་སྡེའི་རྒྱན་དང༌། རྒྱུད་བླ་མའི་འགྲེལ་པ་དང༌། ཆོས་དབྱིངས་བསྟོད་པ་ལས་བཤད་པ་དང༌། ས་དང་པོ་ནས་མྱ་ངན་ལས་འདས་པ་མངོན་དུ་བྱས་པར་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་གསུངས་པས་སོ། །འོ་ན་ཇི་སྐད་དུ། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་དང༌། དེས་མཚོན་ནས་སློབ་ལམ་ན་ཆོས་ཀྱི་སྐུ་དང༌། དེ་བཞིན་གཤེགས་པ་སོགས་ཀྱང་མེད་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་དང་དབྱེར་མེད་པ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། རྣམ་པ་ཐམས་ཅད་གྲངས་མེད་པ། །བསམ་མེད་དྲི་མེད་ཡོན་ཏན་དང༌། །དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཐར་པ་གང་དེ་དེ་བཞིན་གཤེགས། །ཞེས་གསུངས་པས་སོ། །ས་བཅུ་ན་ཡོད་པར་བཤད་པ་དེ་ནི་སངས་རྒྱས་ཀྱི་ཡོན་ཏན་རེ་རེ་བ་དང་དབྱེར་མེད་པ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། རྒྱན་ལས། སྐུ་མེད་པ་དང་བཅས་དང་སྐུ་ཐོབ་དང༌། །ཞེས་བཤད་པ་ལྟར་རོ། །ཉན་རང་འཕགས་པ་ལ་ནི་མི་མཚུངས་ཏེ། རང་རྒྱུད་ཀྱི་ཆོས་དབྱིངས་ཆོས་ཀྱི་སྐུར་སྦྱོང་བྱེད་ཀྱི་སྒྲུབ་པ་དང་མི་ལྡན་པའི་ཕྱིར་ཏེ། ཆོས་ཀྱི་སྐུའི་ཕྱིན་ཅི་ལོག་ལ་མངོན་པར་དགའ་བའི་ཕྱིར། དཔེར་ན། ཇི་སྲིད་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པ་དང༌། བདག་ཡོད་མེད་ཀྱི་སྤྲོས་པ་ཉེ་བར་མ་ཞི་བ་དེ་སྲིད་དུ། རང་རྒྱུད་ཀྱི་ཆོས་དབྱིངས་དེ་རྟག་པ་དང་བདག་ཏུ་མི་རུང་ལ། དེར་མི་རུང་ན་སྙིང་པོར་བཞག་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་སོ་སོ་སྐྱེ་བོའི་སེམས་ཀྱི་ཆོས་དབྱིངས་ལ་སངས་རྒྱས་ཀྱི་ཡོན་ཏན་དང་དབྱེར་མེད་པ་ཞེས་བྱ་བའི་དོན་སྣ་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། དེ་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མེད་པའི་ཕྱིར་རོ། །གཉིས་པ་ལ་དེ་ལ་དེས་ཁྱབ་པར་གསུངས་པའི་སྒྲ་ཇི་བཞིན་པའི་དོན་བསམ་པ་དང༌། དེ་སྒྲ་ཇི་བཞིན་པ་མ་ཡིན་པའི་ཤེས་བྱེད་དོ། །དང་པོ་ནི། མདོ་ལས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ་ཞེས་གསུངས་པའི་སྒྲ་ཇི་བཞིན་པའི་དོན་ནི། སེམས་ཅན་ཐམས་ཅད་ལ་སྙིང་པོ་སངས་རྒྱས་རེ་རེ་ཡོད་ཅེས་བྱ་བའི་དོན་ནོ། །གཉིས་པ་ལ། དངོས་དང༌། དེ་ཉིད་ལུང་གིས་སྒྲུབ་པའོ། །དང་པོ་ལ་དགོངས་གཞི་ནི། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ལ་དགོངས་སོ། །དེ་ལའང་ལྡོག་པའི་དབྱེ་བས་གསུམ་སྟེ། དྲི་མ་དང་འབྲལ་དུ་རུང་བའི་ཆ་དང༌། རང་བཞིན་གྱིས་རྣམ་པར་དག་པའི་ཆ་དང༌། བརྩེ་བ་དང་ཤེས་རབ་ལ་སོགས་པའི་ནུས་པ་འཇུག་ཏུ་རུང་བའི་ཆའོ། །གསུམ་པོ་དེ་ལ་ཆོས་ཀྱི་སྐུ་འཕྲོ་བ་དང༌། དེ་བཞིན་ཉིད་དབྱེར་མེད་པ་དང༌། སངས་རྒྱས་ཀྱི་རིགས་ཞེས་བྱ་བའི་མིང་གིས་བཏགས་སོ། །དགོས་པ་ནི་སྐྱོན་ལྔ་སྤང་བའི་ཕྱིར་དུའོ། །དངོས་ལ་གནོད་བྱེད་ནི། སེམས་ཅན་ཐམས་ཅད་ཆོས་ཅན། སངས་རྒྱས་ཀྱི་སྙིང་པོ་ཅན་མ་ཡིན་ཏེ། ཁྱོད་ཀྱི་ཆོས་དབྱིངས་དེ་སྟོབས་སོགས་ཆོས་སྐུའི་ཡོན་ཏན་གང་རུང་གཅིག་དང་ཡང་དབྱེར་མེད་པ་མ་ཡིན་པའི་ཕྱིར་རོ། །ཡང་ན་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པའི་གང་ཟག་བཞི་པོ་ཆོས་ཅན་དུ་བཟུང་ངོ༌། །གཉིས་པ་ནི། མདོ་ལས་དེ་ལྟར་གསུངས་པའི་དོན་སྒྲ་ཇི་བཞིན་པ་མ་ཡིན་པར་རྒྱུད་བླ་མའི་བསྟན་བཅོས་ཀྱིས་བཀྲལ་བ་ཡིན་ཏེ། དེར་དེའི་དགོངས་གཞི་སོགས་གསུམ་ཀ་གསལ་བར་གསུངས་པའི་ཕྱིར། ཇི་ལྟར་ཞེ་ན། དགོངས་གཞི་ནི། མདོར་བསྡུས་ན་དོན་རྣམ་པ་གསུམ་དང༌། དེ་ལས་ཕྱེ་ན་དཔེ་དགུས་མཚོན་པའི་དོན་དགུ་པོ་དེ་ཉིད་དགོངས་གཞིར་བཞག་ནས། སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་གསུངས་པའི་དགོངས་པ་འཆད་པའི་དབང་དུ་བྱས་ནས། ཇི་སྐད་དུ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །དེའི་དོན་ཡང༌། ལུས་ཅན་ཀུན་ནི་ཆོས་ཅན་ནོ། །མདོ་ལས་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུང་བའི་རྒྱུ་མཚན་ཡོད་དེ། ཞེས་པ་ནི་བསྒྲུབ་བྱའི་ཆོས་སོ། །སྐུ་ནི་འཕྲོ་ཕྱིར། ཞེས་སོགས་སྒྲ་ཇི་བཞིན་པ་ནི་གཏན་ཚིགས་སོ། །དེ་དག་གི་གོ་དོན་ཡང༌། དེའི་རྒྱུད་ལ་དེ་འབྱུང་དུ་རུང་བའི་རྒྱུ་མཚན་གྱིས་དེའི་སྙིང་པོ་ཅན་དུ་གསུངས་པའོ། །དེ་ལས་གཞན་དུ་དེ་དེའི་སྙིང་པོ་ཅན་ཡིན་པ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླངས་ན། འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པའི་གཏན་ཚིགས་གསུམ་པོ་གང་རུང་ལས་མ་འདས་པ་ཡིན་ཏེ། སྙིང་པོ་ཞེས་པ་སངས་རྒྱས་དངོས་ལ་འཆད་ན་ནི། རིགས་ཡོད་པའི་ཕྱིར། ཞེས་བཀོད་ན་འགལ་བར་འགྱུར་ཞིང༌། སངས་རྒྱས་ཀྱི་ཆོས་ཉིད་ལ་འཆད་ན་ཆོས་ཀྱི་སྐུ་ལ་གསུམ་དང༌། རིགས་ལ་ལྔར་ཕྱེ་བ་དེ་དག་སྙིང་པོ་མ་ཡིན་པས་འགལ་བ་དང་མ་ངེས་པ་གང་རུང་ལས་མ་འདས་ཤིང༌། སངས་རྒྱས་ཀྱི་ཆོས་ཉིད་ཡོད་པའི་ཤེས་བྱེད་དུ་དེ་བཞིན་ཉིད་དབྱེར་མེད་པ་བཀོད་པ་དེའི་ཚེ་ནི་མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པས་མ་གྲུབ་པའི་གཏན་ཚིགས་ལས་མ་འདས་པའི་ཕྱིར་རོ། །ཡང་ལུས་ཅན་ཀུན་སངས་རྒྱས་ཀྱི་སྙིང་པོ་ཅན་མ་ཡིན་བཞིན་དུ་ཡིན་པར་གསུངས་པའི་དགོས་པ་འཆད་པ་ནི། ཇི་སྐད་དུ། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཞེས་སོགས་ཡིན་ལ། དེའི་དོན་ཡང༌། བཀའ་བར་པར་ཆོས་ཐམས་ཅད་རང་སྟོང་དུ་གསུངས་ནས། བཀའ་ཐ་མར་རང་གི་ངོ་བོས་མི་སྟོང་པའི་སངས་རྒྱས་ཀྱི་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་འཆད་པ་ཅི་ཞེ་ན། འཁོར་ལོ་བར་པའི་དགོངས་པ་ཡང་གཞན་སྟོང་དུ་གནས་སོ། །ཞེས་འཆད་པ་ནི། ཡང་དག་མཐའ་ནི། ཞེས་སོགས་སོ། །སྟོབས་སོགས་ཡོངས་གྲུབ་ཀྱི་ཆོས་ཀྱིས་མི་སྟོང་ཞིང༌། ཀུན་བཏགས་བློ་བུར་གྱི་དྲི་མས་སྟོང་པའི་སྙིང་པོས་སེམས་ཅན་ལ། ཁྱབ་པའི་དགོས་པ་འཆད་པ་ནི། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཞེས་སོགས་སོ། །གསུམ་པ་དངོས་ལ་གནོད་བྱེད་འཆད་པ་ནི། ཇི་སྐད་དུ། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །ཞེས་པ་ནས། ཉི་མའི་དཀྱིལ་འཁོར་དག་དང་མཚུངས། །ཞེས་པའི་བར་གསུངས་སོ། །དེའི་དོན་ཡང༌། མདོ་ལས། སེམས་ཅན་གྱི་ཁམས་དང༌། ཆོས་ཀྱི་སྐུ་ལ་སོགས་པ་བཤད་པ་དེ་སྒྲ་ཇི་བཞིན་པ་ཡིན་ནམ་སྙམ་པ་ལ། ཆོས་ཀྱི་སྐུ་སོགས་ནི་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་ཕྱིར། རྫོགས་པའི་སངས་རྒྱས་ལས་གཞན་ན་མེད་དོ། །ཞེས་འཆད་པ་ཡིན་ནོ། །གསུམ་པ་རྟེན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཐེག་པ་གསུམ་གྱི་རྟེན་ཡིན་པའི་དོན་དང་སྒྲུབ་པ་བཅུ་གསུམ་གྱི་རྟེན་ཡིན་པའི་དོན་ནོ། །དང་པོ་ལ། འཐད་པའི་སྒོ་ནས་རིགས་སུ་བསྟན་པ་དང༌། དཔེའི་སྒོ་ནས་དབྱེ་བ་འཐད་པའི་ཚུལ་ལོ། །དང་པོ་ནི། ཇི་ལྟར་ཉན་ཐོས་ཀྱི། ཞེས་སོགས་ཀྱིས་འཆད་ལ། དེའི་དོན་ནི། ཉན་ཐོས་ཀྱི་ཐེག་པ་པའི་སེམས་ཀྱི་ཆོས་དབྱིངས་དེ་སྤྱིར་སངས་རྒྱས་ཀྱི་རིགས་ཡིན་ཀྱང༌། གནས་སྐབས་ཉན་ཐོས་ཀྱི་རིགས་སུ་ཐ་སྙད་འདོགས་པའི་རྒྱུ་མཚན་ཡོད་དེ། ཉན་ཐོས་ཀྱི་ཡོན་ཏན་ཇི་སྙེད་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། ཞེས་པའོ། །འདིར་ཐེག་པ་གསུམ་ཀས་རང་རྒྱུད་ཀྱི་ཆོས་དབྱིངས་ལ་དམིགས་པར་ཁས་བླངས་ཀྱང་སྐྱོན་ཡོད་པ་མ་ཡིན་ཏེ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་གསལ་རིག་གི་ཆ་ལ་ཆོས་ཀྱི་དབྱིངས་ཞེས་བྱ་ལ། དེ་ལའང་གང་ཟག་གི་དབང་དུ་བྱས་པའི་གཉིས་ཀྱིས་སྟོང་པ་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་སྟོང་གཉིས་སུ་འབྱེད་ལ། དེ་ལའང་ཕྱི་རོལ་ཡུལ་ལ་ལྟོས་པ་དང༌། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་གཉིས་སྟོང་གི་དབྱེ་བས་གཉིས་ཏེ། དེ་ལྟར་གསུམ་དུ་ཕྱེ་ནས་རིགས་ཅན་གསུམ་པོ་སོ་སོས་དེ་དང་དེ་ལ་དམིགས་ཏེ་བསྒོམས་པ་ལས། ཇི་ལྟར་དམིགས་པ་དང་མཐུན་པའི་བདག་མེད་གསུམ་རྟོགས་པའི་ལམ་སྐྱེ་བའི་ཕྱིར། དེ་སྐད་དུ་ཡང༌། དབུས་མཐའ་ལས། འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་ཏེ། ཞེས་དང༌། མངོན་པ་ཀུན་ལས་བཏུས་ལས། ཅིའི་ཕྱིར། ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེས་ན་གང་ཟག་གི་བདག་མེད་ཀྱང་ཆོས་དབྱིངས་སུ་འཆད་པ་ནི། རྣལ་འབྱོར་དཔྱོད་པ་པ་དག་གི་གྲུབ་པའི་མཐའ་ཡིན་ལ། སློབ་དཔོན་བཟང་པོའི་ཞབས་ཀྱང་དོན་འདི་ཉིད་གསལ་བར་བཞེད་པས། ཆོས་དབྱིངས་རྟོགས་ན་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པ་ཁས་ལེན་མི་དགོས་ཤིང༌། དེ་དགོས་སུ་ཆུག་ནའང༌། ཆོས་དབྱིངས་ལ་དམིགས་པ་ཙམ་གྱིས་དེ་རྟོགས་པའི་ཁྱབ་པ་མེད་དོ། །གཉིས་པ་ནི། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་སོགས་ཏེ། དེའི་དོན་ནི། ཐེག་པ་གསུམ་ཀའི་སེམས་ཀྱི་ཆོས་དབྱིངས་སངས་རྒྱས་ཀྱི་རིགས་སུ་འདྲ་ཡང༌། གནས་སྐབས་རིགས་ཅན་གསུམ་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། རྟེན་པ་རྒྱས་འགྱུར་གྱི་རིགས་ཀྱི་མིང་གིས་རྟེན་རང་བཞིན་གནས་རིགས་ལ་བཏགས་ནས། རིགས་དང་རིགས་ཅན་གསུམ་དུ་ཕྱེ་བའི་ཕྱིར། དཔེར་ན། སྣོད་གསུམ་པོ་རྫའི་སྣོད་དུ་འདྲ་ཡང༌། རྟེན་པ་བཅུད་ཀྱི་མིང་གིས་བཏགས་ནས་གསུམ་དུ་ཕྱེ་བ་བཞིན་ནོ། །ཞེས་པའོ། །གཉིས་པ་ནི། སྒྲུབ་པའི་རྟེན་ཆོས་དབྱིངས་ལ་འཆད་ན། དེ་ལ་བཅུ་གསུམ་དུ་འབྱེད་པ་ཅི་ཞེ་ན། རྟེན་ཆོས་ཀྱི་དབྱེ་བས་སོ། །དེ་དེ་ལ་རྟེན་པའི་ཚུལ་ཇི་ལྟ་བུ་ཞེ་ན། འདིའི་སྒྲུབ་པ་ནི། གཙོ་བོར་ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་ཆ་ནས་འཇོག་ལ། དེ་ཡང་རྟོགས་པ་པོ་སོ་སོ་རང་གི་ཆོས་དབྱིངས་འཛིན་སྟངས་ཀྱི་ཡུལ་དུ་བྱས་ཏེ་བསྒོམས་པ་ན་སྒྲུབ་པ་དེ་དག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་སྐྱེ་བའི་ཕྱིར། ཞེས་འཆད་པ་ནི། ཇི་སྐད་བཤད་པའི་ཆོས་ཀྱི་གཞིར་གྱུར་པ། །ཞེས་སོགས་སོ། །འཆད་ཚུལ་དེ་ལས་གཞན་དུ་བཤད་ན། ཤེས་བྱ་ཐམས་ཅད་ཆོས་དབྱིངས་ལ་རྟེན་པའི་ཤེས་བྱེད་དུ་སོང་བས་ཧ་ཅང་ཁྱབ་ཆེས་པར་འགྱུར་རོ། །མདོར་ན་སྒྲུབ་པའི་ཆོས་ཀྱི་གཞི་དང༌། རྟེན་དང༌། རྒྱུ་ཡིན་པ་གསུམ་ནི་དོན་གཅིག་ལ། དེ་ཡང་ཆོས་དབྱིངས་རྟོགས་པའི་སྒྲུབ་པ་བཅུ་གསུམ་པོ་དེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེའི་ངོ་བོར་སྐྱེས་པ་ལ་འཇོག་པ་ཡིན་ཏེ། བསམ་གཏན་ས་དྲུག་པོ་ཟག་མེད་ལམ་གྱི་སེམས་རྟེན་དུ་བཞག་པ་བཞིན་ནོ། །ཐེག་པ་གསུམ་ཀའི་ཡེ་ཤེས་ཀྱང་ཆོས་དབྱིངས་ལ་དམིགས་ནས་ཆོས་དབྱིངས་ཡེ་ཤེས་དེའི་ངོ་བོར་སྐྱེ་བ་ལ་ཁྱད་པར་མེད་ཀྱང༌། གསུམ་ཀས་ཆོས་ཀྱི་བདག་མེད་རྟོགས་པར་ཐལ་བའི་སྐྱོན་མེད་དེ། ཆོས་ཀྱི་བདག་མེད་རྟོགས་པའི་དོན་ནི། ཁྱབ་པའི་ཆོས་དབྱིངས་རྟོགས་པ་ལ་འཇོག་པ་ཡིན་ལ། ཐེག་པ་གཉིས་ཀྱིས་ནི་ཉི་ཚེ་བའི་ཆོས་དབྱིངས་ཙམ་ལ་དམིགས་ནས་དེ་ཙམ་ཞིག་རྟོགས་པའི་ཕྱིར་རོ། །ཐེག་པ་གསུམ་པོ་སོ་སོའི་ཡེ་ཤེས་དེ་དང་དེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་སྐྱེས་པ་དེའི་ཚེ་དེ་དང་དེ་ཆོས་དབྱིངས་སུ་ཁས་ལེན་པར་བྱེད་དམ་ཞེ་ན། མ་ཡིན་ཏེ། རྫས་ཀྱི་སྒོ་ནས་དབྱེ་བ་མེད་ཀྱང༌། ལྡོག་པའི་སྒོ་ནས་རྟེན་བརྟེན་པ་དང༌། ཆོས་ཆོས་ཅན་སོགས་སུ་འབྱེད་དགོས་པའི་ཕྱིར་རོ། །དཔེར་ན། ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་བཞིན་ནོ། །རིགས་ཅན་སོ་སོའི་རིགས་ཀྱི་དབྱེ་བ་དང༌། །དེ་བཞིན་གཤེགས་སྙིང་དེ་ལྟར་ཡིན་པ་དང༌། །རང་བཞིན་གནས་རིགས་རང་གི་ངོ་བོ་ཡང༌། །རྒྱས་འགྱུར་རིགས་ཀྱིས་རྒྱས་པའི་ཚུལ་འདིའོ།།  །།གཉིས་པ་སྒྲུབ་པའི་དམིགས་པ་ལ་གཉིས་ཏེ། སེམས་ཙམ་པ་དག་གི་ལུགས་དགག་པ་དང༌། དབུ་མ་པ་དག་གི་ལུགས་བཞག་པའོ། །དང་པོ་ནི། དབུ་མ་པར་ཁས་འཆེ་བའི་རྣམ་རྫུན་པ་དག་ན་རེ། གཟུང་འཛིན་གྱི་ཆོས་ཇི་སྙེད་པ་ནི། མེད་བཞིན་དུ་སྣང་བ་ཡིན་ཏེ། མ་རིག་པའི་བག་ཆགས་ཀྱི་དབང་གིས་དེར་འཁྲུལ་བའི་ཕྱིར། སྐྲ་ཤད་དུ་སྣང་བ་བཞིན་ནོ། །འོ་ན་ཅི་ཞིག་ཡོད་ཅེ་ན། གཉིས་མེད་ཀྱི་ཡེ་ཤེས་ཁོ་ནའོ། །དེས་ན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་དམིགས་པ་ཡང་དེ་ཁོ་ན་ཡིན་ཏེ། དེ་ལ་གཟུང་འཛིན་གཉིས་ཀྱི་སྣང་བ་མེད་པའི་ཕྱིར། གལ་ཏེ་ཡོད་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་འདོད་དོ། །དེ་སུན་འབྱིན་པ་ལ་གཉིས་ཏེ། ལུང་དང་རིགས་པའོ། །དང་པོ་ནི། ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ཆོས་ཉིད་ཁོ་ན་དམིགས་ཡུལ་དུ་བྱེད་ཀྱི། ཀུན་རྫོབ་ཀྱི་བདེན་པ་ལ་མ་དམིགས་ན་མངོན་པར་རྟོགས་པའི་རྒྱན་དང་འགལ་ལོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །ཞེས་དེས་བདེན་པ་གཉིས་ཆར་ལ་དམིགས་པར་བཤད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། དམིགས་པ་དག་པ་གོང་ནས་གོང་དུ་འགྲོར་མེད་པར་ཐལ་བ་དང༌། ཆོས་དབྱིངས་ལ་བདེན་འཛིན་གྱི་བློ་སྤང་དུ་མི་རུང་བར་ཐལ་བ་དང༌། རང་ལ་མཚུངས་པ་སྤངས་པའོ། །དང་པོ་ནི། འོ་ན་ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་གྱི་རིམ་པས་ཐོག་མར་གཟུང་བ་ལ་དམིགས་ནས་དེ་འཛིན་གྱི་སྤྲོས་པ་གཅོད་པ་དང༌། དེའི་འོག་ཏུ་འཛིན་པ་ལ་དམིགས་ནས་དེ་འཛིན་གྱི་སྤྲོས་པ་གཅོད་པ་དང༌། དེའི་འོག་ཏུ་གཉིས་མེད་ཀྱི་ཡེ་ཤེས་ལ་དམིགས་ནས་དེ་འཛིན་གྱི་སྤྲོས་པ་གཅོད་པ་སོགས་དམིགས་པ་དག་པ་གོང་ནས་གོང་དུ་འགྲོར་མེད་པར་ཐལ། ཐེག་ཆེན་གྱི་སྒྲུབ་པ་དེ་ཐོག་མ་ཉིད་ནས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཆོས་ཉིད་ཁོ་ན་ལ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་དབྱིངས་དེ་ལ་བདེན་འཛིན་གྱི་བློ་སྤང་དུ་མི་རུང་བར་ཐལ། ཆོས་ཀྱི་དབྱིངས་བདེན་པར་གྲུབ་པའི་ཕྱིར། དེ་ལྟར་ན་སྒྲུབ་པའི་རྟེན་ལ་ནི། ཆོས་ཀྱི་དབྱིངས་ཁོ་ན་གཙོ་ཆེ་བ་ཡིན་ཏེ། ཆོས་ཀྱི་དབྱིངས་ལས་གཞན་གང་ལ་ཡང་རྟེན་མི་དགོས་པའི་ཕྱིར། དམིགས་པ་ལ་ནི་རྣམ་འགྱུར་གཙོ་ཆེ་བ་ཡིན་ཏེ། ཇི་སྙེད་པ་དང་ཇི་ལྟ་བ་མཐའ་དག་ལ་རིམ་གྱིས་དམིགས་ནས་སྒྲོ་འདོགས་གཅོད་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་པ་གཉིས་ལས། དེ་ལྟར་བྱས་ན་རང་བཞིན་གཙོ་བོར་གྱུར་པ་ནི་རྟེན་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཞིང༌། གཉིས་ཀ་ཡང་གཉིས་ཀ་མ་བཀག་པ་དེ་བས་ན་རྟེན་དང་དམིགས་པ་དག་གི་མཚན་ཉིད་དང་དབྱེ་བ་ཐ་དད་པ་དང༌། དམིགས་པ་དག་པ་གོང་ནས་གོང་དུ་འགྲོ་བ་ཡང་འཐད་པར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ནི། འོ་ན་ཁྱེད་ཀྱི་ལྟར་ན་ཡང༌། ཇི་སྐད་དུ། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། ལུང་དེས་ནི་ཆོས་དབྱིངས་ཁོ་ན་སྒྲུབ་པའི་དམིགས་པར་སྟོན་པ་མ་ཡིན་ཏེ། ལུང་དེའི་དོན་ནི། བདེན་པའི་དངོས་པོར་མེད་པའི་ཆོས་ཅན་སྒྱུ་མ་ལྟ་བུ་ཐེག་ཆེན་གྱི་སྒྲུབ་པའི་དམིགས་པ་ཡིན་པ་ལ་དགོངས་པའི་ཕྱིར་རོ། །སྐབས་འདིར་ཆོས་དབྱིངས་ཀྱི་ངོས་འཛིན་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་པ་ནི། ཕྱོགས་སྔ་ཕྱི་གཉིས་ཀའི་འདོད་པ་ཐུན་མོང་བ་ཡིན་ལ། མི་འདྲ་བའི་ཁྱད་པར་ནི། རྣམ་རྫུན་པས་ནི། ཆོས་དབྱིངས་ཁོ་ན་རྟེན་དང་དམིགས་པ་གཉིས་ཀར་འདོད་ཅིང༌། འཕགས་སེང་གིས་ནི་ཆོས་དབྱིངས་ཁོ་ན་རྟེན་ཏུ་འཇོག་ཀྱང༌། དམིགས་པ་ནི་ཆོས་ཉིད་དང༌། ཆོས་ཅན་སྣ་ཚོགས་པ་མཐའ་དག་ལ་བཞད་དོ། །སྤྱིར་མཉམ་གཞག་སྣང་མེད་དུ་འདོད་པ་ནི་གཉིས་ཏེ། སེམས་ཙམ་པ་དང༌། དབུ་མ་པ་ཁ་ཅིག་གོ །དང་པོ་ནི། ཇི་སྐད་དུ། མདོ་ལས། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །དོན་གྱི་འདུ་ཤེས་བཟློག་དེས་ན། །རང་གི་འདུ་ཤེས་ངེས་པར་བཟུང༌། །ཞེས་སོགས་ཀྱི་མདོའི་རྗེས་སུ་འབྲངས་ནས་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ལས་གཞན་གྱི་རྣམ་པ་མི་འཆར་བར་འདོད་པ་སེམས་ཙམ་རྣམ་རྫུན་པ་དག་གི་ལུགས་སོ། །གཉིས་པ་ནི། ཇི་སྐད་དུ། དབུ་མ་ལ་འཇུག་པར། དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །ཞེས་དང༌། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་འཆད་པ་ལྟར། དབུ་མ་སྣང་མེད་པ་ཁ་ཅིག་གོ །ལུགས་དང་པོ་ལ་འཕགས་སེང་གིས་དགག་པ་མཛད་པ་ནི་གོང་དུ་བཤད་མ་ཐག་པ་དེ་ཡིན་ལ། ལུགས་གཉིས་པ་འགོག་པའི་རིགས་པ་ནི། འགྲེལ་པ་གཉིས་ཀ་ལས། ཡེ་ཤེས་སྟོང་པའི་ཡུལ་ཅན་དུ་ཐལ་བ་དང༌། སྟོང་ཉིད་འདུས་བྱས་སུ་ཐལ་བ་གཉིས་གསུངས་སོ། །རིགས་པ་དེ་འཇུག་པའི་ཚུལ་ཡང་འདི་ལྟར། ཐེག་ཆེན་གྱི་མཉམ་གཞག་ཡེ་ཤེས་དེ་རྟོག་པར་ཐལ་བའམ། ཡང་ན་ཁྱོད་འདོད་པའི་སྟོང་ཉིད་དེ་འདུས་བྱས་ཡིན་པ་གང་རུང་དུ་འགྱུར་རོ། །དེའི་ཤེས་བྱེད་ཀྱང་སྟོང་ཉིད་མེད་དགག་གི་ཆ་ནི་ལྡོག་པ་གཞན་སེལ་ལས་མ་འདས་ལ། དེ་སྣང་ཡུལ་དུ་བྱེད་པའི་བློ་ཡིན་ན་རྟོག་པ་ཡིན་དགོས་ཏེ། རྣམ་འགྲེལ་ལས། རྣམ་རྟོག་མེད་པར་སྤྱི་འཛིན་མིན། །ཞེས་གསུངས་སོ། །ཡེ་ཤེས་དེ་རྟོག་པར་མི་འདོད་ན་ནི་དེའི་དངོས་ཀྱི་གཞལ་བྱ་ལ་འདུས་བྱས་སམ། རང་མཚན་གྱིས་ཁྱབ་པར་འགྱུར་ཏེ། དེ་མངོན་སུམ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རྣམ་རྟོག་མེད་པ་ཉིད་ཀྱིས་ན། །རང་གི་མཚན་ཉིད་ལ་མངོན་སུམ། །ཞེས་གསུངས་སོ། །འོ་ན་དབུ་མ་པ་རང་གི་ལུགས་ལ་དེ་བཞིན་ཉིད་ཀྱི་ངོ་བོ་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་པ་དང༌། མེད་དགག་གི་ཆ་ལ་གཞག་པ་གཉིས་ལས། དང་པོ་དངོས་ཀྱི་གཞལ་བྱར་བྱས་པའི་མངོན་སུམ་ཡོད་མོད། གཉིས་པ་དེར་བྱེད་པའི་མངོན་སུམ་མི་སྲིད་པར་འགྱུར་ལ། དེ་ཡང་དེ་ལྟ་ན་རྣམ་གཞག་ཐམས་ཅད་འཆོལ་བར་འགྱུར་རོ། །སྙམ་ན། མ་ཡིན་ཏེ། རྒྱན་རྩ་འགྲེལ་གྱི་བཤད་པ་དང༌། ཟླ་བའི་ཞབས་ཀྱི་བཞེད་པ་དང༌། རྣམ་འགྲེལ་མཛད་པའི་བཞེད་པ་གསུམ་ཆར་ལས། དངོས་མེད་དང་ཕྱི་རོལ་གྱི་དོན་གྱི་རྣམ་པ་ཅན་གྱི་ཤེས་རྣམ་དངོས་སུ་རྟོགས་པ་ལ་དེ་དང་དེ་རྟོགས་པའི་ཐ་སྙད་མཛད་པར་གསལ་བའི་ཕྱིར། ཇི་ལྟར་ཞེ་ན། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱའི་མཚན་ཉིད་དེ། །ཞེས་སོགས་རྩ་འགྲེལ་ལས་ནི། ཐེག་ཆེན་གྱི་སྦྱོར་བས་སྐྱེ་མེད་གསུམ་གྱི་ཤེས་རྣམ་སྒོམ་པར་བཤད་ཀྱི། དོན་རྣམ་གྱི་ཆ་ནས་སྒོམ་བྱར་མ་བཤད་པའི་ཕྱིར་དང༌། དབུ་མ་ལ་འཇུག་པར། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམ་བརྟེན་ལས་དེ་ཡི་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་རྟེན་ནས་རིག་པ་ཡིན། །ཞེས་སྔོར་སྣང་དབང་ཤེས་ལ་སྔོན་པོའི་རྣམ་པ་ཤར་བ་ལ་སྔོན་པོ་རྟོགས་པའི་ཐ་སྙད་བྱེད་པ་དཔེར་བཀོད་ནས་ཡུལ་ཆོས་ཉིད་དང་ཡུལ་ཅན་གྱི་ཤེས་པ་རོ་གཅིག་ཏུ་གྱུར་པ་ལ་དེ་རྟོགས་པའི་ཐ་སྙད་བྱེད་པར་གསུངས་ཀྱི། དེས་དེ་མངོན་སུམ་དུ་མ་རྟོགས་པའི་ཚུལ་རྩ་འགྲེལ་གཉིས་ཀ་ལས་གསལ་བའི་ཕྱིར་དང༌། སྡེ་བདུན་མཛད་པས། གཞན་རིག་གི་ཚད་འབྲས་འཇོག་པ་ན་དེ་དང་དེའི་རྣམ་པ་ཤར་བ་དེ། ཐ་སྙད་དུ་དེ་དང་དེ་རྟོགས་པའི་ཤེས་བྱེད་དུ་འཇོག་ཅིང༌། ཡིན་ལུགས་ལ་རང་རིག་པའི་སྒྲུབ་བྱེད་དུ་སོང་བར་བཤད་པའི་ཕྱིར་རོ། །གལ་ཏེ་འོ་ན་ཤེས་རྣམ་དེ་ཉིད་ཀྱང་རྟོག་པར་ཐལ་བ་མ་ཡིན་ནམ་ཞེ་ན། སོ་སོ་སྐྱེ་བོའི་སར་ནི་རྟོག་པ་དང་མཚུངས་ལྡན་དུ་འབྱུང་ཡང༌། འཕགས་པའི་མཉམ་གཞག་ཏུ་ནི་རྟོག་པ་མ་ཡིན་ཏེ། ཆོས་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་འདྲེས་པ་ལ་དེའི་རྣམ་པ་ཤར་བའི་མིང་གིས་བཏགས་པའི་ཕྱིར་དང༌། ཅི་ཡང་མ་དམིགས་པ་ལ་ཆོས་དབྱིངས་དམིགས་པའི་ཐ་སྙད་བཏགས་པ་ཡིན་གྱི། སྟོང་ཉིད་ཀྱི་དོན་སྤྱི་ཤར་བའི་ཚུལ་གྱིས་འཛིན་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ལ་དམིགས་ན་དམིགས་པ་དག་པ་ཁྱད་པར་དུ་འགྲོར་མེད་པའི་སྐྱོན་དང༌། སྟོང་ཉིད་ཁོ་ན་ལ་དམིགས་ན་ཡེ་ཤེས་རྟོག་པར་ཐལ་བའི་སྐྱོན་བརྗོད་ནས། རང་ལུགས་འཇོག་ཚུལ་ནི། ཡང་དག་ཉིད་ལ་ཡང་དག་ལྟ། །ཞེས་པའི་ལུང་ཁུངས་སུ་དྲངས་ནས། ཡེ་ཤེས་ཀྱིས་དམིགས་པ་ཡང་དག་པའི་ཀུན་རྫོབ་ཀྱི་དངོས་པོ་ལ་དམིགས་ནས། རང་བཞིན་མེད་པའི་རྣམ་པ་ཅན་དུ་ལྟ་ཞེས་པ་ནི། འཕགས་སེང་གི་བཞེད་པའོ། །འོ་ན་སྟོང་ཉིད་ཁོ་ན་དམིགས་པར་འདོད་པས་ཀྱང་ཡེ་ཤེས་ཀྱི་དངོས་ཀྱི་རིག་བྱ་ཤེས་རྣམ་དུ་ཁས་མི་ལེན་པ་ཅི་ཞེ་ན། དེས་དེ་དེར་མི་འདོད་པའི་ཤེས་བྱེད་ནི། ཕྱོགས་སྔ་མའི་འདོད་པ་དེ་ནི་རྣམ་པ་གཞི་མེད་ཁོ་ན་མདོའི་བརྗོད་བྱ་དང༌། ཡེ་ཤེས་ཀྱི་གཞལ་བྱར་འདོད་པ་དག་ཡིན་ལ། འཕགས་པ་གྲོལ་སྡེས་དོན་དེ་ལ་དགག་པ་མཛད་པ་ན། ལུང་དང་རིགས་པ་གཉིས་ལས། དང་པོ་ནི། མདོ་ལས། སྟོང་ཉིད་ཉི་ཤུར་བཤད་པ་དེ། བསྟན་བཅོས་ལས་ཡེ་ཤེས་ཀྱི་ཚོགས་སུ་བསྡུས་ནས་བཤད་པ་དང་འགལ་ལོ་ཞེས་པ་ཡིན་ལ། རིགས་པ་ནི། མདོ་ལས་སྐྱེས་བུ་ལ་འཁོར་བའི་དོན་མ་བསྟན་པར་ཐལ་བ་དང༌། ཡེ་ཤེས་ཀྱི་ཆོས་ཅན་ཉི་ཤུའི་དབྱེ་བས་དེའི་ཆོས་ཉིད་རིམ་གྱིས་རྟོགས་པ་མི་སྲིད་པར་ཐལ་བ་འཕངས་པ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་དེའི་རྒྱབ་རྟེན་དུ། ཡུལ་ཅན་ཤེས་རྣམ་ལ་བསམ་ནས་སྟོང་ཉིད་ཉི་ཤུ་པོ་མོས་སྤྱོད་ནས་སངས་རྒྱས་ཀྱི་སའི་བར་ལ་ས་མཚམས་སོ་སོར་ཕྱེ་ནས་གཞག་པ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་ཡང་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་འཆད་པ་ནི་འཕགས་སེང་གི་བཞེད་པའོ། །འདིར་སྨྲས་པ། དམིགས་ཡུལ་དམིགས་མེད་བློ་ཡིས་འཛིན་ཚུལ་དང༌། །ཆོས་དབྱིངས་ཆོས་ཀྱི་བདག་མེད་རྟོགས་པའི་ཚུལ། །གཞན་ལུགས་གཞན་དུ་རྒྱས་པར་བཀོད་ཟིན་ཕྱིར། །རང་ལུགས་རང་གི་འཆད་ཚུལ་བསྡུས་ཏེ་བཤད།།  །།གསུམ་པ་ཆེད་དུ་བྱ་བ་ལ་གསུམ་སྟེ། མཚན་ཉིད་དང༌། མཚན་གཞི། ས་མཚམས་སོ། །དང་པོ་ནི། ཐེག་ཆེན་སྒྲུབ་པ་པོའི་དོན་དུ་གཉེར་བྱ་མཐར་ཐུག་གོ །གཉིས་པ་ནི། འདིར་ཆེན་པོ་དང་ཆེད་དུ་བྱ་བ་དོན་གཅིག་གམ་ཞེ་ན། གཞི་མཐུན་སྲིད་པ་མི་འགལ་ཡང༌། དོན་གཅིག་པ་མ་ཡིན་ཏེ། ཆེད་དུ་བྱ་བ་ནི་བསྒྲུབ་བྱ་ཡིན་ལ། ཆེན་པོ་གསུམ་པོ་ནི་དེའི་སྒྲུབ་བྱེད་ཡིན་ཞིང༌། སྒྲུབ་བྱེད་དེ་དང་ལྡན་པའི་བྱང་སེམས་རྣམས་བྱང་སེམས་ཆེན་པོར་འཇོག་པར་བྱེད་པའི་བྱེད་ཆོས་ཡིན་པའི་རྒྱུ་མཚན་གྱིས་ཆེན་པོ་ཞེས་བྱའོ། །འོ་ན་ཆེད་དུ་བྱ་བ་གསུམ་པོ་གང་ཡིན། དེའི་སྒྲུབ་བྱེད་ཆེན་པོ་གསུམ་ནི་ཅི་ཞེ་ན། དང་པོ་ནི། འདི་ལྟར་སེམས་ཅན་ཀུན་གྱི་མཆོག་ཉིད་དང༌། དེའི་སྤངས་པ་དང༌། དེའི་རྟོགས་པ་གསུམ་མོ། །དང་པོ་ནི། སྤངས་རྟོགས་སོ་སོར་མ་ཕྱེ་བའི་སངས་རྒྱས་ཀྱི་ཆོས་སྐུ་ཙམ་ལ་བྱ་ལ། ཕྱི་མ་གཉིས་ནི་སྤངས་རྟོགས་སོ་སོར་ཕྱེ་བའོ། །གཉིས་པ་ཆེན་པོ་ནི། རང་གང་ལ་ལྡན་པའི་བྱང་སེམས་དེ་ཆེན་པོར་འཇོག་པར་བྱེད་པའི་བྱེད་ཆོས་ཤིག་ཡིན་ལ། དབྱེ་ན། སེམས་ཆེན་པོ། སྤོང་བ་ཆེན་པོ། རྟོགས་པ་ཆེན་པའོ། །དང་པོ་ནི། བྱང་སེམས་འཕགས་པའི་རྒྱུད་ཀྱི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ལ་སོགས་པ་དྲུག་པོ་དེའོ། །དེ་ལ་དེར་འཇོག་པའི་ཤེས་བྱེད་ནི། རང་གང་ལ་ལྡན་པའི་གང་ཟག་དེ་སེམས་ཅན་ཀུན་གྱི་མཆོག་སངས་རྒྱས་སུ་སྐྱེད་བྱེད་ཀྱི་རྒྱུ་དང༌། དེ་འདྲ་དེ་བྱང་སེམས་ཆེན་པོར་འཇོག་བྱེད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །ཡང་བྱང་འཕགས་ཀྱི་རྒྱུད་ཀྱི་བདག་གཉིས་སུ་ལྟ་བའི་རྟོག་པ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་དེ་ལ་ནི་སྤོང་བ་ཆེན་པོ་ཞེས་བྱ་ལ། དེའི་རྒྱུ་མཚན་ཡང་རང་རྒྱུད་ལྡན་གྱི་གང་ཟག་དེ་སྤངས་པ་མཐར་ཐུག་པའི་སར་སྐྱེད་བྱེད་ཀྱི་རྒྱུ་དང༌། དེ་འདྲ་དེ་སེམས་དཔའ་ཆེན་པོར་འཇོག་བྱེད་ཀྱི་གཏན་ཚིགས་ཡིན་པའི་ཕྱིར་རོ། །ཡང་དེའི་རྒྱུད་ཀྱི་མི་མཉམ་པ་དང་མཉམ་པའི་སེམས་ལ་སོགས་པ་མདོ་ལས་རྒྱས་པར་གསུངས་པ་དེ་དག་ལ་ནི། རྟོགས་པ་ཆེན་པོ་ཞེས་བྱ་ལ། དེའི་ཤེས་བྱེད་ཀྱང་རང་རྒྱུད་ལ་ལྡན་པའི་གང་ཟག་དེ་རྟོགས་པ་མཐར་ཐུག་པའི་གནས་སུ་སྐྱེད་བྱེད་ཀྱི་རྒྱུ་དང༌། དེ་འདྲ་དེ་བྱང་སེམས་ཆེན་པོར་འཇོག་བྱེད་ཀྱི་གཏན་ཚིགས་ཡིན་པའི་ཕྱིར་རོ། །གཞན་འགྲེལ་གཞན་ལ་མ་བརྟེན་པར། །མདོ་དང་མདོ་འགྲེལ་དཔང་བཙུགས་ནས། །ཆོས་དང་ཆོས་མིན་འབྱེད་པའི་བློས། །བསྒྲུབ་བྱ་སྒྲུབ་བྱེད་ཕྱེ་ནས་བཤད།།  །།བཞི་པ་སྒྲུབ་པ་རང་གི་ངོ་བོ་ལ་གཉིས་ཏེ། རྩ་བས་མ་ཟིན་པའི་སྒྲུབ་པ་གཉིས་བཤད་པ་དང༌། རྩ་བས་ཟིན་པའི་སྒྲུབ་པ་བཞི་ངོས་བཟུང་བའོ། །དང་པོ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཞེས་སོགས་ཀྱིས་འཆད་པ་ཡིན་ལ། འདི་ལ་ལོ་ཙཱ་བ་ཆེན་པོའི་གསུང་གིས། མཁྱེན་གསུམ་སྤྱིའི་སྒྲུབ་པ་དང༌། སྦྱོར་བཞི་བྱེ་བྲག་གི་སྒྲུབ་པ་ཞེས་བཤད། གཉིས་པོའི་ཁྱད་པར་ནི། ཡུལ་སྐྱེ་མེད་གསུམ་ལ་ཉམས་ལེན་གཙོ་བོར་གྱུར་པ་དང༌། ཡུལ་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཉམས་ལེན་གཙོ་བོར་གྱུར་པའོ། །གཉིས་པོ་ཡང་ལྡོག་པས་ཕྱེ་བ་ཡིན་གྱི། རྫས་འགལ་བ་ནི་མ་ཡིན་ཏེ། གཉིས་ཀ་ལ་ཡང་གཉིས་ཀ་ཚང་དགོས་པའི་ཕྱིར། དེས་ན་གཅིག་ནི་ལྟ་བའི་ཆ་ནས་ངོས་བཟུང་བ་ཡིན་ལ། ཅིག་ཤོས་ནི་སྤྱོད་པའི་ཆ་ནས་གཞག་པའོ། །དེ་ཡང་འདི་ལྟར་བཤད་ན་གོ་བདེ་བ་ཡིན་ཏེ། རྣམ་ཀུན་ལ་སོགས་པའི་སྦྱོར་བ་བཞི་པོ་ཉིད་ལ་ལྡོག་པས་ཕྱེ་ན། ལྟ་བའི་ཆར་གྱུར་པ་སྐྱེ་མེད་གསུམ་ལ་དབང་ཐོབ་ཕྱིར་དུ་སྒོམ་པ་སོགས་བཞི་དང༌། སྤྱོད་པའི་ཆར་གྱུར་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དབང་ཐོབ་ཕྱིར་དུ་སྒོམ་པ་སོགས་བཞིའོ། །དང་པོ་ནི། སྦྱོར་བཞིའི་ཡན་ལག་རྒྱས་བཤད་ཀྱི་སྐབས་སུ་དངོས་བསྟན་གྱི་གཙོ་བོར་བྱས་ནས་འཆད་པ་དེ་ཉིད་ཡིན་པས་འདིར་རྒྱས་པར་འཆད་མི་དགོས་ལ། གཉིས་པ་ནི། འདིར་འཆད་པའི་གོ་ཆའི་སྒྲུབ་པ་ལ་སོགས་པ་བཞིའོ། །འཆད་ཚུལ་དེ་ལས་གཞན་དུ་ན་མཁྱེན་གསུམ་སྤྱིའི་སྒྲུབ་པ་ཞེས་བྱ་བ། སྦྱོར་བཞིའི་སྒྲུབ་པ་ལས་ལོགས་སུ་ངོས་བཟུང་བར་མི་ནུས་ཏེ། སྐྱེ་མེད་གསུམ་ཉམས་སུ་ལེན་པའི་རྣལ་འབྱོར་ནི་སྦྱོར་བཞི་ལས་ལོགས་ན་མེད་ལ། སྐྱེ་མེད་གསུམ་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་བློ་ནི་འདིའི་སྒྲུབ་པར་མི་རུང་ཞིང༌། སེམས་བསྐྱེད་ལ་སོགས་པའི་ཆོས་སུམ་ཅུ་པོ་འདིར་འབྱུང་བའི་སྤྱི་སྒྲུབ་ཏུ་བཤད་ན་ཤིན་ཏུ་འཁྲུལ་བའི་ཕྱིར་དང༌། དངོས་བརྒྱད་སྤྱིའི་གོ་རིམ་འཇོག་པའི་ཚེ་ནི་མཁྱེན་པ་གསུམ་པོ་ཡུལ་གྱི་ཆ་ནས་བཞག་པ་ཡིན་གྱི། སྒྲུབ་པའི་ཆ་ནས་མ་བཞག་པའི་ཕྱིར། འོ་ན་དེ་གསུམ་གྱི་སྒྲུབ་པ་འཆད་པ་ཅི་ཞེ་ན། གསུམ་པོ་ཡུལ་དུ་བཞག་ནས་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དོན་དེ་ཉམས་སུ་ལེན་པའི་རྣལ་འབྱོར་དེ་ཉིད་ལ། མཁྱེན་གསུམ་གྱི་སྒྲུབ་པའི་མིང་གིས་བཏགས་པའི་ཕྱིར་ཉེས་པ་མེད་དོ། །འོ་ན་དེ་ལས་ལོགས་སུ་སྦྱོར་བཞིའི་སྒྲུབ་པ་འཆད་པ་ཅི་ཞེ་ན། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆ་ནས་སོ་ཞེས་བཤད་ཟིན་པ་དེ་ཉིད་དོ། །གཉིས་པ་ནི། གོང་དུ་བཤད་ཟིན་པ་དེ་ལྟར་ན་རྟེན་དང་དམིགས་པ་དང་ཆེད་དུ་བྱ་བ་གསུམ་གྱིས་ཁྱད་པར་དུ་བྱས་པའི་སྒྲུབ་པ་རང་གི་ངོ་བོ་ལ་ལྡོག་པའི་དབྱེ་བས་ཕྱེ་ན་གཉིས་ལས། ལྟ་བའི་ཆ་ནི་རྣམ་ཀུན་མན་ཆད་དུ་འཆད་ལ། འདིར་དངོས་སུ་བསྟན་པ་ནི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱ་བའོ། །དེ་ལ་གཉིས་ཏེ། རྒྱུ་བསམ་སྦྱོར་གྱི་བརྩོན་འགྲུས་གཙོ་བོར་གྱུར་པ་དང༌། འབྲས་བུ་འཛིན་འབྱིན་གྱི་བྱ་བ་གཙོ་བོར་གྱུར་པའོ། །དང་པོ་ལ། བསམ་པའི་བརྩོན་འགྲུས་གཙོ་བོར་གྱུར་པ་གོ་ཆ་དང༌། སྦྱོར་བའི་བརྩོན་འགྲུས་གཙོ་བོར་གྱུར་པ་འཇུག་པའོ། །འདི་གཉིས་དང་པོར་ཐོབ་པའི་ས་མཚམས་ལ་སྔ་ཕྱིའི་རིམ་པ་ཡོད་ཀྱང༌། ཕྱིས་ཐོབ་ཟིན་ནས་ནི་ལྷན་ཅིག་ཏུ་འཇུག་པ་ཡིན་ཏེ། དཔེར་ན། སྨོན་འཇུག་གི་ཁྱད་པར་གཞན་དོན། དོན་གཉེར་གྱི་བློ་དང༌། དེའི་བྱ་བ་ལ་འཇུག་བཞིན་པའི་དབྱེ་བས་ཕྱེ་བ་བཞིན་ནོ། །གཉིས་པ་ལ་འབྲས་བུ་འཛིན་པའི་བྱ་བ་གཙོ་བོར་གྱུར་པ་ཚོགས་དང༌། འབྱིན་པའི་བྱ་བ་གཙོ་བོར་གྱུར་པ་ངེས་པར་འབྱུང་བྱེད་ཀྱི་སྒྲུབ་པ་གཉིས་སོ། །འདི་གཉིས་ཀྱང་གོ་འཇུག་གི་སྒྲུབ་པ་གཉིས་ཟུང་དུ་འཇུག་པའི་གནས་སྐབས་ལ་བཏགས་པ་ཡིན་ཏེ། གོ་བགོས་ནས་འཇུག་པ་བྱས་པ་ལས་ཚོགས་གཉིས་ཀྱི་ནུས་པ་མཐུ་ཅན་དུ་གྱུར་པ་དེའི་ཚེ་ཚོགས་ཀྱི་དང༌། འབྲས་བུ་དངོས་སུ་འབྱིན་པ་ལ་ཞུགས་པ་དེའི་ཚེ་ངེས་འབྱུང་གི་སྒྲུབ་པའི་མིང་གིས་བཏགས་པའི་ཕྱིར་རོ། །སོ་སོའི་ངོས་འཛིན་ནི་ཕྱིན་དྲུག་ལ་གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པའི་སྒྲུབ་པ་ལ་ནི་གོ་ཆའི་སྒྲུབ་པ་ཞེས་ཀྱང་བྱ། ཕྱིན་དྲུག་གི་རྟེན་ཅན་གྱི་རྣམ་རྫོགས་སྦྱོར་བ་ཞེས་ཀྱང་བྱའོ། །ཕྱིན་དྲུག་ལ་འཇུག་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་སྒྲུབ་པ་ལ་ནི་འཇུག་པའི་སྒྲུབ་པ་ཞེས་ཀྱང་བྱ། ཕྱིན་དྲུག་གི་རྟེན་ཅན་གྱི་རྩེ་མོའི་སྦྱོར་བ་ཞེས་ཀྱང་བྱའོ། །ཕྱིན་དྲུག་ཚོགས་གཉིས་ཀྱི་ངོ་བོར་སྐྱེས་པའི་སྒྲུབ་པ་ལ་ནི་ཚོགས་ཀྱི་སྒྲུབ་པ་དང༌། དེའི་རྟེན་ཅན་གྱི་མཐར་གྱིས་པའི་སྦྱོར་བ་ཞེས་བྱའོ། །ཕྱིན་དྲུག་ཚོགས་སུ་གྱུར་ནས་ངེས་པར་འབྱུང་ས་མཐར་ཐུག་དངོས་སུ་འབྱིན་པའི་སྒྲུབ་པ་ལ་ནི་ངེས་འབྱུང་གི་སྒྲུབ་པ་དང༌། ཕྱིན་དྲུག་གི་རྟེན་ཅན་གྱི་སྐད་ཅིག་མའི་སྦྱོར་བ་ཞེས་བྱའོ། །བཞི་པོའི་ས་མཚམས་ལ། འགྲེལ་བ་དོན་གསལ་བ་འདི་ལྟར་ན། སྒྲུབ་པ་བཞི་པོ་ཁྱད་པར་ཅན་དང་པོར་ཐོབ་པའི་ས་མཚམས། སྦྱོར་བའི་ལམ་སོགས་བཞི་ལ་འཆད་པར་གསལ་ཞིང༌། འགྲེལ་བཤད་མཛད་པས་ཀྱང་དེ་ལྟར་དུ་འགྲེལ་ལ། འགྲེལ་ཆེན་དུ་ནི་སྦྱོར་བའི་ལམ་ལ་རྒྱུད་ནས་དང༌། ཉེ་བར་དང༌། དངོས་སུ་སྦྱོར་བ་གསུམ་དུ་ཕྱེ་ནས་བྱང་སེམས་ཀྱི་ཚོགས་ལམ་དང༌། དྲོད་སོགས་དང་པོ་གསུམ་དང༌། ཆོས་མཆོག་ལ་བཤད་ནས། གོ་འཇུག་ཚོགས་གསུམ་གྱི་དང་པོར་ཐོབ་པའི་ས་མཚམས་དེ་དང་དེ་ནས་འཛིན་ལ། ངེས་འབྱུང་སྒྲུབ་པའི་ས་མཚམས་ནི་ཁྱད་པར་གྱི་ལམ་ནས་འཆད་པ་ལ་ཐམས་ཅད་མཐུན་ནོ། །སྤྱིར་ཁྱད་པར་གྱི་ལམ་ཞེས་པ་མཐོང་སྒོམ་མི་སློབ་ལམ་གསུམ་ཆར་ལ་རེ་རེ་ཡོད་ཀྱང༌། འདིར་ནི་སྒོམ་ལམ་གྱི་དེ་ལ་འཆད་པ་ཡིན་ལ། དེ་ཡང་དངོས་སུ་འབྱིན་བྱེད་ཀྱི་དབང་དུ་བྱས་ན་རྒྱུན་མཐའི་སྔ་ལོགས་ཀྱི་ཡེ་ཤེས་ལ་བཤད་ན་བདེ་བ་ཡིན་ཏེ། ངེས་པར་འབྱུང་ས་དེ་ལ་སློབ་ལམ་མཐར་ཐུག་ཅིག་དང༌། མི་སློབ་ལམ་མཐར་ཐུག་བདུན་དུ་འཆད་དགོས་པའི་ཕྱིར་རོ། །བོད་སྔ་མ་རྣམས་ངེས་འབྱུང་གི་སྒྲུབ་པ་ཙམ་སྦྱོར་ལམ་ནས་འཆད་ཀྱང༌། སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། དེས་ནི་དེ་ཁྱད་པར་གྱི་ལམ་ལ་བཞག་པས། ཐ་ནའང་མཐོང་ལམ་གྱི་ཁྱད་པར་གྱི་ལམ་ནས་འཇོག་དགོས་པའི་ཕྱིར་རོ།།  །།སྔོན་གྱི་རྒན་པོས་སྔོན་ནས་ལེགས་དཔྱད་ཀྱང༌། །ཡིད་རྟོན་གནས་ལའང་ཡིད་བརྟན་མ་མཐོང་ནས། །རང་གི་རིགས་པས་རང་གར་རྣམ་བརྟགས་པ། །འཕགས་སེང་ལུགས་ཀྱི་འཕགས་ཆོས་ཡིན་སྙམ་བྱེད།།  །།འཇུག་སྒྲུབ་ཀྱི་འཇུག་ཡུལ་ཐེག་ཆེན་ནི་གཉིས་ཏེ། རྒྱུའི་དང༌། འབྲས་བུ། །དང་པོ་ལ་གསུམ་སྟེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། དེ་གཉིས་ཐེག་ཆེན་དུ་བྱེད་པའི་བྱེད་ཆོས་སོ། །དང་པོ་ནི། བསམ་གཏན་གཟུགས་མེད་ཅེས་པས་བསྟན་ནོ། །གཉིས་པ་ལ་རང་དོན་དང་གཞན་དོན་གྱི་དབང་དུ་བྱས་པ་ལས། དང་པོ་ལ་ཡོན་ཏན་སྒྲུབ་པའི་དབང་དུ་བྱས་པ་སྦྱིན་སོགས་དང༌། སྒྲིབ་པ་སྤོང་བའི་དབང་དུ་བྱས་པ་ལམ་མོ། །གཞན་དོན་གྱི་དབང་དུ་བྱས་པ་ལ། དེ་ལ་སྤྲོ་བ་བྱམས་སོགས་དང༌། དེ་སྒྲུབ་པ་ལ་མཁས་པ་དམིགས་པ་མེད་པའི་ཡེ་ཤེས་སོ། །གསུམ་པ་ནི། འཁོར་གསུམ་དུ་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཁྱད་པར་དང༌། ཆེད་དུ་བྱ་བ་འབྲས་བུའི་ཁྱད་པར་དང༌། མངོན་པར་ཤེས་པ་དྲུག་མཐུའི་ཁྱད་པར་རྣམས་སོ། །འབྲས་བུའི་ཐེག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་ལོ་ཙཱ་བ་ཆེན་པོས་གསུངས་སོ།།  །།འདིར་བསམ་གཏན་དང་གཟུགས་མེད་ཀྱི་རྣམ་པར་བཞག་པ་གཞན་གྱིས་གསལ་པོར་མ་བཤད་པ་འགའ་ཞིག་འཆད་པ་ལ་གཉིས་ཏེ། ཟག་བཅས་ཀྱི་དང༌། ཟག་མེད་ཀྱི་སྙོམས་འཇུག་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་སྙོམས་འཇུག་གི་དང༌། འབྲས་བུ་སྐྱེ་བའི་བསམ་གཏན་དང༌། གཟུགས་མེད་དོ། །དང་པོ་ནི། འབྲས་བུ་སྐྱེ་བའི་བསམ་གཏན་དང༌། གཟུགས་མེད་གང་རུང་གི་རྣམ་སྨིན་གྱི་རྒྱུ་དང༌། བདག་པོའི་རྐྱེན་གང་རུང་དུ་གྱུར་པའོ། །དེ་ཡང་དེ་དང་དེའི་བཅུད་ཀྱི་སེམས་ཅན་གྱི་ནི་རྣམ་སྨིན་གྱི་རྒྱུ་དང༌། སྣོད་ཀྱི་འཇིག་རྟེན་གྱི་ནི་བདག་པོའི་རྐྱེན་ནོ། །དེའི་ཕྱིར་རྒྱུ་ནི་ཀུན་འབྱུང་དང༌། འབྲས་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །ཀུན་འབྱུང་ལའང་གཉིས་ཏེ། འཕེན་བྱེད་ཀྱི་དང༌། འགྲུབ་བྱེད་ཀྱི་རྒྱུའོ། །དང་པོ་ནི། སྤྱིར་ཉེར་བསྡོགས་དང༌། དེའི་ནང་ཚན་ཞི་རགས་ཀྱི་རྣམ་པ་ཅན་གྱིས་བྱེད་ལ། འགྲུབ་བྱེད་ཀྱི་རྒྱུ་ནི་དངོས་གཞིའི་སྙོམས་འཇུག་གོ །འཕེན་བྱེད་ལའང་དངོས་དང༌། དེའི་ཀུན་སློང་དུ་གྱུར་པའི་ཉོན་མོངས་པ་གཉིས་ཡོད་ལ། དང་པོ་ནི། ཞི་རགས་ཀྱི་རྣམ་པ་ཅན་དུ་ལྟ་བའི་ལྷག་མཐོང་གི་ངོ་བོར་གྱུར་པའི་སེམས་པའོ། །ཀུན་སློང་ནི། ས་འོག་མ་ལ་སྐྱོན་དུ་ལྟས་ནས་གོང་མ་ལ་སྲེད་པའི་འདོད་ཆགས་སོ། །དེ་ལྟར་ན་རྒྱུའི་སྙོམས་འཇུག་ལ་གཉིས་ཏེ། ཉེར་བསྡོགས་དང༌། དངོས་གཞིའོ། །དང་པོ་ནི། རང་རང་གི་དངོས་གཞི་ཐོབ་པའི་དོན་དུ་དམིགས་རྣམ་སྤྱོད་པར་བྱེད་པའི་ཐབས་ཀྱིས་བསྡུས་པའི་དགེ་བ་རྩེ་གཅིག་པའོ། །དབྱེ་ན། ཞི་གནས་ཀྱི་ངོ་བོར་གྱུར་པ་དང༌། ལྷག་མཐོང་གི་ངོ་བོར་གྱུར་པ་གཉིས་ལས། དང་པོའི་མཚན་ཉིད། དེ་གང་ཞིག སྙོམས་འཇུག་གི་སྒྲིབ་པའི་གཉེན་པོའི་རིགས་སུ་གྱུར་པའོ། །དབྱེ་ན། སེམས་གནས་པའི་ཐབས་རྣམ་པ་དགུའོ། །བོད་ཕྱི་མ་གང་དག མདོ་སྡེའི་རྒྱན་དང༌། ཉན་ཐོས་ཀྱི་ས་ནས་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་པའི་མ་མཐའི་ས་མཚམས། སེམས་གནས་པའི་ཐབས་དགུ་པའི་དེ་མ་ཐག་པ་དེར་བཤད་པ་ལ་བསམས་ནས། དགུ་པོ་ཐམས་ཅད་མཉམ་པར་མ་བཞག་པའི་སས་བསྡུས་སུ་འཆད་པ་ནི་ནོར་བ་ཡིན་ཏེ། གཞུང་དེ་དག་ལས། སྤྱིར་ཉེར་བསྡོགས་ལ་ཞི་ལྷག་གཉིས་སུ་ཕྱེ་ནས། དེའི་ཞི་གནས་ཀྱི་དབྱེ་བ་འཆད་པ་ན་སེམས་གནས་པའི་ཐབས་དགུ་བཤད་པ་ཡིན་གྱི། བསམ་གཏན་དང་པོའི་ཉེར་བསྡོགས་སུ་གྱུར་པའི་ཞི་གནས་ཁོ་ནའི་དབྱེ་བ་ཡིན་པར་སྟོན་བྱེད་ཀྱི་ལུང་མེད་པའི་ཕྱིར། བསམ་གཏན་གཉིས་པ་ཡན་གྱི་ཉེར་བསྡོགས་ཀྱི་ཞི་གནས་ལ་དགུ་པོ་དེར་མ་ཕྱེ་ན། དེའི་ཞི་གནས་ཀྱི་རྣམ་པར་བཞག་པ་ངོས་མི་ཟིན་པའི་ཕྱིར་དང༌། གཉིས་པ་ཡན་གྱི་ཉེར་བསྡོགས་ལ་ཞི་ལྷག་གཉིས་སུ་མི་འབྱེད་ན་ལྷག་མཐོང་རྐྱང་པའི་ཉེར་བསྡོགས་ཀྱིས་རང་རང་གི་དངོས་གཞི་མངོན་དུ་བྱེད་ནུས་པར་འགྱུར་ལ། དེ་ལྟ་ན་མཐར་གནས་ཀྱི་དངོས་གཞིའི་སྙོམས་འཇུག་དང་པོ་བརྒྱད་མངོན་དུ་བྱེད་པ་ལ་རང་རང་གི་ངོ་སྐལ་གྱི་སྙོམས་འཇུག་གི་སྒྲིབ་པ་སྤང་མི་དགོས་པར་ཐལ་བ་དང༌། ས་འོག་མའི་ཉོན་མོངས་སྤངས་པ་ཙམ་གྱིས་གོང་མའི་དངོས་གཞི་མངོན་དུ་བྱེད་ནུས་པར་འགྱུར་བ་དང༌། ས་འོག་མའི་ཉོན་མོངས་ལ་ཆགས་བྲལ་བྱེད་པའི་ཉེར་བསྡོགས་སྔོན་དུ་མ་སོང་བར་གོང་མའི་དངོས་གཞི་མངོན་དུ་བྱེད་ནུས་པ་ཞིག་མི་སྲིད་པར་ཐལ་བ་རྣམས་འཇུག་གོ །བོད་སྔ་མ་རྣམས་ཀྱིས་ནི་ཉེར་བསྡོགས་ལ་ལྷག་མཐོང་ཁོ་ནའི་བཤད་པ་མཛད་ནས་ཞི་གནས་ཀྱི་བཤད་པ་མ་མཛད་པ་དང༌། བོད་ཕྱི་མ་དག་གིས། བསམ་གཏན་དང་པོའི་ཉེར་བསྡོགས་ལ་ཞི་གནས་ཀྱི་བཤད་པ་མཛད་ཀྱང་གཉིས་པ་ཡིན་གྱི་ཉེར་བསྡོགས་ལ་ཞི་གནས་ཀྱི་རྣམ་པར་བཞག་པ་འཇོག་མ་མཁྱེན་པས། ལུགས་དེ་གཉིས་ཀ་ནོངས་སོ། །འོ་ན་གཉིས་པ་ཡན་གྱི་ཉེར་བསྡོགས་ཀྱི་ཞི་གནས་དེ་དང་དེ་དག་ས་གང་དང་གང་གིས་བསྡུས། དེ་དག་གི་ལས་སུ་བྱ་བ་ནི་ཅི་ཞེ་ན། སེམས་རྩེ་གཅིག་པ་མན་ཆད་ས་འོག་མ་འོག་མས་བསྡུས་ལ། དེའི་མཐར་ས་རང་རང་ལ་ལྟོས་པའི་ཤིན་ཏུ་སྦྱངས་པ་ཐོབ་པ་དེ་ནས་རང་རང་གི་སས་བསྡུས་ཤིང༌། ས་དེ་དང་དེ་ལ་ལྟོས་པའི་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱའོ། །འདིར་ཡིད་ལ་བྱེད་པ་ཞེས་བྱ་བའི་དོན་ནི། མི་མཐུན་ཕྱོགས་སྤོང་བའི་ཡིད་ལ་བྱེད་པ་སྟེ། ཇི་སྲིད་ས་གོང་མ་ལ་ལྟོས་པའི་ཤིན་སྦྱངས་ཀྱི་བདེ་བ་མ་ཐོབ་པ་དེ་སྲིད་དུ་གོང་མ་ལ་ཞི་བ་དང༌། འོག་མ་ལ་རགས་པར་ལྟ་བ་མི་འབྱུང་བའི་ཕྱིར། ཞི་གནས་དེའི་བྱེད་ལས་ནི་ས་འོག་མ་འོག་མ་ལས་འདའ་བར་བྱེད་པ་ཡིན་ཏེ། སྤྱིར་ཉེར་བསྡོགས་ཀྱི་བྱེད་ལས་ནི་འོག་མ་ལས་འདའ་བར་བྱེད་པ་དེ་ཉིད་ཡིན་པའི་ཕྱིར། དེ་ལས་འདའ་བའི་ཚུལ་ལ་གཉིས་ཏེ། འོག་སའི་ཉོན་མོངས་པ་ལས་དང༌། སྙོམས་འཇུག་གི་སྒྲིབ་པ་ལས་འདའ་བར་བྱེད་པའོ། །དང་པོ་ནི། ལྷག་མཐོང་གི་ངོ་བོར་གྱུར་པའི་ཉེར་བསྡོགས་ཀྱི་བྱེད་ལས་ཡིན་ལ། གཉིས་པ་ནི། དེའི་ཞི་གནས་ཀྱི་བྱེད་ལས་སོ། །རང་རང་གི་དངོས་གཞི་ལ་འཇུག་པ་ལ་དང་པོ་དེ་མེད་མི་རུང་གི་ཡན་ལག་ཏུ་དགོས་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ས་འོག་མ་འོག་མའི་ཉོན་མོངས་མ་སྤངས་པར་གོང་མ་གོང་མའི་དངོས་གཞི་ལ་འཇུག་པའི་ཕྱིར་དང༌། ཉན་ཐོས་འཕགས་པ་གཟུགས་མེད་ཀྱི་སྐྱེ་བ་དོན་དུ་མི་གཉེར་བ་དག་གཟུགས་ལ་ཆགས་བྲལ་མ་བྱས་པར་ཡང་མཐོང་ཆོས་ལ་བདེ་བར་གནས་པའི་དོན་དུ་གཟུགས་མེད་ཀྱི་དངོས་གཞི་ལ་སྙོམས་པར་འཇུག་པ་ཞིག་ཡོད་པར་སློབ་དཔོན་རྒྱལ་བའི་སྲས་ཀྱིས་བཤད་པའི་ཕྱིར། དེས་ན་དེ་དང་དེའི་དངོས་གཞི་ལ་སྙོམས་པར་འཇུག་པ་ལ་རང་རང་གི་ཉེར་བསྡོགས་ཞི་གནས་ཀྱི་ངོ་བོར་གྱུར་པ་དེ་དག་ནི་མེད་དུ་མི་རུང་བ་ཡིན་ཏེ། དེ་དང་དེའི་དངོས་གཞི་མངོན་དུ་བྱེད་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་ངེས་པར་སྤོང་དགོས་པའི་ཕྱིར། ཉོན་མོངས་ལ་ནི་མི་མཚུངས་ཏེ། ས་འོག་མའི་ཉོན་མོངས་ཀྱི་སྟེང་གི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་དང་བྲལ་ན་སྲིད་པར་སྐྱེ་བ་འགྲུབ་བྱེད་ཀྱི་ནུས་པ་དང་མ་བྲལ་ཡང༌། གོང་མའི་དངོས་གཞི་མངོན་དུ་བྱེད་ནུས་པ་ཞིག་སྲིད་པའི་ཕྱིར། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་པ་ཅན་གྱི་མ་རིག་པ་དང་ལྟ་བ་མ་སྤངས་ཀྱང་བསམ་གཏན་དང་པོའི་དངོས་གཞི་ལ་འཇུག་ནུས་པ་བཞིན་ནོ། །འོ་ན་དེས་སྙོམས་འཇུག་གི་སྒྲིབ་པ་གང་དང་གང་ལས་འདའ་བར་བྱེད་ཅེ་ན། གོ་རིམ་བཞིན་དུ་འདོད་པའི་སས་བསྡུས་ཀྱི་མཉམ་པར་མ་བཞག་པའི་སེམས་དང༌། བསམ་གཏན་དང་པོའི་སས་བསྡུས་ཀྱི་རྟོག་དཔྱོད་གཉིས་དང༌། གཉིས་པའི་སས་བསྡུས་ཀྱི་ཡིད་བདེ་བ་དང༌། གསུམ་པའི་སས་བསྡུས་ཀྱི་སེམས་བདེ་དང༌། བཞི་པའི་སས་བསྡུས་ཀྱི་གཟུགས་དང་ཐོགས་པའི་འདུ་ཤེས་དང༌། ནམ་མཁའ་དང༌། རྣམ་ཤེས་དང༌། ཅི་ཡང་མེད་པ་ལ་མཚན་མར་འཛིན་པའི་འདུ་ཤེས་རྣམས་སོ། །འགོག་པའི་སྙོམས་འཇུག་ལ་ཉེར་བསྡོགས་ཀྱི་བཤད་པ་གསལ་པོ་མེད་ཀྱང༌། དེའི་བྱེད་ལས་ནི་ཞི་ལྷག་གཉིས་ཀྱིས་ངེས་པར་བྱེད་དགོས་ཏེ། སྲིད་རྩེའི་སྙོམས་འཇུག་གིས་ཚོར་བ་རགས་པ་འགག་ཅིང༌། འདས་ལམ་གྱིས་བདག་ཏུ་འཛིན་པའི་འདུ་ཤེས་འགོག་པའི་ཕྱིར་རོ། །འགོག་བྱེད་ཀྱི་ཞི་གནས་དེ་ལའང་བསམ་གཏན་གྱི་སྐབས་སུ་གཉེན་པོའི་ཡན་ལག་ཏུ་བཞག་པའི་རྟོག་དཔྱོད་སོགས་དང༌། གཟུགས་མེད་ཀྱི་སྐབས་སུ་ས་འོག་མ་ལས་འདའ་བྱེད་དུ་གྱུར་པའི་དམིགས་རྣམ་གྱི་ཁྱད་པར་དེ་དག་ཚང་དགོས་པ་ཡིན་ཏེ། དེ་དག་མེད་ན་ས་འོག་མ་འོག་མ་ལས་འདའ་མི་ནུས་པའི་ཕྱིར། དཔེར་ན། བསམ་གཏན་དང་པོའི་ཉེར་བསྡོགས་སུ་གྱུར་པའི་ཞི་གནས་ལ་རྟོག་དཔྱོད་གཉིས་མ་ཚང་ན་འདོད་པ་ལས་འདའ་མི་ནུས་པ་དང༌། གཉིས་པའི་དེ་ལ་ནང་རབ་ཏུ་དྭང་བ་མི་ལྡན་ན་རྟོག་དཔྱོད་ལས་འདའ་མི་ནུས་པ་སོགས་བཞིན་ནོ། །དེའི་ཕྱིར་རྣམ་བཤད་མཛད་པ་པོ་རྣམས་ཀྱིས། རྟོག་དཔྱོད་སོགས་གཉེན་པོའི་ཡན་ལག་རྣམས་ཀྱི་ངོས་འཛིན་སྤྱིར་ཞི་རགས་ཀྱི་རྣམ་པ་ཅན་དང༌། བྱེ་བྲག་ས་འོག་མའི་ཉོན་མོངས་ཀྱི་གཉེན་པོར་བཤད་པ་ནི་ཁྱབ་ཆུང་བའི་ཕྱིར་ནོངས་པ་དང༌། དེར་མ་ཟད་རྟོག་དཔྱོད་སོགས་གཉེན་པོའི་ཡན་ལག་རྣམས་དངོས་གཞིའི་ཡན་ལག་ཏུ་སྦྱར་ནས་ཐག་བསྲིང་གི་གཉེན་པོར་མཛད་པ་ཡང་ལེགས་པ་མ་ཡིན་ཏེ། གཉེན་པོའི་ཡན་ལག་བཞག་དགོས་ས་དེར་མ་བཞག་པའི་ཕྱིར་དང༌། སྤོང་བ་གཉེན་པོ་ངོས་མ་བཟུང་ན་ཐག་བསྲིང་གི་གཉེན་པོ་ཙམ་གཉེན་པོའི་ཡན་ལག་ཏུ་བཞག་པ་ལ་དགོས་ནུས་མེད་པའི་ཕྱིར་དང༌། དངོས་གཞིའི་གནས་སྐབས་སུ་ནི་སྤྱིར་སྒྲ་དོན་འཛིན་པའི་རྟོག་པ་དང༌། བྱེ་བྲག་ཏུ་ཞི་རགས་ཀྱི་རྣམ་པ་ཅན་འབྱུང་བ་ནི་ཆོས་མངོན་པའི་གཞུང་འགྲེལ་གྱི་བཤད་པ་མ་ཡིན་པའི་ཕྱིར། གལ་ཏེ་མདོ་སྡེའི་རྒྱན་དང༌། ཉན་ཐོས་ཀྱི་ས་དང༌། མངོན་པ་ཀུན་ལས་བཏུས་རྣམས་ལས། ཞི་གནས་ཇི་སྙེད་པ་སེམས་གནས་པའི་ཐབས་དགུའི་ནང་དུ་འདུས་པར་བཤད་ཅིང༌། དགུ་པོ་ཡང་ཉེར་བསྡོགས་ཀྱི་ནང་དུ་བསྡུས་ནས་འཆད་པ་དེ་ལྟ་ན་དངོས་གཞིའི་ངོ་བོར་གྱུར་པའི་ཞི་གནས་གང་དུ་བསྡུ་ཞེ་ན། སེམས་རྩེ་གཅིག་པ་ལ་གཉིས་ཏེ། ས་དེ་དང་དེ་ལ་ལྟོས་པའི་ཤིན་ཏུ་སྦྱངས་པ་ཐོབ་མ་ཐོབ་གཉིས་ལས། མ་ཐོབ་པ་ལ་ནི་ཡིད་ལ་བྱེད་པ་མེད་པའི་སེམས་རྩེ་གཅིག་པ་ཞེས་བྱ་ལ། ཐོབ་པ་དེ་ནས་ནི་ས་དེས་བསྡུས་ཀྱི་སེམས་ཐོབ་པའི་མགོ་བརྩམས་པ་ཡིན་ཞིང༌། དེ་ལའང་ཉེར་བསྡོགས་དང༌། དངོས་གཞི་གཉིས་ལས། དང་པོ་ལ་ནི་ཉོན་མོངས་སྤོང་བའི་སྦྱོར་བ་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱ་ཞིང༌། གཉིས་པ་ལ་ནི། དངོས་གཞིའི་སེམས་རྩེ་གཅིག་ཏུ་གནས་པ་ཞེས་བྱ་བ་ཡིན་ཏེ། དེར་ལུས་སེམས་ཤིན་ཏུ་སྦྱངས་པའི་ཤུགས་དང་པོར་སྐྱེས་པ་དེ་ཡང་ཆ་བྲི་ནས་ཤིན་སྦྱངས་གྲིབ་མ་ལྟ་བུ་དང་ལྡན་པར་གྱུར་པས་སོ། །དེའི་ཕྱིར་དངོས་གཞི་ལས་ལངས་ནས་སླར་ཡང་དངོས་གཞི་ལ་འཇུག་པའི་ཚེ་ཉེར་བསྡོགས་ཀྱི་ཞི་གནས་མངོན་དུ་བྱེད་མི་དགོས་ཀྱང་ནང་ཉིད་ལ་འཇོག་པ་སོགས་དགུའི་སྒོ་ནས་འཇུག་དགོས་པར་གྲུབ་ལ། དེའི་ཚེ་དགུ་པོ་ཐམས་ཅད་ཀྱང་ཡིད་ལ་བྱེད་པ་དང་བཅས་པ་མ་ཡིན་པ་ཁོ་ན་དང༌། དངོས་གཞིའི་སྙོམས་འཇུག་གིས་བསྡུས་པ་ཁོ་ནར་ངེས་སོ། །དེ་ཡང་དཔེར་ན། གཉིས་ཀའི་ཆ་ལས་རྣམ་གྲོལ་དང༌། ལུས་མངོན་བྱེད་ཀྱི་བསམ་གཏན་དང་པོའི་དངོས་གཞི་ནས་གཉིས་པའི་དངོས་གཞི་ལ་འཇུག་པ་ལྟ་བུའི་ཚེ་ན། ཉེར་བསྡོགས་ལ་བརྟེན་མི་དགོས་ཀྱང༌། ཚོར་བའི་དབང་པོ་འཕོ་བའི་སྦྱོར་བ་ཞིག་ངེས་པར་མངོན་དུ་བྱེད་དགོས་པ་དང༌། རྗེས་ཀྱི་ཤེས་པས་བར་དུ་ཆོད་དགོས་པ་བཞིན་ནོ། །ཤེས་རབ་རྐྱང་པས་རྣམ་གྲོལ་གྱི་དགྲ་བཅོམ་ནི། བསམ་གཏན་དང་པོ་ནས་གཉིས་པའི་དངོས་གཞི་ལ་འཇུག་པའི་ཚེ་ཉེར་བསྡོགས་ལ་བརྟེན་མི་དགོས་པ་མ་ཡིན་ཏེ། སྙོམས་འཇུག་གི་སྒྲིབ་པ་སྤོང་བྱེད་ཀྱི་ཉེར་བསྡོགས་སྔོན་དུ་འགྲོ་དགོས་པས་སོ། །གཉིས་པ་ལྷག་མཐོང་གི་ངོ་བོར་གྱུར་པའི་ཉེར་བསྡོགས་ལ་མཚན་ཉིད་ནི། རང་རང་གི་དངོས་གཞི་ཐོབ་པའི་དོན་དུ་དམིགས་རྣམ་སྦྱོང་བར་བྱེད་པའི་ཐབས་ཀྱིས་བསྡུས་པའི་དགེ་བ་རྩེ་གཅིག་པ་གང་ཞིག ཉོན་སྒྲིབ་ཀྱི་གཉེན་པོའི་རིགས་སུ་གྱུར་པའོ། །དབྱེ་ན། མངོན་པ་འོག་མ་ལས་ཉེར་བསྡོགས་བརྒྱད་པོ་རེ་རེ་ལས་འོག་མའི་ཉོན་མོངས་སྤོང་བའི་བར་ཆད་མེད་ལམ་དགུ་དགུར་ཕྱེ་ཞིང༌། གོང་མ་ལས་ཡིད་ལ་བྱེད་པ་དྲུག་གམ་བདུན་དུ་ཕྱེ་བ་ཡིན་ནོ། །བདུན་པོའི་ངོས་འཛིན་ཞི་རགས་ཀྱི་རྣམ་པ་ཅན་ཁོ་ནར། བོད་ཀྱི་རྣམ་བཤད་མཛད་པ་རྣམས་ཀྱི་འཆད་པ་དེ་ནི་ནོངས་པ་ཡིན་ཏེ། ཉན་ཐོས་ཀྱི་ས་ལས། བདུན་པོ་ལ་ནི་ཞི་རགས་ཀྱི་རྣམ་པ་ཅན་དང༌། བདེན་པའི་རྣམ་པ་ཅན་གཉིས་སུ་བཤད་པའི་ཕྱིར། ཡང་བདུན་པོའི་ངོས་འཛིན་ཉན་ཐོས་ཀྱི་ས་ལས་འབྱུང་བ་དེ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་ལེན་ཞིང༌། ཉེར་བསྡོགས་ལ་བདུན་པོ་དེ་ལས་གཞན་མི་འཆད་པ་དང༌། དང་པོའི་ཉེར་བསྡོགས་ཟག་མེད་ཀྱང་ཁས་ལེན་པ་རྣམས་ནི་འཇུག་པ་འཆོལ་བ་ཡིན་ཏེ། ཟག་མེད་ལ་ཞི་རགས་ཀྱི་རྣམ་པ་ཅན་དེ་འདྲ་འབྱུང་ས་མེད་པའི་ཕྱིར། དེའི་ཕྱིར་ཡིད་ལ་བྱེད་པ་བདུན་པོ་ལ་ཞི་རགས་ཀྱི་རྣམ་པ་ཅན་དང༌། བདེན་པའི་རྣམ་པ་ཅན་གཉིས་སུ་ཕྱེ་ནས། དང་པོའི་ངོས་འཛིན་རྣམ་བཤད་དག་ལས་ཇི་སྐད་དུ་བཤད་པ་དེ་ཉིད་ཡིན་པས་རྟོགས་པར་སླའོ། །གཉིས་པ་བདེན་པའི་རྣམ་པ་ཅན་གྱི་ཡིད་ལ་བྱེད་པ་བདུན་པོ་དེ་ནི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་འཆད་པ་མ་ཡིན་ཏེ། དེས་ཉོན་སྒྲིབ་ཀྱི་གཉེན་པོར་གང་ཟག་གི་བདག་མེད་ཆེད་དུ་གཉེར་ནས་མི་སྒོམ་པའི་ཕྱིར། དེ་སྐད་དུ་ཡང༌། བྱང་ཆུབ་སེམས་དཔའ་རྣམས་ནི་ས་བཅུ་རྣམས་སུ་ཤེས་བྱའི་སྒྲིབ་པའི་གཉེན་པོ་ལམ་སྒོམ་གྱི། ཉོན་མོངས་པའི་གཉེན་པོ་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྤྱིར་དམན་པ་དང༌། ཁྱད་པར་ཉན་ཐོས་དང༌། དེ་ལས་ཀྱང་ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་དབང་དུ་བྱས་ནས་འཆད་པ་ཡིན་ཏེ། བསམ་གཏན་གཉིས་པ་ཡན་གྱི་ཉེར་བསྡོགས་ཀྱི་ཡིད་ལ་བྱེད་པ་བདུན་པོ་དག་ལ་བདེན་པའི་རྣམ་པ་ཅན་མ་བཤད་པའི་ཕྱིར། དེ་ཡང་ཚོགས་ལམ་ནས་དགྲ་བཅོམ་པའི་བར་ལ་བདུན་པོ་རིམ་ཅན་དུ་འཇོག་པ་ཡིན་ཏེ། ཚོགས་ལམ་དུ་བདེན་པ་རྣམས་ལ་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་དང༌། ངེས་འབྱེད་ཆ་བཞི་ལ་མོས་པ་ལས་བྱུང་བ་ཡིད་ལ་བྱེད་པ་དང༌། རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང༌། སྒོམ་པའི་ལམ་དུ་ཉོན་མོངས་པའི་རྣམ་པ་དགུ་པོ་སྤོང་བ་ལ་ལྟོས་པའི་ལམ་བཞི་པོ་དག་ལ་ནི་དཔྱོད་པ་ཡིད་ལ་བྱེད་པ་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ནི་སྦྱོར་བ་མཐའ་ཡིད་ལ་བྱེད་པ་དང༌། དགྲ་བཅོམ་པ་ཉིད་མངོན་དུ་བྱས་པའི་ཚེ་སྦྱོར་བ་མཐའི་འབྲས་བུ་ཡིད་ལ་བྱེད་པ་ཉིད་དུ་འཇོག་པར་ཉན་ཐོས་ཀྱི་ས་ལས་བཤད་དོ། །དེའི་ཕྱིར་ཉེར་བསྡོགས་ཟག་མེད་ལ་ཡིད་བྱེད་བདུན་ཀ་མི་སྲིད་དེ། ཡིད་བྱེད་དང་པོ་གཉིས་ཚོགས་སྦྱོར་དུ་བཤད་པའི་ཕྱིར། འདི་ནི་ཅིག་ཆར་བ་ཁོ་ནའི་ཚུལ་དུ་འཆད་དགོས་ཏེ། བཅུ་དྲུག་པའི་རྗེས་སུ་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པས་ཉོན་མོངས་པ་སྤོང་བ་རྣམས་ནི་ཅིག་ཆར་བ་ཁོ་ནར་ངེས་པ་ཉིད་དུ་ཁས་ལེན་དགོས་པའི་ཕྱིར། འོ་ན་ཅི། འཕགས་པས་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ས་འོག་མ་ལ་ཆགས་བྲལ་བྱེད་པ་ཡོད་དམ་ཞེ་ན། ཉན་ཐོས་སྡེ་པའི་གཞུང་ལུགས་ལྟར་ན་ནི་དེ་ཡོད་པར་ཁས་ལེན་ཏེ། འཕགས་པས་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་དག་ཡོད་པར་མཛོད་རྩ་འགྲེལ་ལས་གསུངས་པའི་ཕྱིར། ཐེག་པ་ཆེན་པོ་པ་དག་གི་གྲུབ་པའི་མཐའ་ལ་དམན་པའི་འཕགས་པ་རྣམས་ནི་ཉོན་མོངས་པ་གང་སྤོང་བ་དེ་ཐམས་ཅད་ཟག་མེད་ལམ་གྱིས་སྤོང་བ་ཁོ་ནར་ངེས་ཏེ། དེ་ལ་སྒྲུབ་བྱེད་ཡོད་ཅིང་ལོག་ཕྱོགས་ལ་གནོད་བྱེད་དམིགས་པའི་ཕྱིར་རོ། །སྒྲུབ་བྱེད་ནི་ཉོན་མོངས་པའི་ས་བོན་སྤངས་པའི་མྱང་འདས་དོན་དུ་གཉེར་བ་རྣམས་ནི་དེའི་ས་བོན་དྲུངས་འབྱིན་པའི་གཉེན་པོ་ངེས་པར་ཚོལ་བའི་ཕྱིར་དང༌། དེ་འདྲ་དེས་དེའི་གཉེན་པོ་ཟག་མེད་རྒྱུད་ལ་ཡོད་བཞིན་དུ་ཞི་རགས་ཀྱི་རྣམ་པ་ཅན་ཚོལ་བར་བྱེད་ན་ཤིན་ཏུ་མི་མཁས་པ་ཉིད་དུ་འགྱུར་བའི་ཕྱིར། དེ་ཡང་བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་ལས་མ་ཐོབ་པ་ཞིག་ཡིན་ན་ནི་ཁམས་གསུམ་ལ་ཆགས་བྲལ་ཅིག་ཆར་དུ་བྱེད་པ་ཁོ་ནར་ངེས་ཏེ། སྒྲུབ་བྱེད་བཤད་མ་ཐག་པ་དེ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་ཆགས་བྲལ་སྔོན་དུ་སོང་ནས་བསམ་གཏན་གྱི་དངོས་གཞི་ཐོབ་ཟིན་པ་ཞིག་ཡིན་ན་ནི། བསམ་གཏན་དང་པོ་ལ་སོགས་པའི་དངོས་གཞི་ཟག་མེད་ཁོ་ན་ལ་བརྟེན་ནས་ས་ལྷག་མ་ལ་ཆགས་བྲལ་ཅིག་ཆར་དུ་བྱེད་པ་ཁོ་ནར་ངེས་ཏེ། དེ་ལྟར་བྱེད་པའི་ནུས་པ་ཡོད་ཅིང་དེ་ཆེད་དུ་གཉེར་ནས་སྤོང་བའི་ཕྱིར་རོ། །དེ་ལྟར་ན་ཉན་ཐོས་འཕགས་པ་ཐམས་ཅད་མཐོང་ཆོས་ཞི་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། ཉེས་པ་མེད་དེ། དཔེར་ན། བསམ་གཏན་དང་པོའི་དངོས་གཞི་ཐོབ་པའི་ཉན་ཐོས་འཕགས་པ་ཐར་པ་ལ་བརྩོན་འགྲུས་མི་རྩོམ་པ་ཞིག་ཡིན་ན་བསམ་གཏན་དང་པོའི་ཚོར་བ་ལ་རོ་མྱངས་པས་ཁམས་གོང་མར་སྐྱེས་ནས་མྱང་འདས་མངོན་དུ་བྱེད་པ་བཞིན་ནོ། །དེ་ལྟ་ན་ཡང་འགྲེལ་པ་རྒྱལ་སྲས་མ་ལྟར་ན། དབང་པོ་རྟུལ་པོ་གནས་ཐམས་ཅད་དུ་འཆི་འཕོ་བའི་རིགས་ཅན་ཞིག་ཡིན་ན་ནི་ས་གོང་མ་གོང་མའི་བདེ་བ་ལ་སྲེད་པའི་རྒྱུ་མཚན་གྱིས་ཉོན་མོངས་སྤངས་པའི་ཐར་བའི་ལམ་ལ་མི་གཞོལ་བ་ཉིད་ཀྱི་ཕྱིར། ས་འོག་མ་ལ་རགས་པར་ལྟ་བའི་ལམ་གྱིས་ཆགས་བྲལ་བྱེད་སྲིད་པ་ཙམ་མོ། །དེ་ལྟ་མོད་ཀྱི་རང་གི་འདོད་པ་ནི་མངོན་པ་ཀུན་ལས་བཏུས་ལས། གོང་དུ་འཕོ་བ་གང་ཞེ་ན། གཟུགས་ཀྱི་ཁམས་སུ་ས་ནས་སར་སྐྱེ་ཞིང༌། འོག་མིན་གྱི་བར་དུ་ཞུགས་ནས། ཞེས་གསུངས་པ་དེའི་དོན་ནི་གནས་གཙང་མ་ལྔར་རིམ་གྱིས་སྐྱེ་བ་ལ་དགོངས་པ་ཡིན་གྱི། འཕགས་པ་གཟུགས་ཁམས་གནས་རིས་བཅུ་བདུན་པོ་ཐམས་ཅད་དུ་སྐྱེ་བ་ལེན་པ་ནི་ཉན་ཐོས་སྡེ་པའི་འདོད་པ་ཡིན་པས་འདིར་ཁས་མི་བླང་ངོ༌། །གཉིས་པ་གནོད་བྱེད་ནི། འཕགས་པས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ཉེར་བསྡོགས་ལ་བརྟེན་ནས་ས་འོག་མ་ལ་ཆགས་བྲལ་བྱེད་ན། ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་བྱ་བའི་ལུང་དང་འགལ་བར་འགྱུར་ཏེ། ས་གོང་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཀྱི་མཚན་གཞི་ནི། གོང་འོག་ལ་ཞི་རགས་སུ་ལྟ་བ་དེ་ལས་གཞན་མེད་པའི་ཕྱིར་རོ། །གལ་ཏེ་འོ་ན་འཕགས་པས་ལམ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ས་དང་ས་ལ་ཆགས་བྲལ་བྱེད་པ་མི་སྲིད་པ་དེ་ལྟ་ན། ཉན་ཐོས་ཀྱི་ས་ལས། ཇི་སྐད་དུ། འཇིག་རྟེན་པའི་ལམ་གྱིས་འགྲོ་བ་དེ་ཡང་རྣམ་པ་གཉིས་ཏེ། འཆིང་བ་མཐའ་དག་ཡོད་པའི་སོ་སོ་སྐྱེ་བོ་རྣམས་དང༌། འཆིང་བ་མ་ཚང་བའི་སློབ་པ་རྣམས་སོ། །ཞེས་བཤད་པ་དང་འགལ་ལོ་སྙམ་ན། ཉེས་པ་མེད་དེ། དེ་འདྲའི་སློབ་པ་དེ་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པར་འཆད་དགོས་པ་ནི་ལུང་དང་རིགས་པ་ལས་སོ། །དང་པོ་ནི། ཇི་སྐད་དུ། ཉན་ཐོས་ཀྱི་ས་ལས། གང་དག་ཚེ་འདི་ལ་འཇིག་རྟེན་པའི་ལམ་ཁོ་ནས་འགྲོ་བར་འགྱུར་ཞིང༌། འཇིག་རྟེན་ལས་འདས་པའི་ལམ་གྱིས་མ་ཡིན་པའི་གང་ཟག་དུ་ཡོད་ཅེ་ན། སྨྲས་པ། བཞི་སྟེ། ཆོས་འདི་ལས་ཕྱི་རོལ་པ་ཐམས་ཅད་དང༌། ཆོས་འདི་པ་ཡིན་ཡང་སྔོན་ཞི་གནས་སྤྱོད་སྤྱོད་པ་དབང་པོ་རྟུལ་བ་དང༌། དེ་བཞིན་དུ་དབང་པོ་རྣོ་ཡང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དང༌། བྱང་ཆུབ་སེམས་དཔའ་ཕྱི་མ་ལ་བྱང་ཆུབ་ཐོབ་ཅིང་ཚེ་འདི་ལ་མ་ཡིན་པ་སྟེ། གང་ཟག་དེ་བཞི་ནི་ཚེ་འདི་ཉིད་ལ་འཇིག་རྟེན་པའི་ལམ་གྱིས་འགྲོ་བར་འགྱུར་རོ། །ཞེས་གསུངས་པ་དེའི་བར་པ་གཉིས་ནི་ཆོས་འདི་པའི་སོ་སོ་སྐྱེ་བོ་ལ་དགོངས་པ་ཡིན་གྱི། ཉན་ཐོས་ལ་དགོངས་པ་མ་ཡིན་ཏེ། གཞན་དུ་ཚེ་འདི་ལ་བྱང་ཆུབ་ཐོབ་པར་མི་འདོད་པའི་ཉན་ཐོས་འཕགས་པ་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་བྱེད་པ་ཞིག་སྲིད་ན་བྱང་ཆུབ་སེམས་དཔའ་ཕྱི་མ་ལ་བྱང་ཆུབ་ཐོབ་པར་འདོད་པ་ཞེས་ཚིག་གི་ཟུར་ཕྱིན་པར་སྨོས་པ་ལ་ནུས་པ་མེད་པའི་ཕྱིར་རོ། །རིགས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ནི་ཇི་སྲིད་བསོད་ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་འདོད་པའི་ཉོན་མོངས་པ་ཙམ་ཡང་མི་སྤོང་ལ། དེ་ལྟ་ན་ཡང་དེ་མ་སྤངས་བཞིན་དུ་གཟུགས་ཁམས་སུ་སྐྱེ་བ་ལེན་པ་དེའི་ཚེ་ལྷག་མཐོང་གི་ངོ་བོར་གྱུར་པའི་ཉེར་བསྡོགས་གཉིས་པོ་གང་ལ་ཡང་མ་བརྟེན་པར་སེམས་གནས་པའི་ཐབས་དགུ་པོ་ཙམ་ལ་བརྟེན་ནས་གོང་མའི་དངོས་གཞི་མངོན་དུ་བྱས་ཏེ། ས་དེའི་ཚོར་བ་ལ་རོ་མྱང་བའི་སྲེད་པས་གསོས་བཏབ་ནས་གོང་མར་སྐྱེ་བ་ལེན་དགོས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་མཐུའི་ཁྱད་པར་ཐོབ་པ་རྣམས་ནི་གོང་མའི་དངོས་གཞི་ལས་མ་ཉམས་བཞིན་དུ་འོག་མར་སྐྱེ་བ་ལེན་པ་དང༌། འོག་མའི་ཉོན་མོངས་མ་སྤངས་བཞིན་དུ་གོང་མར་སྐྱེ་བ་ལེན་དགོས་པའི་ཕྱིར། དེའི་ཚེ་ཞི་གནས་དེ་ཡང་འཇིག་རྟེན་པའི་ལམ་ཁོ་ན་ཡིན་ཏེ། ས་འོག་མ་འོག་མས་བསྡུས་པར་གོང་དུ་བཤད་ཟིན་པ་དེ་ཉིད་ཀྱི་ཕྱིར་རོ། །ཞི་གནས་རྐྱང་པས་དངོས་གཞི་མངོན་དུ་བྱེད་ནུས་པ་ཡང་ཡིན་ཏེ། དེ་ལྟར་ནུས་པའི་སྒྲུབ་བྱེད་དང༌། མི་ནུས་པ་ལ་གནོད་བྱེད་ཡོད་པའི་ཕྱིར། དང་པོ་ནི། མདོ་སྡེའི་རྒྱན་ལས། དེ་ཡིས་དེ་ནི་འཕེལ་བྱས་ནས། །འཕེལ་བ་རིང་དུ་སོང་བ་ཡིས། །དངོས་གཞིའི་གནས་པ་དེས་ཐོབ་བོ། །ཞེས་གསུངས་པས་སོ། །འོ་ན་བྱང་ཆུབ་སེམས་དཔས་དེའི་ཚེ་ས་འོག་མ་ལ་ཆགས་བྲལ་བྱས་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། དེ་བྱས་ན་བསམ་གཏན་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལེན་མི་ནུས་པའི་ཉེས་པ་ཡོད་དེ། ཁམས་གསུམ་གང་རུང་ལ་ཆགས་བྲལ་སྔོན་དུ་སོང་བའི་བྱང་སེམས་རྣམས་དེ་དང་དེར་སྐྱེ་བ་ལེན་མི་ནུས་པར་མདོ་སྡེའི་རྒྱན་ལས། ཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །ཅེས་གསལ་བར་གསུངས་ཕྱིར་རོ། །འོ་ན་ཉན་ཐོས་ཀྱིས་ཀྱང་ཞི་གནས་རྐྱང་པའི་ཉེར་བསྡོགས་ཀྱིས་དངོས་གཞི་མངོན་དུ་མི་བྱེད་པ་ཅི། བྱེད་མི་ནུས་པ་ཞིག་གམ་ཞེ་ན། བྱེད་མི་ནུས་པ་ནི་དེས་ཉོན་མོངས་པའི་ནུས་པ་གཉིས་སོ་སོར་མི་འབྱེད་པའི་རྒྱུ་མཚན་གྱིས་ཡིན་ལ། བྱེད་ནུས་ཀྱང་མི་བྱེད་པ་ནི་ཉོན་མོངས་སྤངས་པའི་ཐར་པ་དོན་དུ་གཉེར་བའི་རྒྱུ་མཚན་གྱིས་སོ། །དེ་ལྟར་ཤེས་པ་ན་བསམ་གཏན་གྱི་དངོས་གཞི་ལ་གནས་པའི་ཉན་ཐོས་སྒོམ་ལམ་པ་དང་དེ་འདྲའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མི་འོང་དུ་འཇོག་མི་འཇོག་གི་ཤེས་བྱེད་ཀྱང་དེ་ཉིད་དོ། །མདོར་ན་བསམ་གཏན་གསུམ་པ་མན་ཆད་དུ་ནི་ལྷག་མཐོང་གི་ངོ་བོར་གྱུར་པའི་ཉེར་བསྡོགས་ཀྱི་སྔོན་རོལ་ཏུ་ཞི་གནས་འགྲོ་དགོས་པ་ནི་ལྷག་མཐོང་རང་གི་མེད་ན་མི་འབྱུང་བའི་རྒྱུ་ཡིན་ལ། ཡིད་བྱེད་བདུན་པ་ནས་དངོས་གཞིར་འཕོ་བའི་ཚེ་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོར་ཞི་གནས་མངོན་དུ་བྱེད་དགོས་ཏེ། ཚོར་བའི་དབང་པོ་འཕོ་དགོས་ཤིང༌། དེ་ལ་དེའི་ངོ་སྐལ་གྱི་སྒྲིབ་པ་སེལ་དགོས་པའི་ཕྱིར་རོ། །གཉིས་པ་དངོས་གཞི་ལ་མཚན་ཉིད་ནི། ཡན་ལག་གམ་དམིགས་རྣམ་གང་རུང་གི་སྒོ་ནས་འོག་ས་ལས་འདས་པའི་སེམས་རྩེ་གཅིག་པ་གང་ཞིག ཕན་ཡོན་གྱི་ཡན་ལག་དང་ལྡན་པའོ། །དབྱེ་ན་གཉིས་ལས། བསམ་གཏན་གྱི་དངོས་གཞིའི་མཚན་ཉིད་ནི། ཡན་ལག་གི་སྒོ་ནས་སོགས་སོ། །དབྱེ་ན་བཞི་ལས། མཚན་ཉིད་ནི། རྟོག་དཔྱོད་དང༌། ནང་རབ་ཏུ་དྭང་བ་དང༌། དྲན་ཤེས་བཞིན་བཏང་སྙོམས་གསུམ་དང༌། དྲན་པ་ཡང་དག་དང༌། བཏང་སྙོམས་ཡང་དག་གཉེན་པོའི་ཡན་ལག་གིས་འོག་ས་ལས་འདས་པའི་སེམས་རྩེ་གཅིག་པ་གང་ཞིག རིམ་པ་བཞིན་དུ། དབེན་པ་ལས་སྐྱེས་པའི་དགའ་བདེ་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་དང༌། དགའ་བ་མེད་པའི་བདེ་བ་དང༌། ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་རྣམས་སོ། །མཚན་ཉིད་འདི་དག་ནི་ཟག་མེད་ཀྱི་དངོས་གཞི་རྣམས་དང༌། ཞི་གནས་ཀྱི་ཉེར་བསྡོགས་རྐྱང་པས་སྒྲུབ་པའི་བསམ་གཏན་གྱི་དངོས་གཞི་རྣམས་ལའང་ཁྱབ་བྱེད་དུ་འཇུག་པ་ཡིན་ནོ། །བསམ་གཏན་བཞི་པོ་ཡན་ལག་ལྔ་ལྡན་གཉིས་དང༌། བཞི་ལྡན་གཉིས་སུ་བཤད་པ་འདི་དག་ཀྱང་ཉེར་བསྡོགས་དང་དངོས་གཞི་གཉིས་ཀ་བསྡོམས་པའི་དབང་དུ་བྱས་པ་ཡིན་གྱི། དངོས་གཞི་རྐྱང་པའི་ཡན་ལག་ནི་མ་ཡིན་ཏེ། དངོས་གཞིའི་ཚེ་རྟོག་དཔྱོད་སོགས་དེ་དག་ས་འོག་མའི་གཉེན་པོར་མི་རུང་བའི་ཕྱིར། དཔེར་ན། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་བཞིན་ནོ། །དེའི་ཕྱིར་སློབ་དཔོན་སྔ་མ་རྣམས་དངོས་གཞིའི་གནས་སྐབས་ན་རྟོག་དཔྱོད་སོགས་གཉེན་པོའི་ཡན་ལག་ཏུ་ཡོད་པ་དེ་དག་གི་རིགས་འདྲའི་རྒྱུན་ཡོད་པ་རྣམས་ཐག་སྲིང་གི་གཉེན་པོ་ཡིན་པ་ལ་དགོངས་ནས་གཉེན་པོའི་ཡན་ལག་ཏུ་བཞག་པ་ཡིན་ནོ། །ཞེས་གསུངས་པ་ནི་ལེགས་པ་མ་ཡིན་ཏེ། གཉེན་པོའི་ཡན་ལག་གིས། ཞེས་པ་སྤོང་བ་གཉེན་པོ་ལ་མ་བཤད་ན་སྐབས་དོན་བོར་བར་འགྱུར་བའི་ཕྱིར་རོ། །འོ་ན་དགའ་བདེ་གཉིས་པོའི་ཁྱད་པར་ཅི་ཞེ་ན། དགའ་བ་ནི་ཚོར་བ་ཡིད་བདེ་ཁོ་ན་ལ་ཟེར་བ་ཡིན་ཏེ། ཇི་སྐད་དུ། ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། །ཅེས་གསུངས་ལ། ལུང་གཉིས་པོ་ཡང་ཤེར་ཕྱིན་གྱི་མདོ་ལ་འཆད་པར། ཐེག་པ་ཆེ་ཆུང་གཉིས་ཀ་མཐུན་པར་ཁས་ལེན་ནོ། །བདེ་བ་ལ། བསམ་གཏན་དང་པོ་གཉིས་ཀྱི་དབང་དུ་བྱས་པ་དང༌། གསུམ་པའི་དབང་དུ་བྱས་པ་གཉིས་སོ། །དང་པོ་ནི། མདོ་སྡེ་པས་ཚོར་བ་བདེ་བ་ལ་འདོད་ལ། བྱེ་བྲག་ཏུ་སྨྲ་བ་ན་རེ། ལུས་ཤིན་ཏུ་སྦྱངས་པའི་བདེ་བ་ལ་འདོད་དགོས་པ་ཡིན་ཏེ། ལུས་ཚོར་ལ་བཤད་ན་ནི། དབང་ཤེས་ཀྱི་ས་པ་ཡིན་པས་ཡིད་ཀྱི་ས་པར་མི་རུང་ལ། དེར་མི་རུང་བ་ལ་ཏིང་ངེ་འཛིན་དུ་མི་རུང་བའི་ཕྱིར་དང༌། ཡིད་ཀྱི་ས་པར་བཤད་ན་ནི་དེའི་འཁོར་དུ་ཚོར་བ་དགའ་བདེ་རྫས་ཐ་དད་པ་གཉིས་ཅིག་ཆར་དུ་བྱུང་བས་རྫས་མཚུངས་ཉམས་པར་འགྱུར་བའི་ཕྱིར། ཞེས་ཟེར་རོ། །རྣལ་འབྱོར་སྤྱོད་པ་པ་ན་རེ། བྱེ་སྨྲའི་འདོད་པ་དེ་ཡང་མི་འཐད་དེ། བསམ་གཏན་བཞི་པ་དེ་ཡང་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་ཡོད་པའི་ཕྱིར་དང༌། བསམ་གཏན་གསུམ་པའི་བདེ་བ་ཡང་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་ལ་བྱེད་དགོས་པར་ཐལ་བའི་ཕྱིར་རོ། །དེས་ན་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་མྱོང་བ་གཅིག་ཉིད་དབང་པོ་རྟེན་བཅས་ཀྱི་ལུས་ལ་ཕན་འདོགས་པའི་ཆ་ནས་བདེ་བ་དང༌། ཡིད་ཤེས་འཁོར་བཅས་དགའ་རྣམས་ཀྱིས་ཚིམ་པར་བྱེད་པའི་ཆ་ནས་དགའ་བ་ཞེས་མིང་བཏགས་པར་འདོད་དོ། །གཉིས་པ་ནི། བསམ་གཏན་གསུམ་པའི་བདེ་བ་ནི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་ཉིད་ལ་འཆད་པར་སྡེ་པ་ཐམས་ཅད་འདོད་པ་མཐུན་ལ། དེར་དགའ་བའི་མིང་གི་འདོགས་པའི་ཤེས་བྱེད་ནི། དགའ་བ་ཉོན་མོངས་ཅན་གྱི་ཀུན་ནས་དཀྲིས་པ་དང་བྲལ་བའོ། །ཡང་གཉེན་པོའི་ཡན་ལག་ཏུ་བཞག་པའི་བཏང་སྙོམས་དང༌། ཕན་ཡོན་གྱི་ཡན་ལག་ཏུ་བཞག་པའི་བཏང་སྙོམས་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། དང་པོ་ནི། བྱིང་རྒོད་དང་བྲལ་བའི་གནས་སྐབས་ཀྱི་འདུ་བྱེད་བཏང་སྙོམས་ཡིན་ལ། གཉིས་པ་ནི། ཚོར་བ་བཏང་སྙོམས་སོ། །མདོར་ན་འདིར་རྒྱུའི་སྙོམས་འཇུག་ཏུ་འཇོག་རྒྱུའི་དངོས་གཞིའི་སྙོམས་འཇུག་ནི། སྙོམས་འཇུག་དག་པ་བ་ཁོ་ན་ཡིན་ལ། དེ་ཡང་རྣམ་སྨིན་གྱི་ཁྱད་པར་འགྲུབ་བྱེད་དང༌། རྣམ་སྨིན་དངོས་ཀྱི་རྒྱུ་མཐུན་གྱི་རྒྱུ་དང༌། སྣོད་ཀྱི་འཇིག་རྟེན་གྱི་ནི་བྱེད་རྒྱུ་ཉིད་དུ་རྣམ་པར་བཞག་གོ །དེ་འདྲ་དེ་དུས་ནམ་གྱི་ཚེ་རྒྱུའི་སྙོམས་འཇུག་ཏུ་འགྱུར་ན་རང་སའི་སྲེད་པས་ཀུན་ནས་ཉོན་མོངས་པར་བྱས་པ་དེའི་ཚེ་ནའོ། །མངོན་པ་གོང་མར་ནི་ཉོན་མོངས་ཅན་ལ་སྙོམས་འཇུག་ཏུ་བཤད་པ་མེད་ལ། འོག་མར་དེ་ལ་དེའི་མིང་གིས་བཏགས་པ་ནི་དེའི་རྫས་རྒྱུན་ཡིན་པ་ལ་བསམས་པ་སྟེ། ས་བོན་རུལ་བ་བཞིན་ནོ། །དག་པ་བ་ཡིན་ཀྱང་རང་སའི་སྲེད་པས་རོ་མྱང་བ་དང་བྲལ་བ་དེའི་ཚེ་ནི་རྒྱུའི་སྙོམས་འཇུག་ཏུ་མི་བཞག་སྟེ། རྣམ་ཐར་དུ་འཇོག་པའི་ཕྱིར། དཔེར་ན། གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་བ་དེའི་ཚེ་གཟུགས་མེད་ཀྱི་རྣམ་ཐར་དུ་འཇོག་པ་བཞིན་ནོ། །དེའི་ཕྱིར་སྙོམས་འཇུག་ལ་ཉོན་མོངས་ཅན་སོགས་གསུམ་དུ་འབྱེད་པ་ནི་མངོན་པ་འོག་མའི་ཚིག་བགྲོས་དང་ཅུང་ཟད་མཐུན་ཀྱང་ཧ་ཅང་ལེགས་པ་མ་ཡིན་ནོ། །ཡང་བོད་སྔ་མ་དག དག་པ་བའི་ངོས་འཛིན་ཞི་རགས་ཀྱི་རྣམ་པ་ཅན་ལ་འཆད་པ་ཡང་ལེགས་པ་མ་ཡིན་ཏེ། དངོས་གཞིའི་སྙོམས་འཇུག་དག་པ་པ་ཕལ་ཆེ་བ་དང༌། ཞི་གནས་ཀྱི་ངོ་བོར་གྱུར་པའི་ཉེར་བསྡོགས་དག་པ་པ་མཐའ་དག་ལ་མ་ཁྱབ་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཟག་མེད་ཀྱི་ངོ་བོར་མ་གྱུར་པའི་སྙོམས་འཇུག་གོ །འོ་ན་ངེས་འབྱེད་ཆ་མཐུན་གྱི་ངོ་བོར་སྐྱེས་པའི་བསམ་གཏན་ས་དྲུག་པོ་གང་རུང་དེ་ཟག་མེད་དུ་ཁས་ལེན་པར་བྱེད་དམ་ཞེ་ན། མ་ཡིན་ཏེ། གཞན་དུ་ན་ལམ་བདེན་དུ་ཐལ་བས་སོ། །དེས་ན་དག་པ་བ་ཁོ་ནའོ། །བདེན་པའི་རྣམ་པ་ཅན་ལ་དག་པ་པ་ཇི་ལྟར་འཇོག་ཅེ་ན། དག་པ་པའི་ངོས་འཛིན་ཞི་རགས་ཀྱི་རྣམ་པ་ཅན་ལ་བསམས་ནས་དེ་ལྟར་རྒོལ་བ་ཡིན་མོད་སྙོམས་འཇུག་གི་ངོ་བོར་གྱུར་པའི་འཇིག་རྟེན་པའི་དགེ་བ་ཡིན་ན་དག་པ་པ་ཉིད་ལས་མ་འདས་ཏེ། མཛོད་ལས། འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ། ཞེས་དང༌། ཀུན་ལས་བཏུས་སུ། རྣམ་པར་བྱང་བས་ཇི་ལྟ་བུ་ཞེ་ན། །དགེ་བའི་ཕྱིར། ཞེས་གསུངས་པ་ལྟར་རོ། །གཉིས་པ་གཟུགས་མེད་ཀྱི་དངོས་གཞི་ལ་མཚན་ཉིད་ནི། དམིགས་རྣམ་གྱི་སྒོ་ནས་འོག་ས་ལས་འདས་པའི་ཞེས་སོགས་སམ། ཡང་ན། འདུ་ཤེས་ཀྱི་ངེས་པར་འབྱུང་བའི་སེམས་རྩེ་གཅིག་པ་གང་ཞིག ཕན་ཡོན་གྱི་ཡན་ལག་དང་ལྡན་པའོ། །དབྱེ་ན། བཞི་ལས། མཚན་ཉིད་ནི། སྦྱོར་བའི་དུས་སུ་ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པའི་མོས་པ་སྔོན་དུ་བཏང་ནས། དེ་ཉིད་ལ་གསལ་སྣང་འཆད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །ཞེས་སོགས་སྦྱར་རོ། །དེ་ཡང་སྦྱོར་བའི་དུས་ཀྱི་ཡིད་བྱེད་ནི་གཉེན་པོའི་ཡན་ལག་ཡིན་ལ། ཉེར་བསྡོགས་ཕྱི་མ་འདི་དག་གི་ལྷག་མཐོང་གི་ངོ་བོར་གྱུར་པའི་ཡིད་བྱེད་ཟག་མེད་ཀྱི་ངོ་བོར་སྐྱེ་བ་མི་སྲིད་ཅིང༌། ཞི་རགས་ཀྱི་རྣམ་པ་ཅན་དུ་སྐྱེས་པ་དེའི་ཚེ་ས་འོག་མའི་ཉོན་མོངས་པའི་སྤོང་གཉེན་དུ་འགྱུར་ལ། ཞི་གནས་རྐྱང་པའི་ངོ་བོར་སྐྱེས་པ་དེའི་ཚེ་ནི་ས་འོག་མའི་ཉོན་མོངས་ཀྱི་སྤོང་གཉེན་མ་ཡིན་ཀྱང༌། རང་རང་གི་དངོས་གཞི་ཐོབ་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་གཉེན་པོའོ། །དེ་ལྟ་ན་ཡང་དངོས་གཞིའི་དུས་སུ་ས་འོག་མའི་ཉོན་མོངས་ནི་མངོན་དུ་མི་འགྱུར་ཏེ། དེ་འགགས་པའི་བརྟགས་མིན་གྱི་འགོག་པ་མངོན་དུ་བྱས་པས་སོ། །འོན་ཀྱང་དམན་པའི་འཕགས་པ་རྣམས་ནི་ས་དེ་དང་དེར་སྐྱེ་བ་ལེན་པ་ལ་ནི་རང་རང་གི་འོག་ས་ལ་ཆགས་པ་དང་བྲལ་དགོས་ཏེ། འོག་མ་ལ་ཆགས་བྲལ་མ་བྱས་པར་ས་གོང་མར་སྐྱེ་བ་ལེན་མི་ནུས་པའི་ཕྱིར། དེ་ཡང་སོ་སོ་སྐྱེ་བོ་དང༌། ཐེག་པ་དམན་པའི་འཕགས་པས་ནི་གོང་མའི་དངོས་གཞི་ལས་མ་ཉམས་བཞིན་དུ་ས་འོག་མར་སྐྱེ་བའི་མཐུ་ཡོད་པ་མ་ཡིན་ཏེ། སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མ་ཐོབ་པའི་ཕྱིར། བྱང་སེམས་འཕགས་པས་ནི་དེ་ལྟར་ལེན་ནུས་པ་ཡིན་ཏེ། དེ་ཐོབ་པས་ས་འོག་མའི་ཉོན་མོངས་ཀྱི་སྟེང་གི་སེམས་རྒྱུད་མ་ཞི་བར་བྱེད་པའི་ནུས་པ་དང་བྲལ་བཞིན་དུ། དེའི་སྟེང་གི་དེར་སྐྱེ་བ་ལེན་པའི་ནུས་པ་མངོན་དུ་བྱེད་ནུས་པའི་ཕྱིར་རོ། །འོ་ན་ཅི། ལྷག་མཐོང་གི་ངོ་བོར་གྱུར་པའི་ཉེར་བསྡོགས་བརྒྱད་ཀྱིས་ས་འོག་མའི་ཉོན་མོངས་པ་སྤོང་ངོ་ཞེས་གྲགས་པའི་ཉོན་མོངས་དེའི་མཚན་གཞི་གང་ཞེ་ན། སྤྱིར་ས་འོག་མའི་འདོད་ཆགས་དང༌། ཁྱད་པར་དང་པོའི་ཉེར་བསྡོགས་ཀྱི་སྤང་བྱ་ནི་འདོད་པ་ལ་འདུན་པ་དང༌། རྣམ་འཚེ་སྒོམ་སྤང་དུ་གྱུར་པ་གཉིས་ཀྱི་དབང་དུ་བྱས་པ་ཡིན་ཏེ། ལྷག་མཐོང་ཟག་བཅས་ཀྱི་མ་རིག་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། ཐེ་ཚོམ་སྤོང་མི་ནུས་པའི་ཕྱིར་དང༌། ཟག་པ་མེད་པའི་སྒོམ་ལམ་ཡིན་ཀྱང༌། ས་འོག་མའི་མཐོང་སྤང་དུ་གྱུར་པའི་ཉོན་མོངས་མི་སྤོང་བའི་ཕྱིར། དེ་ཡང་ཉན་རང་དང་སོ་སོ་སྐྱེ་བོས་ནི་འདོད་ཆགས་ཀྱི་ནུས་པ་གཉིས་ཀ་སྤོང་ལ། བྱང་ཆུབ་སེམས་དཔས་ནི་སེམས་རྒྱུད་མ་ཞི་བར་བྱེད་པའི་ནུས་པ་དེ་སྤོང་ཡང༌། སྐྱེ་བ་ལེན་པའི་ནུས་པ་དེ་མི་སྤོང་བ་ཡིན་ལ། ནུས་པ་དེ་གཉིས་སོ་སོ་ཕྱེ་ནས་སྤོང་ནུས་པ་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ནོ། །དོན་དེ་ལ་བསམ་ནས་བྱང་ཆུབ་སེམས་དཔའ་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བར་བཤད་ཀྱི། སྤྱིར་དེ་ཆེད་དུ་གཉེར་ནས་མི་སྤོང་བ་མ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་རྨོངས་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། ཁོང་ཁྲོ་བ་རྣམས་ནི་ཆེད་དུ་གཉེར་ནས་སྤོང་བ་ཁོ་ནར་ངེས་པའི་ཕྱིར། གཉིས་པ་འབྲས་བུ་སྐྱེ་བའི་རྣམ་གཞག་ལ་གཉིས་ཏེ། རྣམ་སྨིན་གྱི་འབྲས་བུ་དང༌། བདག་པོའི་འབྲས་བུའོ། །དང་པོ་ནི། ཁམས་གོང་མའི་འགྲོ་བ་པ་དག་ཡིན་ལ། གཉིས་པ་ནི། དེའི་སྣོད་ཀྱི་འཇིག་རྟེན་ནོ། །དེའི་རྒྱུད་ཀྱི་སྙོམས་འཇུག་ནི་རྒྱུ་མཐུན་གྱི་འབྲས་བུའོ། །དེར་སྐྱེ་བ་འཕེན་པའི་རྒྱུ་ནི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་དག་ཡིན་ལ། འགྲུབ་བྱེད་ཀྱི་རྒྱུ་ནི་དངོས་གཞིའི་སྙོམས་འཇུག་ཁོ་ནར་ངེས་ཏེ། ས་དེ་དང་དེའི་དངོས་གཞིའི་སྲེད་པ་མངོན་དུ་མ་གྱུར་པར་ས་དེར་སྐྱེ་བ་ལེན་མི་ནུས་པའི་ཕྱིར། དེ་ཡང་འཕེན་བྱེད་གཅིག་ཉིད་ལ་འགྲུབ་བྱེད་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བས་བསམ་གཏན་གྱི་ས་རེ་རེ་ལ་གནས་གསུམ་གསུམ། གཟུགས་མེད་བཞི་ལ་ནི་གནས་གཞན་གྱི་དབྱེ་བ་མེད་ཀྱང༌། མཐོ་དམའ་དང་བཟང་ངན་གྱི་དབྱེ་བས་འབྱེད་པར་འཆད་དོ། །འོ་ན་ཅི། ཚངས་རིས་ཀྱི་རྟེན་ཅན་ལ་ཚངས་ཆེན་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་སོག་པ་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་པ་མ་ཡིན་ཏེ། འཕེན་བྱེད་ཀྱི་ལས་གཅིག་ཉིད་ལ་འགྲུབ་བྱེད་མི་འདྲ་བའི་དབང་གིས་བསམ་གཏན་སོ་སོའི་གནས་གསུམ་པོ་གང་རུང་དུ་སྐྱེ་བ་ལེན་པ་ཡིན་པའི་ཕྱིར་དང༌། བསམ་གཏན་དང་པོར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བའི་མ་རིག་པ་དེ་ཡིན་ན་འདོད་པར་གཏོགས་པས་ཁྱབ་པའི་ཕྱིར། འོ་ན་ཚངས་རིས་ནས་ཚངས་ཆེན་དུ་སྐྱེ་བ་ལེན་པ་མི་སྲིད་པར་འགྱུར་ཏེ། དེའི་རྟེན་ལ་དེར་འཕེན་བྱེད་ཀྱི་ལས་སོག་པ་མེད་པའི་ཕྱིར། སྙམ་ན། དེ་ལྟ་ན་ཚངས་རིས་ནས་དེ་ཉིད་དུ་སྐྱེ་བའང་མེད་པར་འགྱུར་རོ། །དེས་ན་ཚངས་རིས་ནས་ཚངས་ཆེན་དུ་སྐྱེ་བ་ལྟ་བུ་ས་གཅིག་པའི་གནས་གསུམ་པོ་འོག་མ་འོག་མ་ནས་གོང་མ་གོང་མར་སྐྱེ་བ་ལ་འོག་མ་འོག་མ་ལ་ཆགས་བྲལ་བྱེད་མི་དགོས་ཏེ། གསུམ་པོ་ས་གཅིག་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར་ཚངས་རིས་དང་ཚངས་ཆེན་གཉིས་ཀྱི་རྒྱུའི་སྙོམས་འཇུག་ལ་ཉེར་བསྡོགས་མི་འདྲ་བའི་དབྱེ་བ་མེད་ཅིང༌། དེ་མེད་པའི་ཕྱིར་དེ་ནས་དེར་སྐྱེ་བ་ལེན་པ་ལ་ནི་རྟེན་དེ་ཉིད་ལ་དེར་འཕེན་བྱེད་ཀྱི་ལས་གསར་དུ་སོག་མི་དགོས་སོ། །དེ་ལས་གཞན་དུ་ན། བསམ་གཏན་གྱི་ས་གཞི་པོའི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་དང༌། དངོས་གཞི་དག་པ་པ་གང་རུང་གིས་རང་ས་དེ་དང་དེ་ལ་ཆགས་བྲལ་བྱས་པ་སྲིད་པ་ཉིད་དུ་ཐལ་བར་འགྱུར་རོ། །གཉིས་པ་ཟག་མེད་ཀྱི་སྙོམས་འཇུག་ལ་མཚན་ཉིད་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་མཚུངས་པར་ལྡན་པའི་སྙོམས་འཇུག་གོ །དབྱེ་ན། ཐེག་པ་ཐུན་མོང་བའི་ལུགས་ཀྱིས་སྲིད་རྩེ་མ་གཏོགས་པའི་སྙོམས་པར་འཇུག་པ་བདུན་ནོ། །འགོག་སྙོམས་ཀྱི་དུས་སུ། མི་རྟོག་ཡེ་ཤེས་རྒྱུན་མ་ཆད་པར་ཡོད་པ་ཐེག་པ་ཐུན་མོང་གི་ལུགས་ཡིན་ཀྱང༌། རང་ལྡོག་ནས་ལྡན་མིན་འདུ་བྱེད་དུ་ཁས་ལེན་པས་ཟག་མེད་ཀྱི་སྙོམས་འཇུག་ཏུ་ཁས་ལེན་པ་མེད་ལ། དེ་ལྟ་ནའང་སྲིད་པ་འགྲུབ་བྱེད་ཀྱི་རྒྱུར་མི་འདོད་དེ། མི་རྟོག་ཡེ་ཤེས་ཀྱིས་ཟིན་པས་སྲིད་པ་གསོ་བའི་རྐྱེན་མ་ཡིན་པའི་ཕྱིར་དང༌། དེའི་སྙོམས་འཇུག་ལ་དེའི་རྣམ་ཐར་གྱིས་ཁྱབ་པའི་ཕྱིར། དེའི་ཕྱིར་རྣམ་གྲངས་པའི་འཇིག་རྟེན་ལས་འདས་པའོ། །བྱེ་སྨྲ་ལྟར་ན་ནི། སྐབས་དེར་ཟག་མེད་ཀྱི་ཡེ་ཤེས་མེད་ཅིང་སྲིད་རྩེའི་སས་བསྡུས་པའི་ཕྱིར། དེར་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུ་ཡིན་པས་ཟག་བཅས་སུ་འདོད་དོ། །ཡང་བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཉེར་བསྡོགས་ལ་ཟག་མེད་མི་སྲིད་དོ། །ཞེས་ཆོས་མངོན་པ་སྨྲ་བ་དག་མཐུན་པར་འཆད་མོད། ཞིབ་ཏུ་འབྱེད་དགོས་པ་ཡིན་ཏེ། དེ་ཡིན་གྱི་ཉེར་བསྡོགས་ལ་ས་འོག་མ་ལ་ཆགས་བྲལ་བྱེད་པ་ལྷག་མཐོང་གི་ངོ་བོར་སྐྱེས་པ་ཅིག་དང༌། རང་རང་གི་དངོས་གཞི་ཐོབ་པའི་དོན་དུ་དམིགས་རྣམ་སྦྱོང་བྱེད་ཞི་གནས་ཀྱི་ངོ་བོར་སྐྱེས་པ་གཉིས་གཉིས་ཡོད་པ་ལས། དང་པོའི་དབང་དུ་བྱས་ནས་དེ་ལྟར་འཆད་པ་ཡིན་ཏེ། འོག་མའི་དངོས་གཞི་ཐོབ་ནས་དེ་ལ་རྟེན་པའི་ལམ་ཟག་མེད་ཀྱིས་རང་ས་ལ་ཆགས་པ་དང་བྲལ་བར་བྱེད་ནུས་པས། གོང་མའི་ཉེར་བསྡོགས་ཀྱིས་འོག་མ་ལ་ཆགས་བྲལ་བྱེད་མི་དགོས་པའི་ཕྱིར། བསམ་གཏན་དང་པོའི་དངོས་གཞི་ཟག་མེད་ཀྱིས་བསམ་གཏན་དང་པོ་ལ་ཆགས་བྲལ་བྱས་ཟིན་ཀྱང༌། དེ་ནས་གཉིས་པའི་དངོས་གཞིར་འཇུག་པ་ལ་གཉིས་པའི་ཉེར་བསྡོགས་གཞན་ལ་རྟེན་མི་དགོས་པ་མ་ཡིན་ཏེ། ཉོན་མོངས་པའི་གཉེན་པོའི་ཡན་ལག་ཡོངས་སུ་རྫོགས་པ་ལ་སྔ་མ་དེ་ཙམ་གྱིས་ཆོག་ཀྱང༌། ཕན་ཡོན་གྱི་ཡན་ལག་སྒྲུབ་པ་ལ་ཉེར་བསྡོགས་གཞན་ཞིག་ངེས་པར་དགོས་པའི་ཕྱིར། དཔེར་ན། ཤེས་རབ་རྐྱང་པས་རྣམ་གྲོལ་གྱི་དགྲ་བཅོམ་བསམ་གཏན་གྱི་དངོས་གཞི་ལ་འཇུག་པ་བཞིན་ནོ། །དེ་ཡང་ཤེས་རབ་རྐྱང་གྲོལ་བསམ་གཏན་གཉིས་པའི་དངོས་གཞི་ལ་ཐོག་མར་འཇུག་པའི་ཚེ་སྙོམས་འཇུག་གི་སྒྲིབ་པ་སྤོང་བྱེད་ཀྱི་གཉིས་པའི་ཉེར་བསྡོགས་ལ་གནས་པ་ན་དེའི་རྒྱུད་ཀྱི་ཟག་མེད་ཀྱི་ཡེ་ཤེས་དེ་གང་ལ་གནས་པའི་རྟེན་ནི་ཉེར་བསྡོགས་དེ་ཉིད་ཡིན་ཏེ། དེ་ལས་གཞན་མེད་པའི་ཕྱིར་རོ། །དེ་འདྲ་དེ་བསམ་གཏན་དང་པོའི་དངོས་གཞིར་ཁས་ལེན་དགོས་པ་ཡིན་ནོ་ཞེ་ན། དེའི་ཕྱིར་ཡང་གཉིས་པའི་ཉེར་བསྡོགས་དང་ཟག་མེད་ཀྱི་གཞི་མཐུན་གྲུབ་བོ། །ཉེར་བསྡོགས་གཞན་དེ་ཡང་ཞི་གནས་ཁོ་ནར་ངེས་ལ། དེ་ཡིན་ན་ཞི་རགས་ཀྱི་རྣམ་པ་ཅན་དུ་འགལ་བའི་ཕྱིར། ཟག་མེད་མི་སྲིད་པ་མ་ཡིན་ནོ། །གལ་ཏེ་འོ་ན། གཉེན་པོའི་ཡན་ལག་ཏུ་གཞག་པའི་རྟོག་དཔྱོད་ལ་སོགས་པ་དེ་དང༌། ཉེར་བསྡོགས་ཟག་མེད་རྣམས་ལ་ཇི་ལྟར་དུ་ཡོད། ས་འོག་མ་ལ་ཆགས་པ་དང་བྲལ་བྱེད་ཀྱི་ཉེར་བསྡོགས་ལ་མ་ལྟོས་པར་ཞི་གནས་རྐྱང་པའི་ཉེར་བསྡོགས་ཀྱིས་གོང་མའི་དངོས་གཞི་མངོན་དུ་བྱེད་པ་བྱང་སེམས་འཕགས་པའི་ལུགས་ཡིན་པར་ཁས་བླངས་པ་དེའི་ཚེ། ཐེག་ཆེན་འཕགས་པའི་བསམ་གཏན་གྱི་སྙོམས་པར་འཇུག་པ་རྣམས་ཡན་ལག་ལྔ་ལྡན་སོགས་སུ་ཇི་ལྟར་བཞག་ཅེ་ན། དང་པོའི་ལན་ནི། ཉེར་བསྡོགས་ལ་གཉིས་ཏེ། ཞི་གནས་དང་ལྷག་མཐོང་ངོ༌། །དང་པོ་ལའང་བདེན་པའི་རྣམ་པ་ཅན་ཡིན་པ་དང༌། མ་ཡིན་པའོ། །དང་པོ་ལ་སེམས་གནས་པའི་ཐབས་དགུའོ། །དགུ་པོ་དེ་དང་དངོས་གཞི་ས་མི་གཅིག་ཀྱང་དེའི་ཚོགས་པ་ན་ཡོད་པའི་བདེན་པ་ལ་དམིགས་པའི་རྟོག་དཔྱོད་དང༌། རབ་ཏུ་དྭང་བ་སོགས་གཉེན་པོའི་ཡན་ལག་ཏུ་བཞག་གོ །ལྷག་མཐོང་ལའང་བདེན་པའི་རྣམ་པ་ཅན་ཡིན་མིན་གཉིས་ལས། དང་པོ་ལ་ཚོགས་ལམ་གྱི་དབང་དུ་བྱས་པ་མཚན་ཉིད་རབ་རིག་དང༌། སྦྱོར་ལམ་གྱི་དབང་དུ་བྱས་པ་མོས་པ་ཡིད་བྱེད་དང༌། མཐོང་ལམ་གྱི་དབང་དུ་བྱས་པ་རབ་ཏུ་དབེན་པ་ཡིད་བྱེད་དང༌། སྒོམ་ལམ་གྱི་དབང་དུ་བྱས་པ་དགའ་སྤྱོད་སྦྱོར་མཐའ་གསུམ་དང༌། མི་སློབ་པའི་དབང་དུ་བྱས་པ་སྦྱོར་འབྲས་ཡིད་བྱེད་དེ། བདུན་པོ་ཐམས་ཅད་རང་རང་གི་དངོས་གཞི་དང་ས་གཅིག་ཅིང༌། དེའི་ཚོགས་པ་ན་ཡོད་པའི་བདེན་པའི་རྣམ་པ་ཅན་གྱི་རྟོག་དཔྱོད་གཉིས་པོ་བསམ་གཏན་དང་པོའི་ཡན་ལག་ཏུ་རྣམ་པར་བཞག་གོ །ཞི་གནས་ཇི་སྙེད་པའི་ཚོགས་པར་རབ་ཏུ་དྭང་བ་དང༌། དྲན་ཤེས་བཞིན་བཏང་སྙོམས་གསུམ་ནི་མི་འབྱུང་བའི་དོགས་པ་མེད་ལ། དང་པོའི་ཉེར་བསྡོགས་བདེན་པའི་རྣམ་པ་ཅན་མ་ཡིན་པའི་ཚོགས་པར་རྟོག་དཔྱོད་གཉིས་འབྱུང་བ་ནི། ཇི་སྐད་དུ། འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །ཞེས་འབྱུང་བ་ལྟར་རོ། །མངོན་པ་འོག་མ་ལས་ནི། ཉེར་བསྡོགས་ཀྱི་ལྷག་མཐོང་ལ་ཞི་རགས་ཀྱི་རྣམ་པ་ཅན་དང་ཟག་མེད་གཉིས། དང་པོ་ལ་ས་རེ་རེ་ཞིང་དགུ་དགུར་ཕྱེ་བས་བདུན་ཅུ་རྩ་གཉིས་ཁོ་ནར་ངེས་ཤིང༌། ཟག་མེད་ལ་བཟོད་པ་བརྒྱད་དང༌། སྲིད་རྩེའི་གཉེན་པོ་དགུ་ལ་ནི་ཟག་མེད་ལས་གཞན་མི་སྲིད་ལ། ས་ལྷག་མ་བརྒྱད་ཀྱི་གཉེན་པོ་ལ་ནི་ཟག་པ་ཡོད་མེད་གཉིས་ཀ་སྲིད་དོ། །དེས་ན་ཉེར་བསྡོགས་ཕྱི་མ་རྣམས་ལ་གཉིས་ཏེ། འདོད་ཆགས་དང་བྲལ་བར་བྱེད་པ་དང༌། དངོས་གཞི་ཐོབ་པའི་དོན་དུ་དམིགས་རྣམ་སྦྱོང་བའོ། །དང་པོ་ལ་ཟག་མེད་མི་སྲིད་ཅིང༌། གཉིས་པ་ལ་ཟག་མེད་དང་དག་པ་པ་གཉིས་ཀ་སྲིད་དོ། །འོ་ན་ཟག་མེད་ས་དགུའི་གྲངས་ངེས་འཇིག་གོ །ཞེ་ན། ཉེས་པ་མེད་དེ། དེ་ཡང་ས་དགུ་པོ་གང་རུང་དུ་གཏོགས་པའི་ཕྱིར་དང༌། དེའི་གྲངས་ངེས་དེ་ནི་སྤྱིར་ལྷག་མཐོང་གི་ངོ་བོར་གྱུར་པའི་དང༌། བྱེ་བྲག་སྤོང་གཉེན་གྱི་དབང་དུ་བྱས་པའི་ཕྱིར་རོ། །དོགས་པ་གཉིས་པའི་ལན་ལ་གསུམ་སྟེ། བྱང་སེམས་འཕགས་པས་ས་འོག་མ་འོག་མའི་ཉོན་མོངས་མ་སྤངས་ཀྱང་མངོན་དུ་མི་འགྱུར་བའི་ཤེས་བྱེད་དང༌། དེའི་རྒྱུ་མཚན་གྱིས་ས་འོག་མའི་ཉོན་མོངས་མ་སྤངས་ཀྱང་གོང་མའི་དངོས་གཞི་མངོན་དུ་བྱེད་ནུས་པ་དང༌། དེ་ལྟ་ན་ཡང་ཐེག་ཆེན་འཕགས་པའི་བསམ་གཏན་གྱི་སྙོམས་འཇུག་ལ་དེའི་ཡན་ལག་རྣམས་ཇི་ལྟར་ཚང་བའི་ཚུལ་ལོ། །དང་པོ་ནི། དེས་ཁམས་གསུམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་རྒྱུ་མཚན་གྱིས་ཡིན་ཏེ། དེའི་གནས་ལུགས་མངོན་སུམ་དུ་རྟོགས་པ་དེའི་ཚེ་ན་དེ་ལ་དམིགས་པའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་མངོན་གྱུར་དུ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར། དེ་ལྟ་ན་ཡང་དེ་ནམ་དགོས་པའི་ཚེ་མངོན་དུ་བྱེད་ནུས་པ་ནི་དེ་མ་སྤངས་པའི་རྒྱུ་མཚན་གྱིས་སོ། །མངོན་དུ་བྱེད་པ་དེ་ཡང་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་འགྱུར་བ་འདོད་སྲིད་ཀྱི་ཆགས་པའི་བག་ལ་ཉལ་ཡིན་གྱི། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་ནི་མ་ཡིན་ཏེ། དེ་མངོན་དུ་བྱེད་པའི་དགོས་པ་དང༌། ནུས་པ་གཉིས་ཀ་མེད་པའི་ཕྱིར་རོ། །གཉིས་པ་ནི། བྱང་སེམས་འཕགས་པས་ཞི་གནས་ཀྱི་ངོ་བོར་གྱུར་པའི་བསམ་གཏན་དང་གཟུགས་མེད་ཀྱི་ཉེར་བསྡོགས་ལ་བརྟེན་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་སྒོམ་ཟག་མེད་ཀྱི་ལམ་མངོན་དུ་བྱས་པ་དེའི་ཚེ། རང་རང་གི་དངོས་གཞི་ལ་འཇུག་པ་ནས་འོག་མའི་འདོད་ཆགས་ཀྱི་སྤོང་གཉེན་མངོན་དུ་བྱེད་པ་ནི་མ་ཡིན་ཏེ། ས་འོག་མའི་སྐྱེ་བ་ལེན་པའི་རྒྱུར་དགོས་པའི་ཕྱིར་དང༌། སེམས་རྒྱུད་མ་ཞི་བའི་ནུས་པ་ནི་མ་སྤངས་ཀྱང་མངོན་དུ་མི་འགྱུར་བའི་ཕྱིར། དེ་ལྟ་ན་ཡང་རང་རང་གི་དངོས་གཞི་ལ་འཇུག་པ་ན་དེ་དང་དེའི་ཉེར་བསྡོགས་ལོགས་སུ་སྒོམ་མི་དགོས་པ་མ་ཡིན་ཏེ། ས་དེ་དང་དེའི་དམིགས་རྣམ་ཡིད་ལ་བྱེད་པའི་ཐབས་དགུ་ལ་སོགས་པའི་ཞི་གནས་མ་བསྒྲུབ་ན་དངོས་གཞིའི་དུས་སུ་ཕན་ཡོན་གྱི་ཡན་ལག་རྣམས་མི་འབྱུང་བའི་ཕྱིར་རོ། །དེ་དུས་ཀྱི་ཞི་གནས་དེ་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་མ་ཡིན་ཀྱང་གཉེན་པོའི་ཡན་ལག་ཏུ་མི་འཇོག་པ་ནི་མ་ཡིན་ཏེ། རང་རང་གི་དངོས་གཞི་ཐོབ་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོ་ཉིད་དུ་ངེས་པར་གཞག་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟ་ཡིན་པ་དེའི་ཕྱིར་བྱང་འཕགས་ཀྱི་རྒྱུད་ཀྱི་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ལས་འོག་མའི་ཉོན་མོངས་སྤོང་བའི་ཡན་ལག་རྣམས་མ་ཚང་ཡང༌། སྤྱིར་དེ་དང་དེའི་ཡན་ལག་ཏུ་བཞག་པ་རྣམས་མ་ཚང་བ་ནི་མ་ཡིན་ཏེ། དཔེར་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ངོ་བོར་གྱུར་པའི་ཞི་གནས་ཀྱི་ཚོགས་པ་ན་ཡོད་པའི་རྟོག་དཔྱོད་གཉིས། དེ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སེལ་བའི་གཉེན་པོའི་ཡན་ལག་ཡིན་པ་དང༌། དེར་གྱུར་པའི་ནང་རབ་ཏུ་དྭང་བ་དང༌། དྲན་ཤེས་བཞིན་བཏང་སྙོམས་གསུམ་ཀྱང་དེ་ལྟར་ཡིན་པ་དང༌། དེར་གྱུར་པའི་ནམ་མཁའི་ཡུལ་ཅན་གྱི་ཡིད་བྱེད་ཀྱང་དེ་ལྟར་གྱུར་པ་ལ་སོགས་པ་ཡིན་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་སྙོམས་འཇུག་ཕྱི་མ་རྣམས་ཀྱི་ཉེར་བསྡོགས་ལ་ཟག་མེད་མེད་མི་སྲིད་དེ། ལམ་སླ་བ་དངོས་གཞི་ལ་རྟེན་པར་དབང་བཞིན་དུ། དཀའ་བ་ཉེར་བསྡོགས་ལ་བརྟེན་པ་ལ་དགོས་པ་མེད་པའི་ཕྱིར། ཞེས་རྒོལ་ན། ལན་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། འོ་ན་བསམ་གཏན་དང་པོའི་དངོས་གཞི་ནས་གཉིས་པའི་དངོས་གཞིར་འཇུག་པ་ལ་གཉིས་པའི་ཉེར་བསྡོགས་སྒྲུབ་མི་དགོས་པར་ཐལ། གཏན་ཚིགས་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། ཆོས་མངོན་པ་པ་དག་དེ་སྐད་ཅེས་ཟེར་བ་དེ་ནི་ས་འོག་མའི་ཉོན་མོངས་ཀྱི་གཉེན་པོར་གྱུར་པའི་ཟག་མེད་ཀྱི་ཉེར་བསྡོགས་ལ་བསམ་པ་ཡིན་ཏེ། བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་འཕགས་པ་རྣམས་ནི་དང་པོའི་ཉེར་བསྡོགས་ཟག་མེད་ཀྱིས་ཁམས་གསུམ་ལ་ཆགས་བྲལ་ཅིག་ཆར་དུ་བྱེད་པ་ཡིན་ལ། བསམ་གཏན་གྱི་དངོས་གཞི་ཐོབ་པ་དེ་དག་ནི། དངོས་གཞི་ལ་རྟེན་པའི་ཟག་མེད་ཀྱིས་ཉོན་མོངས་ལྷག་མ་རྣམས་ཅིག་ཅར་དུ་སྤོང་བ་ཡིན་ལ། ཉེར་བསྡོགས་ཕྱི་མ་རྣམས་ཀྱིས་ནི་སྤང་བྱ་ཅིག་ཆར་དུ་སྤོང་མི་ནུས་པའི་ཕྱིར་དང༌། ཞི་གནས་ཀྱི་ངོ་བོར་གྱུར་པའི་ཉེར་བསྡོགས་ནི་ཉོན་མོངས་ཀྱི་གཉེན་པོར་མི་རུང་བའི་ཕྱིར་རོ། །བསམ་གཏན་རྣམ་གཞག་མང་པོས་ཤེས་ཤེས་པ། །བསམ་མནོའི་ལམ་ཏུ་རྟག་པར་འགྲོ་འགྲོ་ནས། །བསམ་བྱའི་གནས་ལ་རྟོག་དཔྱོད་མེད་མེད་འདྲ། །བསམ་པར་ལྡན་དག་གང་འདི་ཡང་ཡང་ལྟོས།།  །།གསུམ་པ་ཚོགས་སྒྲུབ་ཀྱི་སྐབས་སུ་ཡེ་ཤེས་ཀྱི་ཚོགས་ལ། ཡུལ་སྟོང་པ་ཉིད་ཀྱི་རྣམ་པར་བཞག་པ་དང༌། ཡུལ་ཅན་ཡེ་ཤེས་ཀྱི་དམིགས་པ་བསམ་པའོ། །དང་པོ་ལ་གཉིས་ཏེ། གཞན་སྟོང་འཆད་པའི་ལུགས་དང༌། རང་སྟོང་གི་འཆད་ལུགས་སོ། །དང་པོ་ལ་དགག་གཞི་གང་ཡིན་པ་དང༌། དགག་བྱ་གང་ཡིན་པ་དང༌། དེ་དེས་སྟོང་པའི་སྟོང་པ་ཉིད་གང་ཡིན་པའོ། །དང་པོ་ནི། གཞན་དབང་སྟེ། དེ་ལ་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་དང༌། ཤེས་པ་དེས་བཞག་པའི་བག་ཆགས་གཉིས་སོ། །དགག་བྱ་ནི་ཀུན་བཏགས་ཏེ། དེ་ལའང་གཟུང་འཛིན་གཉིས་སོ། །གཉིས་པོ་རེ་རེ་ལ་གང་ཟག་གི་དབང་དུ་བྱས་པ་དང༌། ཆོས་ཀྱི་དབང་དུ་བྱས་པ་གཉིས་གཉིས་སོ། །གསུམ་པ་ནི། ཡོངས་གྲུབ་སྟེ། གཟུང་འཛིན་གཉིས་སྟོང་གི་དངོས་པོའོ། །དེ་ལའང་གང་ཟག་གི་བདག་མེད་ལྟ་བུ་ཉི་ཚེ་བའི་དང༌། ཆོས་ཀྱི་བདག་མེད་ལྟ་བུ་ཁྱབ་པའི་སྟོང་ཉིད་དོ། །ཉི་ཚེ་བའི་སྟོང་ཉིད་དང༌། ཆོས་ཉིད་དང༌། དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་རྣམས་ལ་ནི་ཉན་རང་འཕགས་པས་ཀྱང་དམིགས་ཤིང་རྟོགས་པ་ཡིན་ཏེ། ཇི་སྐད་དུ། འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་དང༌། མངོན་པ་ཀུན་ལས་བཏུས་ལས་ཀྱང༌། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཞེས་སོགས་དང༌། འདིར་ཡང་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ། ཞེས་གསུངས་སོ། །དེ་ལྟ་ན་ཡང་དེས་ཆོས་ཀྱི་བདག་མེད་རྟོགས་པ་ནི་མ་ཡིན་ཏེ། སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་རྣམས་ཆོས་ཀྱི་བདག་མེད་ཀྱི་ངོས་འཛིན་ཁོ་ནའི་སྟེང་ནས་འཆད་པ་ནི། རང་སྟོང་སྨྲ་བ་ཁོ་ནའི་ལུགས་ཡིན་པའི་ཕྱིར། རང་སྟོང་སྨྲ་བས་ཀྱང་གང་ཟག་གི་བདག་མེད་ཀྱི་འཛོག་འཚམས་ནི། གཞན་སྟོང་གི་འཆད་ཚུལ་ལྟར་འཆད་ལ། དེ་ལྟ་ཡིན་པ་དེའི་ཕྱིར། ལུགས་དེ་ལ་སྟོང་ཉིད་ཉི་ཤུའི་ནང་ན་གང་ཟག་གི་བདག་གིས་སྟོང་པའི་སྟོང་པ་ཉིད་མི་འཆད་དོ། །ཅིག་ཤོས་ལ་ནི་མི་མཚུངས་ཏེ། མིག་སོགས་ནང་གི་དངོས་པོ་རྣམས་ནང་གི་བྱེད་པོས་སྟོང་པ་ལ་ནང་སྟོང་པ་ཉིད་ཀྱི་དོན་དུ་འཆད་པའི་ཕྱིར་དང༌། རང་སྟོང་སྨྲ་བ་ལྟར་ན་མིག་སོགས་རང་གི་ངོ་བོས་སྟོང་པ་ལ་ནང་སྟོང་པ་ཉིད་ཀྱི་དོན་དུ་འཆད་ལ། དེ་ནི་ཆོས་ཀྱི་བདག་མེད་ཀྱི་འཇོག་འཚམས་ལས་མ་འདས་པའི་ཕྱིར། གཉིས་པ་ལ། དགག་གཞི་གང་ཡིན་པ་དང༌། དགག་བྱ་དང༌། དེ་དེས་སྟོང་པའི་སྟོང་པ་ཉིད་གང་ཡིན་པ་དང་ངོ༌། །དང་པོ་ནི། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་དོ། །གཉིས་པ་ལ་བོད་ཕྱི་མ་དག སྟོང་གཞིའི་ཆོས་ཅན་གཞི་གྲུབ་པ་མཐའ་དག དགག་བྱ་བདེན་གྲུབ་ཅེས་བྱ་བ་གཞི་མ་གྲུབ་པ་ཞིག་གིས་སྟོང་པ་དེ་རང་སྟོང་གི་དོན་དུ་འཆད་པ་ནི་ནོར་བ་ཡིན་ཏེ། དེ་ལྟར་འཆད་པ་དེ་ནི་གཞན་སྟོང་གི་འཆད་ཚུལ་ཁོ་ན་ལས་མ་འདས་པའི་ཕྱིར་ཏེ། གཞན་དབང་གི་དངོས་པོ་རྣམས་དེ་ཉིད་ཀྱིས་མི་སྟོང་པར་དགག་བྱ་ཀུན་བཏགས་ཞིག་གིས་སྟོང་པར་ཁས་བླངས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པ་ནི་རང་སྟོང་གི་དོན་ནོ། །བུམ་སོགས་ཀྱི་ངོ་བོ་ལ་གཉིས་ཏེ། ཀུན་རྫོབ་ཀྱི་དང༌། དོན་དམ་པའི་ངོ་བོའོ། །དང་པོ་ནི། ལྟོ་ལྡིར་ཞབས་ཞུམ་ལྟ་བུ་བུམ་པའི་ཀུན་རྫོབ་ཀྱི་ངོ་བོ་དང༌། བུམ་པ་ཀུན་རྫོབ་ཀྱི་ངོ་བོས་སྟོང་པ་ནི་དེའི་དོན་དམ་པའི་རང་བཞིན་ནོ། །དེ་ཡང་དོན་དམ་བདེན་པའི་རྣམ་གཞག་ཞིག་ཁས་ལེན་པ་དེའི་ཚེ་ནི། བུམ་སོགས་ཀུན་རྫོབ་ཀྱི་ངོ་བོས་སྟོང་པར་ཁས་ལེན་གྱི། དོན་དམ་གྱི་ངོ་བོས་སྟོང་པར་ཁས་མི་ལེན་ཏེ། དེ་དེའི་རང་བཞིན་དུ་ཁས་ལེན་པའི་ཕྱིར། སྤྲོས་པ་མཐའ་དག་འགོག་པ་དེའི་ཚེ་ནི། དེ་ཉིད་དེའི་དོན་དམ་པའི་ངོ་བོས་ཀྱང་སྟོང་ངོ་ཞེས་ཐ་སྙད་འདོགས་ཏེ། དེ་ལྟར་དུ་མ་བཏགས་པར་དེ་དེའི་རང་བཞིན་ཡིན་པར་ཁས་བླངས་ན་སྟོང་པ་ཉིད་ལ་ལྟ་ཉེས་པའི་དུག་ཏུ་འགྱུར་བའི་ཕྱིར་རོ། །དེ་ཁོ་ནར་མ་ཟད་བོད་ཕྱི་མ་གང་དག དེ་དང་དེའི་སྟོང་པ་ཉིད་གང་ཡིན་པ་དེ་དེ་དང་དེའི་རང་བཞིན་དུ་ཁས་ལེན་པ་དེ་དག་ནི་རྣམ་རིག་པའི་ལྟ་བ་ལས་གོང་དུ་མ་འཕགས་ཏེ། ལུགས་དེས་ཀྱང་གཟུང་འཛིན་གཉིས་སྣང་གི་ཤེས་པ་དེ་གཟུང་འཛིན་གཉིས་ཀྱིས་སྟོང་པ་དང༌། གཉིས་སྟོང་གི་ཡེ་ཤེས་དེ་གཉིས་སྣང་གི་ཤེས་པའི་རང་བཞིན་ཡིན་པ་ལ་བསམས་ནས། གཞན་དབང་རང་བཞིན་གྱིས་གྲུབ་པ་ཞེས་བྱ་བ་ཞིག་འདོད་པའི་ཕྱིར། མདོར་ན་དངོས་པོ་རྣམས་ལ་རང་བཞིན་དང༌། རང་གི་མཚན་ཉིད་དང༌། རང་གི་ངོ་བོ་ཡོད་པ་ཞེས་བྱ་བ་ནི་རྣམ་རིག་པ་དག་གི་འདོད་པ་ཡིན་ཏེ། དེའི་ཀུན་རྫོབ་ཀྱི་ངོ་བོ་མེད་ཀྱང༌། དེའི་དོན་དམ་གྱི་ངོ་བོ་ཡོད་པར་ཁས་ལེན་པའི་ཕྱིར། དེ་ལ་དེ་མེད་པར་སྨྲ་བ་ནི་ངོ་བོ་ཉིད་མེད་པར་སྨྲ་བ་དག་གི་ལུགས་ཏེ། དངོས་པོ་རྣམས་བདེན་པ་གཉིས་ཆར་གྱི་ངོ་བོས་སྟོང་པར་འདོད་པའི་ཕྱིར། དེའི་ཕྱིར་བོད་རྣམས་རང་བཞིན་དང༌། ངོ་བོ་ཉིད་ཅེས་བྱ་བ་བདེན་གྲུབ་ཀྱི་མིང་གི་རྣམ་གྲངས་སུ་བཤད་ནས། དབུ་མ་པ་དག་གིས་གནས་སྐབས་གང་དུ་ཡང་ཁས་བླང་དུ་མི་རུང་བ་ཞིག་ལ་འཆད་པ་ནི་ནོར་བ་ཡིན་ཏེ། ཇི་སྲིད་བདེན་པ་གཉིས་ཀ་རང་ལུགས་ལ་ཡོད་པར་ཁས་ལེན་པ་དེ་སྲིད་དུ་རང་བཞིན་སོགས་ཡོད་པར་ཁས་ལེན་དགོས་ལ། བུམ་སོགས་རང་བཞིན་གྱིས་མེད་པར་ཁས་ལེན་པ་དེའི་ཚེ་ནི། དེའི་དོན་དམ་པའི་བདེན་པ་དང༌། གནས་ལུགས་ཀྱང་ཁས་མི་ལེན་པའི་ཕྱིར་རོ། །གསུམ་པ་ནི། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གིས་ནི་ཇི་སྲིད་སྟོང་པ་ཉིད་ཀྱི་རྣམ་གཞག་ཁས་ལེན་པ་དེ་སྲིད་དུ། དེའི་ངོ་བོ་ཤེས་པར་ཁས་ལེན་ཏེ། སྟོང་ཉིད་བཞི་པའི་སྟོང་གཞིའི་ཆོས་ཅན་དེ་ཤེས་པར་ཁས་བླངས་པའི་ཕྱིར་རོ། །འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་བ་དག་གིས་ནི་དེའི་ངོ་བོ་མེད་དགག་ནམ་མཁའ་ལྟ་བུར་ཁས་བླངས་སོ། །དེ་ལྟ་མོད་ཀྱི་ཀླུ་སྒྲུབ་ཞབས་ཀྱི་མདོ་སྔགས་ཀྱི་གཞུང་དུ་མ་དང༌། ཟླ་བའི་ཞབས་ཀྱིས་གསང་བ་འདུས་པའི་འགྲེལ་ཆེན་དུ་དེའི་ངོས་འཛིན་ཤེས་པར་བཤད་པ་ཡང་མང་ངོ༌། །གཉིས་པ་ལ་གཉིས་ཏེ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། མི་རྟོག་ཡེ་ཤེས་ཀྱི་དམིགས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་འཆད་པ་ནི་ཐེག་པ་ཆེན་པོ་པ་སྤྱིའི་ལུགས་ཡིན་ལ། དེ་ལ་སྣང་བཅས་དང་སྣང་མེད་དུ་འཆད་པའི་དབྱེ་བས་གཉིས་གཉིས་སུ་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། རྒོལ་བ་དང༌། ལན་ནོ། །དང་པོ་ནི། ཕྱི་ནང་གི་མུ་སྟེགས་བྱེད་ན་རེ། ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཆོས་ཅན། ཡོད་པ་མ་ཡིན་པར་ཐལ། སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བའི་ཡེ་ཤེས་ཀྱི་དམིགས་བྱ་ཡིན་པའི་ཕྱིར། འདོད་ན་ཆོས་ཐམས་ཅད་ཡོད་པ་ཉིད་དུ་འགྱུར་ཏེ། དགག་པ་གཉིས་ཀྱིས་རྣལ་མར་གོ་བའི་ཕྱིར། ཞེས་ཟེར་རོ། །ལན་ལ་གཉིས་ཏེ། རྣམ་རིག་པའི་ལན་འདེབས་ཚུལ་མི་འཐད་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་རང་གི་འདོད་པ་བཞག་པའོ། །དང་པོ་ལ་གཉིས་ཏེ། ཕྱོགས་སྔ་མ་བཞག་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ལ་རྣམ་རྫུན་པའི་འདོད་པ་བརྗོད་པ་དང༌། རྣམ་བདེན་པའི་འདོད་པ་བརྗོད་པའོ། །དང་པོ་ནི། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་ནི་དམིགས་བྱ་དང་དམིགས་བྱེད་ཐ་དད་པ་གཉིས་མེད་ཀྱི། དེ་ཉིད་དེ་ཉིད་ཀྱི་དམིགས་པ་ཡིན་པ་ལ་སྟོང་པ་ཉིད་དམིགས་ཞེས་བྱ་བའི་ཐ་སྙད་བྱས་པ་ཡིན་གྱི། གཉིས་མེད་ཀྱི་ཡེ་ཤེས་སུ་མ་གྱུར་པའི་སྟོང་པ་ཉིད་ཅེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་ཟེར་རོ། །གཉིས་པ་ནི། རྣམ་བདེན་པ་ན་རེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་པ་ཉིད་མེད་དགག་དེ་དམིགས་པ་དང༌། དེ་འཇལ་བར་བྱེད་པའི་འཛིན་རྣམ་ལ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འཇོག་པ་ཡིན་ཏེ། གཞན་དུ་ན་མངོན་སུམ་ཡུལ་མེད་དུ་ཐལ་བའི་ཕྱིར་རོ། །ཞེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། རྣམ་རྫུན་པའི་དང༌། རྣམ་བདེན་པའི་འདོད་པ་སུན་འབྱིན་པའོ། །དང་པོ་ལ་གཉིས་ཏེ། དམིགས་པ་དག་པ་གོང་ནས་གོང་དུ་འགྲོར་མེད་པར་ཐལ་བ་དང༌། ཡེ་ཤེས་ཡུལ་མེད་དུ་ཐལ་བའོ། །དང་པོ་ལ་ཐལ་བ་དངོས་དང༌། དེའི་ཉེས་སྤོང་མི་འཐད་པའོ། །དང་པོ་ནི། མི་རྟོག་ཡེ་ཤེས་ཆོས་ཅན། ཁྱོད་ཀྱིས་སྔར་གློ་བུར་གྱི་དྲི་མ་མཐའ་དག་དང་བཅས་པའི་དེ་བཞིན་ཉིད་ལ་དམིགས་ནས། ཕྱིས་དྲི་མས་རིམ་གྱིས་དག་པའི་དེ་བཞིན་ཉིད་ལ་དམིགས་པའི་སྒོ་ནས་དག་པ་གོང་འཕེལ་དུ་འགྲོ་རྒྱུ་མེད་པར་ཐལ། དང་པོ་ཉིད་ནས་གཟུང་འཛིན་གྱི་དྲི་མ་མཐའ་དག་གིས་དག་པའི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར། གཉིས་པ་ནི། གལ་ཏེ་རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་གྱིས་དྲི་མ་རིམ་གྱིས་སྤོང་བ་ཡིན་ནོ་ཞེ་ན། གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ལ་མཚན་འཛིན་གྱི་རྟོག་པ་སྤོང་དུ་མི་རུང་བར་ཐལ། ཁྱོད་རང་བཞིན་གྱིས་སྟོང་པར་འཇལ་བྱེད་ཀྱི་མངོན་སུམ་དང༌། སྒྲུབ་བྱེད་ཀྱི་རིགས་པ་གཉིས་ཀ་རྣམ་རྫུན་པ་ཁྱོད་ལ་མེད་པའི་ཕྱིར། འདོད་ན་དག་པ་ཕྱོགས་གཅིག་པ་ཉིད་དུ་འགྱུར་ཏེ། དེ་བཞིན་ཉིད་དེ་གཟུང་འཛིན་གཉིས་ཀྱི་དྲི་མས་དག་ཏུ་རུང་ཡང༌། རང་ལ་བདེན་པར་འཛིན་པའི་དྲི་མ་མི་སྤོང་བའི་ཕྱིར་རོ། །གཉིས་པ་ནི། མི་རྟོག་ཡེ་ཤེས་དེ་ཡུལ་མེད་དུ་ཐལ། ཀུན་རྫོབ་ལ་ནི་མ་དམིགས་རང་ཉིད་རང་གི་ཡུལ་དུ་མི་རུང་བའི་ཕྱིར། དེ་ལ་རྣམ་བདེན་པ་དང་དབུ་མ་སྣང་མེད་པ་ན་རེ། མེད་དགག་ནམ་མཁའ་ལྟ་བུ་ལ་དམིགས་སོ་ཞེ་ན། གཉིས་པ་ནི། སྟོང་ཉིད་ཆོས་ཅན། འདུས་བྱས་སུ་ཐལ། མངོན་སུམ་གྱིས་དམིགས་པ་ཡིན་པའི་ཕྱིར། གལ་ཏེ་སྟོང་ཉིད་ཅེས་བྱ་བའི་དོན་དངོས་མེད་ནམ་མཁའ་ལྟ་བུ་ལ་མི་འདོད་ཀྱི། དེའི་རྣམ་པ་ཅན་གྱི་གཟུང་རྣམ་ལ་འདོད་དོ་ཞེ་ན། འོ་ན་སྟོང་པ་ཉིད་ཆོས་ཅན། འདུས་བྱས་སུ་ཐལ། གཟུང་རྣམ་ཡིན་པའི་ཕྱིར་རོ། །འདོད་ན། དེ་བཞིན་ཉིད་དང༌། ཆོས་དབྱིངས་དང༌། སྟོང་པ་ཉིད་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་རྣམས་སུ་འགལ་ལོ། །གཉིས་པ་ལ་གཉིས་ཏེ། དངོས་དང༌། གཞན་གྱིས་ཀླན་ཀ་མི་འཇུག་པར་བསྟན་པའོ། །དང་པོ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའི་དོན་ཀུན་རྫོབ་ཀྱི་སྣང་བ་དང་བྲལ་བ་ལ་འཆད་པ་མ་ཡིན་གྱི། རང་བཞིན་སྟོང་པས་ཁྱད་པར་དུ་བྱས་པའི་ཀུན་རྫོབ་ཀྱི་སྣང་བ་སྒྱུ་མ་ལྟ་བུའོ། །དེའི་ཤེས་བྱེད་ནི། གང་དམིགས་པ་ལ་འཇུག་པའི་ཤེས་པ་ཡིན་ན་སྒྱུ་མ་ལྟ་བའི་སྣང་བ་ལ་དམིགས་པས་ཁྱབ། དཔེར་ན་རྨི་ལམ་གྱི་ཤེས་པ་བཞིན། ཇི་སྐད་བཤད་པའི་ཡེ་ཤེས་རྣམས་ཀྱང་དམིགས་པ་ལ་འཇུག་པའི་ཤེས་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་རྟགས་སོ། །ཕྱོགས་ཆོས་ནི། རིགས་པ་མཁྱེན་པས། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་གྲུབ་མི་འགྱུར། །ཞེས་གསུངས་པ་ལྟར། མངོན་སུམ་གྱིས་གྲུབ་ཅིང༌། རྗེས་འགྲོ་ཡང་དཔེའི་སྟེང་དུ་མངོན་སུམ་གྱིས་གྲུབ་ལ། རྟགས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པ་ནི། གོང་དུ་རྣམ་བདེན་རྫུན་གཉིས་འགོག་པའི་རིགས་པ་དང༌། དེར་མ་ཟད་དབུ་མ་སྣང་མེད་པའི་འདོད་པ་འགོག་བྱེད་ཀྱི་རིགས་པ་ནི། མི་རྟོག་ཡེ་ཤེས་ཆོས་ཅན། དངོས་པོར་མེད་པའི་ཡུལ་ཅན་དུ་ཐལ། སྣང་བ་ཐམས་ཅད་དང་བྲལ་བའི་མེད་དགག་ནམ་མཁའ་ལྟ་བུ་དམིགས་ཡུལ་དུ་བྱེད་པའི་ཡུལ་ཅན་ཡིན་པའི་ཕྱིར། འདོད་ན་རྟོག་པར་ཐལ། ལྡོག་པ་གཞན་སེལ་གྱི་སྣང་ཡུལ་ཅན་གྱི་བློ་ཡིན་པའི་ཕྱིར། ཞེས་པའོ། །གཉིས་པ་ལ། དགག་པ་གཉིས་ཀྱིས་རྣལ་མར་གོ་བའི་གནོད་བྱེད་མེད་པ་དང༌། གནོད་བྱེད་གཞན་ཡང་མེད་པའོ། །དང་པོ་ནི། བདེན་སྟོང་ཡོད་པ་མ་ཡིན་པ་ཙམ་གྱིས་བདེན་གྲུབ་ཏུ་མི་འགྱུར་ཏེ། བདེན་ཡོད་འགོག་ཀྱང་བདེན་མེད་མི་འགྲུབ་པའི་ཕྱིར། དཔེར་ན་གསོད་བྱེད་བསད་པས་བསད་བྱ་སླར་མི་འབྱུང་བ་བཞིན་ནོ། །གཉིས་པ་ནི། འོ་ན་ཡུམ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཉེས་པ་མེད་དེ། ལུང་དེའི་དོན་ནི་བདེན་དངོས་བཀག་ཙམ་གྱི་མེད་དགག་ནམ་མཁའ་ལྟ་བུ་དང༌། གཉིས་མེད་ཀྱི་ཡེ་ཤེས་རང་རིག་རང་གསལ་ཁོ་ན་ལ་འཆད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བདེན་དངོས་བཀག་པས་ཁྱད་པར་དུ་བྱས་པའི་ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་དེའོ། །འོ་ན་ཅི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་དེ་ལྟར་སྣང་ངམ་ཞེ་ན། མ་ཡིན་ཏེ། གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་བའི་ཚེ་ན་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བའི་ཕྱིར་རོ། །འཕགས་སེང་གི་བཞེད་པ་ནི་དེ་ལྟར་ངེས་མོད། ཟླ་བའི་ཞབས་ཀྱི་བཞེད་པ་ནི། ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་སུ་སྣང་མཁན་ནི་རྣམ་ཤེས་ཡིན་གྱི། ཡེ་ཤེས་མ་ཡིན་ལ། དེའི་དམིགས་པ་དང༌། འཛིན་སྟངས་ཀྱི་བཟུང་བྱ་གཉིས་ཀ་ཆོས་ཉིད་ཁོ་ནར་ངེས་ཤིང༌། དེའི་ཚེ་ཆོས་ཉིད་ཀྱི་ངོས་འཛིན་རྣམ་རྫུན་པ་ལྟར་འདི་ལྟ་བུ་ཞིག་གོ་ཞེས་བཟུང་བར་མི་ནུས་ཀྱང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཟུང་བྱ་ཅི་ཡང་མི་དམིགས་པ་དེའི་ཚེ། ཡུལ་སྟོང་པ་ཉིད་དང༌། ཡུལ་ཅན་ཡེ་ཤེས་དབྱེར་མེད་དུ་འདྲེས་པ་ཞེས་ཀྱང་བྱ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་ཀྱང་བྱ། དེའི་ཚེ་ན་ཆོས་དབྱིངས་རྟོགས་པ་ཞེས་བྱ་བའི་ཐ་སྙད་བྱས་པ་ཡིན་གྱི། ཡུལ་ཆོས་དབྱིངས་དེ་མངོན་སུམ་དུ་རྟོགས་པ་མཚན་ཉིད་པ་མ་ཡིན་ཏེ། དཔེར་ན། མདོ་སྡེ་པའི་ལུགས་ཀྱིས་སྔོར་སྣང་དབང་ཤེས་ཀྱིས་སྔོན་པོའི་རྣམ་པ་རྟོགས་པ་ལ་སྔོན་པོ་རྟོགས་པའི་ཐ་སྙད་བྱེད་ཀྱི། དེས་སྔོན་པོ་རྟོགས་པ་མཚན་ཉིད་པར་ཁས་མི་ལེན་པ་བཞིན་ནོ། །དེའི་ཕྱིར་ལུགས་འདི་ལ་འཕགས་སེང་གིས་བརྗོད་པའི་ཉེས་པ་རྣམས་མི་འཇུག་སྟེ། ཐོས་བསམ་དང༌། འཇིག་རྟེན་པའི་སྒོམ་བྱུང་གིས་ཀུན་རྫོབ་ཀྱི་སྣང་བ་ལ་དམིགས་ཏེ། སྒྲོ་འདོགས་གཅོད་ལ་དེ་ཆོད་པ་ན་མི་རྟོག་ཡེ་ཤེས་ནི་དེ་བཞིན་ཉིད་འབའ་ཞིག་པར་རོ་གཅིག་པའི་ཕྱིར་རོ། །དེ་ལས་གཞན་དུ་མེད་པར་དགག་པའི་ཡུལ་ཅན་ཡིན་ན་ཡེ་ཤེས་དེ་བློ་ཀུན་རྫོབ་པ་ཉིད་དུ་ཐལ་བར་འགྱུར་རོ།།  །།འདིར་སྨྲས་པ། སྟོང་ཉིད་སྨྲ་བའི་སྟོང་སྐད་མང་ན་ཡང༌། །སྟོང་ཚུལ་ཤེས་པས་སྟོང་པ་མང་ཞིག་མཐོང༌། །སྟོང་ཉིད་བློ་དང་སྟོང་པའི་ཡུལ་གང་ཡིན། །སྟོང་སོབ་མིན་པར་སྟོང་ལུགས་ཤེས་འདིའོ།།  །།གཉིས་པ་སའི་ཚོགས་ལ་ངོ་བོ་ནི། ཐབས་ཤེས་ཟུང་དུ་འཇུག་པའི་མཁྱེན་པའོ། །དབྱེ་ན། མཉམ་གཞག་ཏུ་སྒྲིབ་པ་སེལ་བའི་ས་དང༌། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་སོག་པའི་སའི་ཚོགས་གཉིས་ལས། དང་པོ་ནི། ཡེ་ཤེས་ཀྱི་ཚོགས་དང༌། གཉེན་པོའི་ཚོགས་སུ་བསྡུས་ནས་བཤད་ལ། གཉིས་པ་ནི། འདིར་ཡོངས་སྦྱོང་གི་སྒོ་ནས་བཤད་པའོ། །དེ་ཡང་ཇི་ལྟ་བ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ནི་མཉམ་གཞག་ཁོ་ནས་སེལ་ལ། ཇི་སྙེད་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ནི་རྗེས་ཐོབ་ཏུ་ཡང་སེལ་བར་བྱེད་དོ། །ཇི་ལྟ་བ་ལ་གཉིས་ཏེ། གང་ཟག་གི་བདག་མེད་པ་དང༌། ཆོས་ཀྱི་བདག་མེད་པའོ། །དང་པོ་ལ་སྒྲིབ་བྱེད་ནི་ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་ལ། དེ་ལ་དངོས་དང༌། དེས་བཞག་པའི་བག་ཆགས་གཉིས་ལས། དང་པོ་ནི། འཁོར་བར་འཆིང་བྱེད་ནི། ས་དང་པོ་ནས་སྤངས་སོ། །གཉིས་པ་ནི། དེས་བཞག་པའི་གནས་ངན་ལེན་ཡིན་པ་དང༌། དེ་དང་སྲིད་པར་སྐྱེ་བའི་རྒྱུ་བྱེད་པར་འདྲ་བས་དེའི་མིང་གིས་བཏགས་སོ། །དེ་ནི་ས་བཅུའི་རིམ་པས་སྒོམ་སྤང་ཤེས་སྒྲིབ་དང་མཉམ་དུ་སྤོང་ངོ༌། །ཆོས་ཀྱི་བདག་མེད་ལ་སྒྲིབ་བྱེད་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཡིན་ལ། དེ་ལའང་རང་བཞིན་རྣམ་དག་གི་ཆོས་ཉིད་ལ་དང༌། བློ་བུར་རྣམ་དག་གི་ཆོས་ཉིད་ལ་སྒྲིབ་བྱེད་དོ། །དང་པོ་ནི། ས་དང་པོ་ནས་སྤངས་ལ། གཉིས་པ་ལ་གེགས་བྱེད་ཀྱི་མ་རིག་པ་ནི་རྣམ་པ་བཅུ་ཡིན་ལ། བཅུ་པོ་དེ་ནི་ས་བཅུའི་མཉམ་གཞག་ཏུ་རིམ་གྱིས་སྤོང་བ་ཡིན་ཏེ། ས་བཅུའི་རྗེས་ཐོབ་ཏུ་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་མི་འདྲ་བ་བཅུ་འབྱུང་ལ། དེ་འདྲེན་པའི་ནུས་པ་བཅུ་ནི། རང་རང་གི་མཉམ་གཞག་ཏུ་ཐོབ་པའི་ཕྱིར། འདིར་སྐབས་སུ་བབ་པ་ནི་སའི་ཡོངས་སྦྱོང་ཡིན་ལ། དེ་ཡང་མཉམ་གཞག་གི་ཡོངས་སྦྱོང་མ་ཡིན་གྱི། རྗེས་ཐོབ་ཀྱིའོ། །དེ་ལ་བཅུ་ལས། ཐམས་ཅད་ཀྱིས་ས་ཐོབ་ཟིན་སྦྱོང་བ་ཁོ་ན་ཡིན་ཏེ། རང་རང་གི་མཉམ་གཞག་གིས་དྲངས་པའི་རྗེས་ཐོབ་ཏུ་ཕྱིན་དྲུག་གི་སྤྱོད་པ་ལ་སློབ་པའི་ཕྱིར། རྗེས་ཐོབ་ཏུ་དེ་ལྟར་སྦྱོང་དགོས་པའི་རྒྱུ་མཚན་ཅི་ཞེ་ན། རྗེས་ཐོབ་ཏུ་དེ་ལྟར་མ་སྦྱངས་པར་ས་བཅུའི་མཉམ་གཞག་བར་མ་ཆད་དུ་བསྒོམས་ན་ཆད་པའི་མྱང་འདས་ཀྱི་མཐར་ལྷུང་བར་འགྱུར་བས་སོ། །ས་བཅུ་པ་ལ་ཡོངས་སྦྱོང་མ་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སངས་རྒྱས་ཀྱི་སར་བཤད་པ་དེ་ཉིད་ཀྱིས་དེའི་ཡོངས་སྦྱོང་གྲུབ་པའི་ཕྱིར། ཇི་ལྟར་ཞེ་ན། རྗེས་ཐོབ་ཏུ་སྨོན་ལམ་གྱི་མཐུས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ནས་སེམས་ཅན་གྱི་དོན་མཛད་པ་དེ་ཉིད་དེའི་ཡོངས་སྦྱོང་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །དེས་གཞན་ངོར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ལ་སོགས་པ་གཞན་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པའི་སྐབས་ནས་བཤད་པ་བཞིན་ནོ། །འདིར་སྨྲས་པ། ལུང་དང་རིགས་པའི་ངོ་མཚར་ལྟད་མོ་ཡིས། །ལུང་མང་ཡིད་ཀྱི་ཤིང་རྟ་འདྲེན་པ་འདི། །ལུང་ཆོས་བསྡུས་པའི་ལང་ཚོ་ཅན་དེའམ། །ལུང་སྟོན་ནུས་པའི་བརྡ་སྤྲོད་མཁན་དེ་ཡིན། །ཞེས་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལུང་ཆོས་སྤྱིའི་སྙིང་པོ་བསྡུས་པ་ཞེས་བྱ་བ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཏེ་ལེའུ་དང་པོའོ།།  །།རྒྱུ་ལམ་ཤེས་ལ། བཤད་བྱའི་མདོ་དང་མཚོན་བྱེད་ཀྱི་ཆོས་སོ་སོ་སྦྱར་བའི་འབྲེལ་བཤད་པ་དང༌། འབྲེལ་པ་ཅན་གྱི་ཆོས་སོ་སོའི་དཀའ་བའི་གནས་རྣམས་བཤད་པའོ། །དང་པོ་ནི། ཡུམ་བར་མ་ལས། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་པོ་ཆེན་པོ་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ཀྱང་ལྷའི་བུ་སྟོང་ཕྲག་དུ་མ་དང་འཁོར་དེ་ཉིད་དུ་ལྷན་ཅིག་འདུས་པར་གྱུར་ཏོ། །ཞེས་སོགས་ཀྱིས་ནི་ལམ་ཤེས་གང་ལ་སྐྱེ་བའི་རྟེན་ང་རྒྱལ་མངོན་གྱུར་པ་དང་བྲལ་བ་དེ་བཤད་དོ། །དེ་སྐྱེ་བ་ལ་དེ་ཙམ་གྱིས་ཆོག་གམ་སྙམ་པ་ལ། ལྷའི་བུ་གང་དག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་སྐྱེད་པར་བྱའོ། །གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། ཞེས་པས་ནི་མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་དེ་བསྟན་ནོ། །འོ་ན་དེ་ལ་དེའི་མཐུ་མེད་པས་ཁྱབ་བམ་ཞེ་ན། གལ་ཏེ་དེ་དག་ཀྱང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ན་རྗེས་སུ་ཡི་རང་བར་བྱའོ། །ཞེས་གསུངས་ལ། དེས་ནི་ཉེར་ལེན་གྱི་རྒྱུ་རིགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དེ་བསྟན་ནོ། །མདོ་དེ་དག་གི་དོན་རྣམ་རིག་པས་འཆད་པ་ན། མཐུ་མེད་པ་ལྷག་མེད་ཀྱི་དང་རྗེས་སུ་ཡི་རང་བར་བྱ་བ་ལྷག་བཅས་དང༌། རང་བཞིན་གནས་རིགས་ཀྱིས་ཁྱབ་པ་ནི་སྒྲ་ཇི་བཞིན་པར་འཆད་དོ། །ཡང་འོ་ན་ལྷག་མེད་པ་ཐེག་ཆེན་དུ་སེམས་བསྐྱེད་པ་དེ་ལ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཇི་ལྟར་ཡོད་ཅེ་ན། ཇི་སྐད་དུ། ཁོ་བོ་ནི་དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དོ། །ཞེས་གསུངས་ལ། དེས་ནི་མཐུ་མེད་དོ་ཞེས་པའི་མདོ་དེ་དགོངས་པ་ཅན་དུ་བཀྲལ་ནས་ལམ་ཤེས་ཀྱི་རང་བཞིན་དེ་བསྟན་ནོ། །མདོའི་གོ་རིམ་འདི་ལྟར་འབྱུང་བ་ལ་དཔག་ན། ཐེག་པ་གསུམ་རྣམ་པར་བཞག་པ་ནི་དགོངས་པ་ཅན་ཡིན་གྱི། མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་ལུགས་ལས་འབྱུང་བས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཁོར་བ་ཇི་སྲིད་པར་ཞེས་སྦྲེལ་ལོ། །འོ་ན་དེ་འདྲ་དེས་བྱང་ཆུབ་ཏུ་སེམས་བསྐྱེད་ནུས་པའི་རྒྱུ་མཚན་ཅི་ཞེ་ན། ཇི་སྐད་དུ། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ཐོབ་པར་བྱའོ། །ཞེས་གསུངས་ལ། དེས་ནི་བྱེད་ལས་བསྟན་པ་ཡིན་ནོ། །དེ་དག་ནི་ལམ་ཤེས་ཀྱི་མདོའི་གླེང་གཞི་ཡིན་ལ། དེའི་ཚེ་བརྒྱ་བྱིན་གྱི། རབ་འབྱོར་ལ་བྱང་སེམས་ཆེན་པོའི་ཤེས་ཕྱིན་གང་ཡིན། དེས་དེ་ལ་ཇི་ལྟར་གནས་པར་བྱ་ཞེས་དྲིས་ལ། དྲི་བ་དང་པོའི་ལན་གྱིས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་དེ་བསྟན་ནས། དེའི་ཡུལ་ཅན་ལམ་ཤེས་ནི་མཚོན་ནས་བསྟན་ནོ། །དྲི་བ་གཉིས་པའི་ལན་གྱིས་ནི་དེའི་རྒྱུ་ངེས་ཆ་བསྟན་ལ། སྐབས་དེར་ཅི་ལ་ཡང་མི་གནས་པ་ཤེས་ཕྱིན་ལ་གནས་པའི་དོན་དུ་བཤད་པ་ལ། ལྷའི་བུ་ཁ་ཅིག་འདི་སྙམ་དུ། འཕགས་པ་རབ་འབྱོར་ཤེར་ཕྱིན་འཆད་པ་ནི་ཤེས་པར་མི་རུང་ངོ་སྙམ་པ་དང༌། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་ཡི་གེ་གཅིག་ཀྱང་མ་བརྗོད་དོ། །ཤེས་ཕྱིན་ནི་ཡི་གེ་མ་ཡིན་ཏེ། དེ་ནི་ཤེས་པ་མེད་དོ། །ཞེས་སོགས་ཀྱིས་ནི་རང་རྒྱལ་གྱི་ལམ་བགྲོད་ཚུལ་གཞན་གྱིས་བསྟན་མི་དགོས་པ་དེ་བསྟན་ལ། ཀྱེ་མ་གནས་བརྟན་རབ་འབྱོར་ནི་ཟབ་པ་བས་ཀྱང་ཆེས་ཤིན་ཏུ་ཟབ་པ་སྟོན་པར་བྱེད། ཅེས་སོགས་ཀྱིས་ནི་ཆོས་སྟོན་ཚུལ་གྱི་ཁྱད་པར་དེ་བསྟན་ནོ། །ཟབ་ཅེས་པ་ལ་འཕྲོས་ནས། ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན། ཞེས་སོགས་ཀྱིས་ནི་གཟུང་རྟོག་སྤངས་པའི་ཁྱད་པར་དེ་བསྟན། དེ་ནས་ལྷའི་བུ་དག་གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་པ་དང༌། ཞེས་སོགས་ཀྱིས་ནི་འཛིན་རྟོག་མ་སྤངས་པའི་ཁྱད་པར་དེ་བསྟན། ཡུམ་འདི་ལེན་པར་བྱེད་པ་སུ་ཞིག་འབྱུང་བར་འགྱུར། ཞེས་དྲིས་པའི་ལན་གྱིས་ནི་རྟེན་གྱི་ཁྱད་པར་བསྟན་ནོ། །རབ་འབྱོར་གྱིས་དེ་ལྟར་བསྟན་པ་ལ་ལྷ་རྣམས་ཡིད་ཆེས་ནས། ཀྱེ་མ་གནས་བརྟན་རབ་འབྱོར་ནི་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་མོ་དང་ལྡན་པའོ། །ཞེས་སོགས་ཀྱིས་ནི་དེའི་རྒྱུ་ངེས་ཆ་བསྟན་ནོ། །དེ་ལྟར་བརྒྱ་རབ་གཉིས་ཀྱི་དྲིས་ལེན་གྱིས་ཤེས་པར་བྱ་བའི་དམན་པའི་ལམ་བསྟན་ནས། བརྒྱ་བྱིན་གྱིས། ཤཱ་རིའི་བུ་ལ་ཤེས་ཕྱིན་གང་ལས་བཙལ་བར་བྱ་ཞེས་དྲིས་པའི་ལན་གྱིས་ནི་ཤེས་པར་བྱ་བའི་བྱང་སེམས་ཀྱི་ལམ་དྲིས་ལན་གཉིས་ཀྱི་སྒོ་ནས་སྐབས་དང་པོར་ཁ་འཕངས་ཤིང༌། བརྒྱ་བྱིན་གྱིས། རབ་འབྱོར་ལ། སྐབས་དང་པོར་ཤེས་ཕྱིན་བཤད་པ་དེ་ཁྱོད་ཁོ་ནའི་མཐུའམ། དེ་བཞིན་གཤེགས་པའི་མཐུ་ཞེས་དྲིས་པའི་ལན་གྱིས་ནི་ཕན་ཡོན་ཆེན་པོ་དང་ལྡན་པའི་མཐོང་བའི་ལམ་དེ་བསྟན་ནོ། །ཁ་འཕངས་པ་ཙམ་གྱིས་མཆོག་པ་ནི་གསར་དུ་ལྷག་པའི་འཁོར་རྣམ་ཀྱིས་རྣམ་མཁྱེན་གྱི་རྒྱུའི་གཙོ་བོ་ཤེས་དགོས་པའོ། །ཕན་ཡོན་ལ་འཕྲོས་ནས། བརྒྱ་བྱིན་གྱིས་གསོལ་པ། ཡུམ་འདིས་ནི་བྱང་ཆེན་རྣམས་ཡོངས་སུ་དུལ་བ་དང༌། ང་རྒྱལ་མ་མཆིས་པའི་དོན་དུ་ཉེ་བར་གནས་པ་ནི་ངོ་མཚར་ཏོ། །ཞེས་སོགས་ཀྱིས་ནི་སྒོམ་ལམ་གྱི་བྱེད་པ་བཤད་དོ། །དེ་ཉིད་ལ་འཕྲོས་ནས། བརྒྱ་བྱིན་གྱིས། ཡུམ་དང་སངས་རྒྱས་ཀྱི་སྐུ་གདུང་གཉིས་ལས་གང་ལ་མཆོད་པའི་བསོད་ནམས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཞེས་དྲིས་པའི་ལན་གྱིས་ནི་མོས་པ་ཉེར་བདུན་གསུངས་སོ། །དེ་ལ་འཕྲོས་ནས། བཅོམ་ལྡན་འདས་ཡུམ་འདི་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་ཕན་ཡོན་ཆེན་པོ་དང་ལྡན་པའོ། །ཞེས་སོགས་ཀྱིས་ནི་མོས་པའི་ཡོན་ཏན་ཉེར་བདུན་གསུངས་སོ། །སྐབས་དེར་ཤེས་ཕྱིན་ལས་རྫོགས་བྱང་འབྱུང་བ་ལ་འཕྲོས་ནས། བྱམས་པས་རབ་འབྱོར་ལ་སྨྲས་པ། བྱང་སེམས་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་མེད་རྫོགས་བྱང་དུ་བསྔོ་བ་འདི་ཉིད་ནི་རབ་ཅེས་བྱའོ། །ཞེས་སོགས་ཀྱིས་ནི་བསྔོ་བ་བཅུ་གཉིས་བསྟན་ནོ། །རབ་འབྱོར་གྱིས་གསོལ་བ། ཇི་ཙམ་གྱིས་རྗེས་སུ་ཡི་རང་བའི་མཆོག་དང༌། གཙོ་བོ་དང༌། གོང་ན་མེད་པར་འགྱུར་ཞེས་དྲིས་པའི་ལན་གྱིས་ནི་རྗེས་སུ་ཡི་རང་བསྟན་ནོ། །དེ་ནི་བསྔོ་བའི་སྐབས་སུ་དགེ་རྩ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཞེས་པ་ལ་འཕྲོས་པའོ། །དེ་ནས་ཤཱ་རིའི་བུས་གསོལ་བ། ཡུམ་ནི་སྣང་བར་བགྱིད་པའོ། །ཕྱག་བགྱི་བར་འོས་པ་ཞེས་སོགས་ཀྱིས་ནི་ཡོན་ཏན་མངོན་པར་སྒྲུབ་པའི་ཤེས་ཕྱིན་དེ་བསྟན་ནོ། །དེ་ནས་ཤཱ་རིའི་བུས། བྱང་ཆེན་གང་ཡུམ་འདི་ལ་མོས་པ་དེ་གང་ནས་ཤི་འཕོས་ཏེ་འདིར་མཆིས་པ་ལ། ཞེས་དྲིས་པའི་ལན་གྱིས་ནི་རྣམ་དག་གི་ལྷན་ཅིག་བྱེད་པའི་རྐྱེན་བསྟན་ནོ། །སྐབས་དེར་གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་མེད་པ་དེ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡིན་པར་བཤད་པ་ལ་འཕྲོས་ནས། དེའི་སྒྲུབ་བྱེད་འཆད་པ་ན་གཟུགས་རྣམ་མཁྱེན་གྱི་བར་རྣམ་པར་དག་པ་དང༌། ཤེས་ཕྱིན་རྣམ་པར་དག་པ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད། ཅེས་སོགས་བསྟན་བཤད་གཉིས་ཀྱིས་འབྲས་བུ་རྣམ་དག་དེ་བསྟན་ནོ། །རབ་འབྱོར་གཞན་ཡང་ཡུམ་རྣམ་པར་དག་པ་གང་ཡིན་པ་དེ་གཟུགས་རྣམ་པར་དག་པའོ། །དེ་དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ། ཞེས་སོགས་ཀྱིས་རྣམ་དག་ཤིན་ཏུ་བའི་སྒྲུབ་བྱེད་དམ། ཡང་ན་མི་མཐུན་ཕྱོགས་རྣམ་པར་དག་པར་བྱེད་པའི་ཤེས་ཕྱིན་དེ་བསྟན་ནོ། །ཤཱ་རིའི་བུས་གསོལ་བ། རྣམ་པར་དག་པ་ནི་འདོད་པའི་ཁམས་སུ་སྐྱེས་པ་མ་ལགས། ཞེས་སོགས་ཀྱིས་ནི་ཤེས་ཕྱིན་དེས་མི་མཐུན་ཕྱོགས་མཐའ་དག་སེལ་ནུས་པའི་ཤེས་བྱེད་དང༌། དེ་ལ་ཀླན་ཀ་སྤོང་བ་རྣམས་བསྟན་ནོ།།  །།གཉིས་པ་གཞུང་སོ་སོའི་དཀའ་བའི་གནས་བཤད་པ་ལ་གཉིས་ཏེ། ལམ་ཤེས་ཀྱི་ཡན་ལག་དང༌། ཡན་ལག་ཅན་གྱི་ལམ་ཤེས་སོ། །དང་པོ་ལ། སེམས་ཅན་ཐམས་ཅད་ལ་རིགས་ཀྱིས་ཁྱབ་པའི་དོན་བཤད་པ་དང༌། རྒྱུ་ལམ་ཤེས་ཀྱི་རང་བཞིན་བཤད་པའོ། །དང་པོ་ལ་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་དང༌། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ནི། དགོངས་འགྲེལ་ལས། ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བ་བགྲོད་པ་གཅིག་པུ་པ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང༌། བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་པ་དེ་ནི་དགོངས་པ་ཅན་ཡིན་ཏེ། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་ཚང་བའི་ཕྱིར། དང་པོ་ནི། གནས་སྐབས་དམན་པར་རིགས་ངེས་པའོ། །དེའི་དོན་ཡང་སངས་རྒྱས་ཀྱི་རིགས་ཡོད་ཀྱང་དེ་སད་བྱེད་ཀྱི་རྐྱེན་དང་མ་ཕྲད་པའོ། །རིགས་དེ་ཐེག་པ་ཆེན་པོར་སད་བྱེད་ཀྱི་རྐྱེན་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། ཐེག་པ་ཆེན་པོའི་སེམས་བསྐྱེད་དོ། །དགོས་པ་ནི་དང་པོ་ཉིད་ནས་རྐྱེན་དེའི་སྣོད་དུ་མི་རུང་བ་རྣམས་སངས་རྒྱས་ཀྱི་རིགས་དེ་ཐེག་པ་དམན་པར་སད་བྱེད་ཀྱི་རྐྱེན་གྱིས་སད་པར་བྱས་ནས་ཐབས་ཀྱི་ཐེག་པ་ལ་རིམ་གྱིས་དྲང་བར་བྱ་བའི་ཕྱིར་དུའོ། །དེ་ཡང་དེའི་ཐབས་ཡིན་ཏེ། དེས་སངས་རྒྱས་ཀྱི་རིགས་རྒྱས་པར་བྱེད་པའི་ཕྱིར་རོ། །དངོས་ལ་གནོད་བྱེད་ནི། དམན་པའི་ལྷག་མེད་ཀྱི་མྱང་འདས་ཆོས་ཅན། མཐར་ཐུག་གི་མྱང་འདས་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར། སངས་རྒྱ་བ་ཡིན་ཏེ། རང་བཞིན་དུ་གནས་པའི་རིགས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པའི་ཕྱིར། གལ་ཏེ་དེ་ཆོས་ཅན། ཐེག་པ་ཆེན་པོར་འཇུག་པ་མི་འཐད་དེ། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་མེད་པའི་ཕྱིར་དང༌། ལུས་ཀྱི་རྟེན་སྔ་མ་བོར་ཟིན་པའི་ཕྱིར། ཞེ་ན། དེ་མེད་པ་མ་ཡིན་ཏེ། ཐོགས་མེད་ཞབས་ཀྱིས། དཔལ་ཕྲེང་སེང་གེའི་ང་རོའི་མདོ་ཁུངས་སུ་དྲངས་པ་ལས། བཅོམ་ལྡན་འདས། དཔེར་ན། ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས། སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། ཞེས་འབྱུང་བའི་ཕྱིར་རོ། །འོ་ན་དེ་འདྲ་དེ་ཐེག་པ་ཆེན་པོའི་ལམ་གང་ནས་འཇུག་ཅེ་ན། དམན་པའི་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་གང་ཡིན་ཀྱང་རུང༌། ཐེག་པ་ཆེན་པོའི་ཚོགས་ལམ་ཉིད་ནས་འཇུག་དགོས་པ་ཡིན་ཏེ། མོས་སྤྱོད་ཀྱི་སར་བསྐལ་པ་གྲངས་མེད་པ་གཅིག་ཏུ་ཚོགས་སོག་དགོས་པའི་ཕྱིར་དང༌། ཐེག་པ་ཆེན་པོར་ཐོག་མ་ཉིད་དུ་འཇུག་པའི་སྒོ་ནི་འདུན་ལྡན་སེམས་བསྐྱེད་ཡིན་ལ། དེ་ཡང་ཚོགས་ལམ་གྱིས་བསྡུས་པའི་ཕྱིར་དང༌། ཐེག་པ་ཆེན་པོའི་ལམ་ལྔའི་གོ་རིམ་ངེས་པའི་ཕྱིར། འོ་ན་དེ་འདྲ་དེ་སྐྱེ་འཕགས་གཉིས་ལས་གང་ཡིན་ཞེ་ན། འཕགས་པ་ཁོ་ནར་ངེས་ཏེ། སོ་སོ་སྐྱེ་བོའི་ས་བཏང་བའི་ཕྱིར་དང༌། འཕགས་པའི་ཆོས་ཐོབ་ལ་མ་ཉམས་པའི་ཕྱིར། རིགས་པ་དེ་ཉིད་ཀྱིས་དགྲ་བཅོམ་པར་ཡང་གྲུབ་བོ། །དེ་ལྟ་ན་ཡང་ཐེག་པ་ཆེན་པོའི་འཕགས་པ་ནི་མ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་མ་ཐོབ་པའི་ཕྱིར་དང༌། སྤྲོས་བྲལ་མངོན་སུམ་དུ་མ་རྟོགས་པའི་ཕྱིར་དང༌། དམན་ལམ་དུ་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པའི་ལུགས་ལྟར་ན་ཡང༌། དེས་དེ་རྒྱས་པར་རྟོགས་པར་མི་འཆད་པའི་ཕྱིར་དང༌། ཐེག་ཆེན་གྱི་འཕགས་པ་ཡིན་ན་ཆོས་ཀྱི་བདག་མེད་རྒྱས་པར་རྟོགས་པའི་ཕྱིར་རོ། །གཉིས་པ་ལ། སེམས་ཅན་ཐམས་ཅད་སངས་རྒྱ་བར་སྒྲུབ་པ་དང༌། དེ་ལྟ་ན་ཡང་འཁོར་བ་མཐའ་མེད་དུ་མི་འགལ་བའོ། །དང་པོ་ནི། གཞན་དག་གིས་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཉིད་ཅན་དུ་ཁས་བླངས་པའི་ལོག་སྲེད་ཅན་དེ་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་རང་རྒྱུད་ལ་འབྱུང་དུ་རུང་སྟེ། དེའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། ཞེས་རྩ་བའི་རྟགས་བཀོད་ནས། ཚུལ་སྒྲུབ་པ་ལ་གཉིས་ཏེ། ཕྱོགས་ཆོས་སྒྲུབ་བྱེད་དང༌། ཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཇི་ལྟར་ཡོད་པའོ། །དང་པོ་ནི། སེམས་ཙམ་པའི་ངོར་ནི་རང་བཞིན་དུ་གནས་པའི་རིགས་དང༌། བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པའི་རྟགས་ཀྱིས་སྒྲུབ་པ་ཡིན་ཏེ། དབུ་མ་སྣང་བར། སེམས་ཙམ་པའི་འདོད་པ་འགོག་པ་ན། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱ་བ་འདིས་ཀྱང་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་འཐོབ་པར་རུང་བ་ཉིད་དུ་ཡོངས་སུ་བསྟན་ཏེ། ཞེས་དང༌། རྒྱུད་བླའི་འགྲེལ་པར། རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ནོ། །ཞེས་པ་ལྟར་རོ། །སེམས་ཙམ་པ་མ་ཡིན་པའི་ཕྱིར་རྒོལ་གཞན་གྱི་ངོར་ནི་སེམས་ཅན་ཐམས་ཅད་རང་བཞིན་དུ་གནས་པའི་རིགས་ཅན་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་ཐོག་མར་སྒྲུབ་དགོས་པ་ཡིན་ལ། དེ་ཡང་སེམས་རང་བཞིན་གྱིས་འོད་གསལ་བའི་རྟགས་ཀྱིས་འགྲུབ་ཅིང༌། དེ་ནི་རང་རིག་གིས་འགྲུབ་པའི་ཕྱིར། སྒྲུབ་བྱེད་གཞན་ལ་མི་ལྟོས་སོ། །གཉིས་པ་ནི། ཇི་སྐད་དུ། དོན་གཞན་ལ་ནི་མི་ལྟོས་ཕྱིར། །ཞེས་འབྱུང་བ་ལྟར། དེར་རྒྱུ་ཞེས་བྱ་བའི་དོན་ནི། དེ་འབྱུང་རུང་ཉིད་ལ་ཟེར་བ་ཡིན་ཏེ། དེ་ལ་ཕན་འདོགས་བྱེད་ཡིན་ན་དེའི་རྒྱུ་ཡིན་དགོས་པའི་ཕྱིར་རོ། །དེ་ལ་སེམས་ཙམ་པས་ལན་འདེབས་པ་ན། སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱུད་དྲི་མ་དང་འབྲལ་དུ་རུང་ཡང་འབྲལ་བྱེད་ཀྱི་གཉེན་པོ་མི་འབྱུང་བ་སྲིད་དེ། ལོག་སྲེད་ཅན་དང་ལྷག་མེད་ཀྱི་མྱང་འདས་བཞིན་ནོ། །ཞེས་ཟེར་བ་དེ་ལ་ནི། སངས་མི་རྒྱ་བར་འདོད་པའི་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་འཕྲིན་ལས་འཇུག་ཏུ་རུང་བ་ཡིན་ཏེ། སངས་རྒྱས་གཞན་དོན་ལ་འཁོར་བ་ཇི་སྲིད་པ་ཉིད་དུ་བཞུགས་པ་དོན་ཡོད་པའི་ཕྱིར། འོ་ན་ལྷག་མེད་པ་སྐྱེ་བ་ལེན་པའི་རྒྱུ་ཅི་ཞེ་ན། དེ་ན་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་བག་ཆགས་ཡོད་པར་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་གྲུབ་པར་བྱས་པ་དེའོ། །དེས་དེ་བྱེད་པའི་རྒྱུ་མཚན་ཅི་ཞེ་ན། དེས་ཟག་མེད་ཀྱི་ལས་སོག་པར་ནུས་ཏེ། ཅིག་ཤོས་ཀྱིས་ཟག་བཅས་ཀྱི་ལས་སོག་པ་བཞིན་ནོ། །ལས་དེས་སྐྱེ་བ་ལེན་པའི་རྒྱུ་བྱེད་ནུས་པ་ཡིན་ཏེ། དཔེར་ན། ཡེ་ཤེས་ཁོ་ནས་མཆོག་གི་སྤྲུལ་པའི་སྐུ་སྐྱེ་བའི་ཚུལ་སྟོན་པར་ནུས་པ་བཞིན་ནོ། །འོ་ན་ཡིད་ཀྱི་ལུས་ཤེས་པ་དེ་གཟུགས་ཀྱི་ཕུང་པོ་དང་བྲལ་བ་ཞིག་ལ་འདོད་དགོས་པས། གཟུགས་མེད་ཁམས་པ་དང་ཁྱད་པར་ཅི་ཞིག་ཡོད་ཅེ་ཞེ་ན། རྡུལ་གྱི་ཆོས་ལས་འདས་ཀྱང་གཞན་སྣང་དུ་གཟུགས་ཀྱི་སྐྱེ་མཆེད་དང་བྲལ་བར་སྣང་བ་ནི་མ་ཡིན་ཏེ། སེམས་ཅན་གྱི་དོན་བྱེད་པའི་ལུས་ཅན་ཡིན་པའི་ཕྱིར། དཔེར་ན་མཆོག་གི་སྤྲུལ་པའི་སྐུ་བཞིན་ནོ། །གཉིས་པ་ནི། དེ་ལྟ་ན་ཡང་འཁོར་བ་ལ་མཐའ་ཡོད་པ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་མི་སྲིད་པའི་ཕྱིར་རོ། །གལ་ཏེ་སྲིད་ན་དེ་ཟིན་པའི་དུས་ཀྱི་སངས་རྒྱས་དེའི་དོན་བྱ་ཡུལ་གྱི་སེམས་ཅན་མེད་ན་ནི་དེ་སངས་རྒྱས་སུ་འགལ་ལ། ཡོད་ན་དེའི་དུས་སུ་སེམས་ཅན་ཡོད་པས་དུས་དེར་དེ་ཐམས་ཅད་སངས་རྒྱས་ཟིན་པར་འགལ་ལོ། །འགྲེལ་ཆེན་ལས། སངས་རྒྱས་རེ་རེ་བྱུང་བ་ན་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདའ་མོད་ཀྱི་དེ་ལྟ་ན་ཡང་འཁོར་བ་ལ་ཟད་པ་མེད་པས་མཐའ་ཡས་པའི་ཕྱིར། ནམ་མཁའ་དང་འདྲ་སྟེ། རི་བོ་ལ་སོགས་པའི་སྒྲིབ་གཡོགས་དུ་མ་ཡོད་ཀྱང་ནམ་མཁའ་ལ་ནི་ཡོངས་སུ་ཟད་པ་མེད་དོ། །ཞེས་གསུངས་པ་དང༌། དོན་གསལ་འདི་ཡང༌། འཁོར་བ་ཇི་སྲིད་བར་འཇུག་པ་དེ་སྤྲུལ་སྐུ་དང་དེའི་འཕྲིན་ལས་རྒྱུན་མི་ཆད་པའི་གཏན་ཚིགས་ཡང་དག་ཏུ་གསུངས་སོ། །གཉིས་པ་རང་བཞིན་ལ། འདིའི་རང་བཞིན་གང་ཡིན་པ་དང༌། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ངོས་བཟུང་བའོ། །དང་པོ་ནི། སྤྱིར་རྒྱུ་ལམ་ཤེས་ནི་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་ནོ། །ཞེས་འཆད་པ་དེའི་གོ་དོན་ནི་འདོད་ཆགས་ལ་དགོངས་པ་ཡིན་ཏེ། མ་རིག་པ་དང་ལྟ་བའི་བག་ལ་ཉལ་ནི་དེས་ཆེད་དུ་གཉེར་ནས་འཇོམས་པརབཤད་པའི་ཕྱིར་དང༌། ཁོང་ཁྲོ་དང༌། ང་རྒྱལ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་མི་མཐུན་ཕྱོགས་ཀྱི་གཙོ་བོར་གྱུར་པའི་ཕྱིར། འདོད་ཆགས་ལའང་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་དང༌། སྲིད་པར་སྐྱེ་བ་ལེན་པའི་ནུས་པ་གཉིས་ལས། དང་པོའི་གཉེན་པོར་གང་ཟག་གི་བདག་མེད་ཆེད་དུ་གཉེར་ནས་མི་སྒོམ་ཡང༌། སྟོང་ཉིད་རྟོགས་པའི་ཤེས་རབ་ཤེས་སྒྲིབ་ཀྱི་གཉེན་པོར་ཆེད་དུ་གཉེར་ནས་བསྒོམས་པས་དེ་ཡང་ཞར་ལ་སྤོང་ནུས་པ་ཡིན་ཏེ། དེས་དེའི་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་སེལ་བའི་ཕྱིར་རོ། །དེས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ནི་མི་སྤོང་སྟེ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང༌། སྙིང་རྗེ་ཆེན་པོ་མཚུངས་ལྡན་དུ་འབྱུང་ལ། དེ་དང་འདོད་ཆགས་ཀྱི་བག་ལ་ཉལ་གཉིས་ཀ་མཚུངས་ལྡན་དུ་འབྱུང་བའི་ཕྱིར། དེའི་ཕྱིར་ས་བརྒྱད་པའམ། ཡང་ན་སངས་རྒྱས་ཀྱི་ས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་སེམས་དཔས་འདོད་སྲིད་ཀྱི་བག་ལ་ཉལ་མ་སྤངས་པར་རང་རྒྱུད་ལ་ལྡན་ནོ། །ཉན་རང་འཕགས་པས་ནི་དེ་འདྲ་དེ་ཆེད་དུ་གཉེར་ནས་སྤོང་བ་ཡིན་ཏེ། འབྲས་བུ་སྲིད་པའི་སྐྱེ་བ་དེ་ཆེད་དུ་གཉེར་ནས་སྤོང་ལ། དེ་སྤོང་བ་ནི་དེའི་རྒྱུ་སྤོང་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། དེ་ལྟར་ན་ཉོན་མོངས་པའི་མིང་ཅན་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་གཅིག་ཉིད་དམན་པའི་ལམ་གྱིས་ཆེད་དུ་གཉེར་ནས་སྤོང་ལ། བྱང་ཆུབ་སེམས་དཔའི་ལམ་གྱིས་ཆེད་དུ་གཉེར་ནས་མི་སྤོང་བའི་རྒྱུ་མཚན་གྱིས་ལམ་གཉིས་པོའི་རང་བཞིན་ལ་ཁྱད་པར་གྲུབ་པ་ཡིན་ཏེ། གཅིག་གི་ཐར་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པ་དེ་ཅིག་ཤོས་ཀྱི་ཐར་ལམ་གྱི་གྲོགས་སུ་འཇོག་པའི་ཕྱིར་རོ། །འོ་ན་དེ་འདྲ་དེ་ཉོན་མོངས་མཚན་ཉིད་པའམ་ཞེ་ན། མ་ཡིན་ཏེ། འདོགས་པའི་ཆོས་གསུམ་ཚང་བའི་ཕྱིར། འདོགས་པའི་རྒྱུ་མཚན་ནི། དེས་བཞག་པའི་བག་ལ་ཉལ་ཡིན་པ་དང༌། དེ་དང་བྱེད་ལས་འདྲ་བའོ། །དགོས་པ་ནི། བྱང་སེམས་འཕགས་པ་རྣམས་ལ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཡོད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ལ། དངོས་ལ་གནོད་བྱེད་ནི། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་མ་ཡིན་པའི་ཕྱིར། ཞེས་འཆད་པ་ནི་འཕགས་པ་གྲོལ་སྡེའི་དགོངས་པའོ། །དེ་ལྟ་ན་ཡང་དེ་འདྲ་དེ་ཤེས་སྒྲིབ་ཏུ་བཤད་ན་ལེགས་པ་མ་ཡིན་ཏེ། དེ་འདྲ་དེ་སྤངས་པ་དང༌། སྤོང་བ་གཉིས་ཀ་ཐེག་དམན་གྱི་ལམ་ན་ཡོད་པར་ཁས་ལེན་དགོས་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར་འདི་ལ་བག་ལ་ཉལ་གྱི་ཉོན་སྒྲིབ་ཞེས་བྱ་ལ། འདི་ནི་རྣལ་འབྱོར་སྤྱོད་པ་པས་ཉོན་མོངས་དང་ཉོན་སྒྲིབ་མཚན་ཉིད་པར་ཁས་ལེན་ཞིང༌། དེ་ཡང་ཉན་ཐོས་ཀྱི་དགྲ་བཅོམ་པ་དང༌། བྱང་ཆུབ་སེམས་དཔས་རྒྱུན་གྱི་ཐ་མར་སྤོང་བར་འདོད་དོ། །འཕགས་པའི་ལུགས་འདིར་ནི་ཉོན་མོངས་སུ་ཁས་མི་ལེན་པའོ། །འོ་ན་ས་དང་པོ་ནས་ཉན་རང་གི་སྤངས་པ་མ་རྫོགས་པར་འགྱུར་རོ་སྙམ་ན། མ་ཡིན་ཏེ། དཔེར་ན་ས་དང་པོར་སྡུག་བསྔལ་གྱི་ཕུང་པོ་དང་མ་བྲལ་ཡང་དེ་ཙམ་གྱིས་དེར་དེའི་སྤངས་པ་མ་རྫོགས་པར་འཇོག་མི་ནུས་པ་བཞིན་ནོ། །སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་དང་བྲལ་ཞིང༌། སྲིད་པར་སྐྱེ་བའི་རྒྱུ་བྱེད་པའི་ནུས་པ་དང་མ་བྲལ་བའི་ཉོན་མོངས་པའི་རྫས་རྒྱུན་ཞིག་ལ་བག་ལ་ཉལ་གྱི་ཉོན་སྒྲིབ་ཞེས་འཆད་དགོས་པ་དེའི་ཕྱིར། བག་ལ་ཉལ་གྱི་ཉོན་མོངས་གང་ཡིན་ཐམས་ཅད་དམན་པའི་དགྲ་བཅོམ་པས་སྤངས་ཟིན་པ་ཡིན་ལ། དེའི་གནས་ངན་ལེན་ནི་མ་ཡིན་ཏེ། མ་རིག་པའི་བག་ཆགས་བཞིན་ནོ། །གཉིས་པ་ནི། བྱང་སེམས་འཕགས་པ་རྣམས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ནི་གཉིས་ཏེ། འདོད་ཆགས་ཀྱི་བག་ལ་ཉལ་དང༌། མ་རིག་པའི་བག་ཆགས་སོ། །དང་པོས་ནི་དེ་དེར་སྐྱེ་བའི་འགྲུབ་བྱེད་ཀྱི་རྒྱུ་རྗེས་མཐུན་པ་བྱེད་ལ། གཉིས་པས་ནི་དེ་དེར་སྐྱེ་བའི་འཕེན་བྱེད་ཀྱི་ལས་རྗེས་མཐུན་པར་བྱེད་དོ། །དང་པོའི་འབྲས་བུར་གྱུར་པའི་ཕུང་པོ་ནི་ཟག་བཅས་རྗེས་མཐུན་པ་ཡིན་ལ། གཉིས་པའི་འབྲས་བུ་ནི་ཟག་མེད་རྗེས་མཐུན་པའོ། །རྒྱུ་གཉིས་པོ་དེ་གང་ཞིག་གང་ལ་ཡོད་ཅེ་ན། དམན་ལམ་སྔོན་དུ་མ་སོང་བའི་མ་དག་སའི་བྱང་འཕགས་ལ་ནི་རྒྱུ་དང་པོ་ཡོད་ཅིང༌། དེའི་རྒྱུད་ཀྱི་ལམ་ཤེས་ནི་འདིར་བསྟན་གྱི་རང་བཞིན་ཅན་གྱི་གཙོ་བོའོ། །དག་པའི་བྱང་སེམས་དང༌། དམན་པའི་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བ་ལ་ནི་རྒྱུ་གཉིས་པ་ཁོ་ནས་སྲིད་པར་སྐྱེ་བའི་རྒྱུ་བྱེད་དོ། །མདོར་བསྡུ་ན། སྐབས་འདིའི་མདོའི་དངོས་བསྟན་ལྷག་མེད་མྱང་འདས་ཀྱི་རྗེས་སུ་ཐེག་པ་ཆེན་པོར་སེམས་བསྐྱེད་པ་དེ་ལ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཡོད་པར་འཆད་ཅིང༌། བསྟན་བཅོས་སུ་ནི་ལམ་ཤེས་ཀྱི་རང་བཞིན་དུ་བཤད་པས། དམན་ལམ་སྔོན་དུ་མ་སོང་བ་ལ་སྦྱོར་པ་གཙོ་ཆེ་བ་ཡིན་ནོ། །སྨྲས་པ། རང་ཉིད་གོམས་པ་ལྷུར་ལེན་ཕྱིར། །རང་གི་རྣམ་དཔྱོད་ཀྱིས་དཔྱད་པའི། །རང་བཞིན་འཆད་ཚུལ་འདི་ལྟ་བུ། །རང་གཞུང་ཚུགས་པར་བཤད་པ་ཡིན།།  །།གཉིས་པ་ལ་ཤེས་བྱའི་ལམ་དང༌། དེ་ཇི་ལྟར་ཤེས་པའི་ཚུལ་ལོ། །དང་པོ་ནི། ཐེག་པ་གསུམ་གྱི་ལམ་གྱི་རྟོགས་རིགས་མཐའ་དག་གོ །དེ་ཡང་ལམ་དེ་ཤེས་པར་བྱེད་མཁན་རང་ཉིད་ཀྱི་རྒྱུད་ལ་ཡོད་པ་རྣམས་ནི་ཤེས་བྱའི་ལམ་གྱི་གཙོ་བོ་ཡིན་ཏེ། ཡུལ་ཅན་ལམ་ཤེས་ཀྱིས་རང་རིག་པའི་ཚུལ་གྱིས་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཞན་རྒྱུད་ལ་ཡོད་པ་རྣམས་ནི་ཤེས་བྱའི་ལམ་ཕལ་པར་བཞག་སྟེ། དེས་དེ་གཞན་རིག་གི་ཚུལ་གྱིས་ཤེས་པར་བྱ་བ་ཡིན་པའི་ཕྱིར། འདིར་ཤེས་པར་བྱ་བའི་ཉན་རང་གི་ལམ་ཡིན་ན་དེ་དང་དེའི་ལམ་མཚན་ཉིད་པ་ཡིན་མི་དགོས་ཏེ། དེའི་ལམ་མཚན་ཉིད་པ་ཡིན་ན་དེའི་སློབ་པ་དང་མི་སློབ་པ་གང་རུང་ཡིན་དགོས་པ་ལས། འདིར་ཉན་རང་གི་ཤེས་པར་བྱ་བའི་ལམ་ནི་དེ་གཉིས་གང་དུ་ཡང་མི་འདུ་བའི་ཕྱིར། མདོར་ན་ཤེས་བྱའི་ལམ་ནི་བྱང་སེམས་རང་རྒྱུད་ལ་ཤེས་སྐྱེད་རྫོགས་པར་བྱ་བའི་ལམ་གསུམ་མོ། །འདིར་རྫོགས་པའི་དོན་ལ་རྟོགས་རིས་རྫོགས་པས་ཆོག་པ་ཡིན་གྱི། སྤངས་པ་རྫོགས་དགོས་པ་མ་ཡིན་ཏེ། སྤངས་པའི་ཆ་ནས་ཤེས་བྱའི་ལམ་དུ་མི་འཇོག་པའི་ཕྱིར་རོ། །དེ་རྟོགས་པ་མཐའ་དག་རྫོགས་དགོས་པ་མ་ཡིན་ཏེ། རྟོགས་པའི་རིགས་ཙམ་ཞིག་རྫོགས་པས་ཆོག་པའི་ཕྱིར། དེའི་ཕྱིར་ས་དང་པོ་ནས་གསུམ་ཀའི་རྟོགས་རིས་རྫོགས་སོ། །རྫོགས་པའི་དོན་ཡང་ཟད་པ་དང་མ་ལུས་པ་ལ་བྱ་བ་མ་ཡིན་ཏེ། རྟོགས་པ་དང་སྐད་དོད་གཅིག་པའི་ཕྱིར། གཉིས་པ་ཤེས་པ་ཞེས་བྱ་བའི་དོན་ནི། བདག་མེད་གསུམ་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་རྟོག་པ་གསུམ་དང་བྲལ་བ་སྟེ། དེ་གསུམ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པར་གྱུར་པའོ། །སྐྱེད་པ་ཞེས་བྱ་བའི་དོན་ནི། རྟོགས་རིག་གསུམ་ཀ་རང་རྒྱུད་ལ་སྐྱེད་དགོས་པ་ཡིན་ཏེ། དེ་མ་སྐྱེད་ན་གཞན་ལ་བསྟན་པར་མི་ནུས་པའི་ཕྱིར་རོ། །རྟོགས་རིག་དེ་གསུམ་གྱིས་རང་རང་གི་བྱ་བ་ཡང་བྱེད་པར་བཤད་པའི་དོན་ནི་རང་རང་གི་འགལ་ཟླར་གྱུར་པའི་སྒྲིབ་པ་གསུམ་སྤོང་བའོ། །གཉིས་པ་ནི། དམིགས་པ་རྟོགས་རིག་དེ་གསུམ་ལ་དམིགས་ནས་རང་བཞིན་མེད་པར་ཤེས་ཤིང༌། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་སུམ་དུ་མི་བྱེད་པའི་མཁྱེན་པའོ། །དེ་ཡང་རྒྱས་པར་བཤད་ན། སྤྱིར་ལམ་གསུམ་པོ་ཤེས་པ་ཙམ་ལ་ནི་བདག་མེད་གསུམ་རྟོགས་པ་ཙམ་གྱིས་ཆོག་པ་ཡིན་ཏེ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་ཙམ་གྱིས་ཉན་ཐོས་ཀྱི་ལམ་ཤེས་པར་འཇོག་ནུས་པ་བཞིན་ནོ། །དེའི་ཡུལ་ཅན་ལམ་ཤེས་སུ་འཇོག་པ་ལ་ནི་དེ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། ལམ་དེའི་རང་བཞིན་མེད་པར་རྟོགས་པའི་ཆ་ནས་ལམ་ཤེས་ཀྱི་སྒྲ་འཆད་པ་ཡིན་གྱི། དེ་ཤེས་པ་ཙམ་གྱིས་ཆ་ནས་དེའི་སྒྲ་བཤད་བྱེད་པ་མ་ཡིན་ཏེ། ཇི་སྐད་དུ། རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་ལམ་ཤེས་གསུམ་ཀ་ཡང་མི་དམིགས་པའི་རྣམ་པ་ཅན་དུ་བཤད་པའི་ཕྱིར། ཡང་ལམ་གསུམ་རང་བཞིན་མེད་པར་ཤེས་པ་ཙམ་གྱིས་ཀྱང་དེའི་དོན་ལྡོག་རྫོགས་པ་མ་ཡིན་ཏེ། ལམ་ཤེས་ཀྱི་འཇོག་མཚམས་ནི་དམིགས་བསལ་གསུམ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་ཆ་ནས་འཇོག་པ་གཙོ་ཆེ་བའི་ཕྱིར། དེ་ལྟར་ན། དེའི་མཚན་ཉིད་ནི་ཐབས་ཤེས་ཟུང་དུ་འཇུག་པའི་མཁྱེན་པའོ། །དེ་ཡང་མཉམ་གཞག་ཏུ་ནི་ཤེས་རབ་གཙོ་ཆེ་ཞིང༌། རྗེས་ཐོབ་ཏུ་ནི་ཐབས་གཙོ་ཆེ་ལ། གཉིས་ཀ་ཡང་གཉིས་ཀས་ཟིན་པའི་ཕྱིར་ལམ་ཤེས་སུ་བཞག་གོ །དེ་ལྟ་ཡིན་པ་དེའི་ཕྱིར་ལམ་ཤེས་ཀྱི་འཇོག་མཚམས་ཡོངས་སུ་རྫོགས་པ་ནི་བྱང་འཕགས་ཀྱི་ལམ་ཤེས་ཁོ་ནར་ངེས་ཏེ། ཚོགས་སྦྱོར་དུ་ནི་ཐབས་ཀྱི་ཆ་ཚང་ཡང་ཤེས་རབ་ཀྱི་ཆ་མ་ཚང༌། སངས་རྒྱས་ཀྱི་སར་ནི་ཤེས་རབ་ཀྱི་ཆ་ཚང་ཡང་རང་བཞིན་དང་བྱེད་ལས་དང་ཡང་དག་མཐའ་མངོན་དུ་མི་བྱེད་པ་སྟེ་ཐབས་ཀྱི་ཁྱད་པར་གསུམ་མ་ཚང་བའི་ཕྱིར། དེ་ལྟ་ན་ཡང་དེར་ཐབས་དེ་ཉམས་སུ་བླངས་པའི་དགོས་པ་ཚང་བའི་ཕྱིར་དེར་དེ་ཡོད་པར་བཞག་ལ། དེ་ཡང་ལམ་ཤེས་ཕལ་པ་ཡིན་ཏེ། དཔེར་ན། བྱང་སེམས་ཀྱི་གཞི་ཤེས་དེ་གཞི་ཤེས་ཕལ་པར་འཇོག་དགོས་པ་བཞིན་ནོ། །དེའི་ཤེས་བྱེད་ཀྱང་གཞི་ཤེས་ཀྱི་དགོས་པའི་གཙོ་བོ་ནི་ཉེར་ཞི་གཉིས་ཡིན་པའོ། །དེའི་མཚན་གཞིའི་དབྱེ་བ་ནི་གསུམ་སྟེ། ཉན་ཐོས་ཀྱི་དང༌། རང་རྒྱལ་གྱི་དང༌། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་སོ། །དང་པོ་ལ། དངོས་དང༌། དེའི་རྒྱུ་ངེས་ཆ་གཉིས་ལས། དང་པོ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་སོགས་ཀྱིས་བསྟན་པ་ཡིན་ལ། དེས་ནི་དེའི་རྟོགས་མངོན་སུམ་དུ་མཐོང་བའི་མཐོང་ལམ་ཁོ་ན་བསྟན་པ་ཡིན་གྱི། དེ་འདྲའི་སྒོམ་པའི་ལམ་ནི་དེར་མི་འཆད་དེ། དེ་འདྲ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་སོགས་ཀྱིས་འཆད་པ་ཡིན་ལ། དེ་ཡང་རྟོགས་རིགས་དེ་དང་རྗེས་སུ་མཐུན་པའི་ངེས་ཆ་ཡིན་གྱི། རྟོགས་རིགས་གསུམ་པའི་ཆར་གྱུར་པའི་ངེས་ཆ་ནི་མ་ཡིན་ཏེ། དེ་འདྲ་དེ་འགྲེལ་ཆེན་དུ་སྐབས་དང་པོར་ཁ་འཕངས་པའི་ཕྱིར། འོ་ན་གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། གང་ཟག་གི་སྟོང་པའི་ཆ་ནས་འཆད་པས་འགལ་བ་མེད་དོ། །འོན་ཀྱང་སློབ་དཔོན་གྱིས་རང་སྟོང་དུ་འཆད་པ་ནི་ཅུང་ཟད་དཀའ་བའི་གནས་སོ། །གཉིས་པ་ལ་དངོས་དང༌། དེའི་རྒྱུ་ངེས་ཆའོ། །དང་པོ་ལ་ཤེས་                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*