མཁན་ཆེན་པདྨ་དམ་ཆོས་མཆོག་གི་མཛད་རྣམ་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།  པདྨ་འཕྲིན་ལས།  
བོད་གངས་ཅན་གྱི་རྒྱལ་བསྟན་སྤྱི་དང་། ལྷག་པར་བཤད་སྒྲུབ་བསྟན་པའི་མངའ་བདག་དཔལ་ལྡན་ས་སྐྱ་པའི་བསྟན་པ་སླར་ཡང་འཛམ་གླིང་འདིར་གསལ་བར་མཛད་པ་ལ་འགྲན་ཟླ་གཉིས་པ་གཞར་ཡང་མ་དམིགས་པ། དཔལ་སྡེ་དགེ་རྫོང་གསར་བཤད་གྲྭ་ཆེན་མོའི་མཁན་རབས་གསེར་རིའི་ཕྲེང་བ་ཚར་དུ་མངར་བ་ལྟ་བུ་བྱོན་པ་རྣམས་ལས་བཅུ་པ། དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་པདྨ་དམ་ཆོས་ལུང་རིག་སྨྲ་བའི་དབང་ཕྱུག་མཆོག་ནི།  ཕྱི་ལོ་ ༡༩༣༣ དང་བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ཡི་ལོའི་བོད་ཟླ་དང་པོའི་ཚེས་ལྔ་ཉིན། མདོ་ཁམས་ཆུ་བཞི་སྒང་དྲུག་ལས་སྨར་ཁམས་སྒང་གི་ཁོངས་སུ་གཏོགས་པ། བར་ཁམས་ཉག་རེ་བྲག་གཡབ་པའི་ནང་ཚན་རྔད་པ་ཞེས་པའི་གྲོང་དུ་ཡབ་ངག་དབང་ཆོས་གྲགས་དང་ཡུམ་རྣམ་རྒྱལ་ལྷ་མོ་གཉིས་ཀྱི་སྲས་སུ་གྲོང་སྨད་ཚང་ཞེས་པའི་ཁྱིམ་དུ་འཁྲུངས། མཚན་ལ་པདྨ་མགོན་པོར་གསོལ། ཕྱི་ལོ་ ༡༩༤༠ ལོར་དགུང་ལོ་བརྒྱད་བཞེས་པ་ན་ཡབ་ཀྱིས་བོད་ཡིག་གི་སྦྱོར་ཀློག་ཐོག་མར་བསླབས།  ཕྱི་ལོ་ ༡༩༤༡ ལོར་དགུང་ལོ་དགུར་ལོན་པའི་ལོ་མཇུག་ནས་སྐུ་ཉིད་ཡབ་ཡུམ་ཉེ་དུ་དང་བཅས་པ་དགའ་གཞུང་གི་ཆབ་མདོའི་མདོ་སྨད་སྤྱི་ཁྱབ་ཀྱི་བཙོན་ཁང་དུ་ཚུད། ཕྱི་ལོ་ ༡༩༤༢ དགུང་ལོ་བཅུར་སོན་སྐབས་ཡབ་ཀྱིས་གཙོས་པའི་ཕོ་སྐྱེས་ཆེ་མགོ་རྣམས་གནར་གཅོད་དྲག་པོས་བཀྲོངས། ཕྱི་ལོ་ ༡༩༤༣ ལོར་དགུང་ལོ་བཅུ་གཅིག་པའི་མཇུག་ཏུ་དེ་ལྟའི་གནས་ཚུལ་སྡེ་དགེའི་རྒྱལ་ཁབ་ཏུ་བཞུགས་པའི་ཞང་ཚང་གི་གཅེན་པོ་གཉིས་ནས་གསན་པས་གཅེན་རྫོང་གསར་སྟག་ཚང་སྒྲུབ་དཔོན་སེང་གེ་དགྲ་འདུལ་ཆེད་ཕེབས་ཀྱིས་ཆབ་མདོའི་རྫོང་དཔོན་ལ་དངུལ་གྱིས་སྤྲད་དེ་བཙོན་ནས་བསླུས། ཕྱི་ལོ་ ༡༩༤༤ དགུང་ལོ་བཅུ་གཉིས་བཞེས་པ་ན་བྲག་གཡབ་གསེར་འགྱུར་རི་ཁྲོད་དུ་རྫོང་གསར་མཁན་ཆེན་གཞན་དགའི་དངོས་སློབ་མཁན་པོ་ཀརྨ་རྣམ་རྒྱལ་ལས་ཀློང་ཆེན་མཛོད་བདུན་གྱི་ལུང་དང་སུམ་རྟགས་གསན། ལོ་དེར་གཅེན་པོ་སེང་གེ་དགྲ་འདུལ་དང་ལྷན་ཆོས་རྒྱལ་སྡེ་དགེའི་རྒྱལ་ཁབ་ཏུ་བྱོན་ཏེ་གདན་ས་ཆེན་པོ་རྫོང་གསར་བཀྲིས་ལྷ་རྩེར་རིས་སུ་མ་ཆད་པའི་བསྟན་པ་ཡོངས་རྫོགས་ཀྱི་སྐྱབས་མགོན་དམ་པ་རིགས་ཀྱི་བདག་པོ་༧མཁྱེན་བརྩེ་གཉིས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་གསེར་ཞལ་ཐོག་མར་མཇལ། སྐྱབས་གསུམ་སྔོན་དུ་འགྲོ་བའི་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་གནང་ཞིང་མཚན་པདྨ་དམ་ཆོས་སུ་བསྒྱུར། རེ་ཞིག་ཡིད་ལྷུང་ཁོག་ཏུ་སྡེ་དགེའི་བློན་ཆེན་བྱ་རྒོད་ཚང་སར་ཨ་མཆོད་མཛད། ཕྱི་ལོ་ ༡༩༤༥ དགུང་ལོ་བཅུ་གསུམ་པར་ཡིད་ལྷུང་ནས་རྫོང་གསར་དུ་ཕེབས་སྐབས་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་རིན་ཆེན་གཏེར་མཛོད་ཆེན་མོ་སྩལ་བཞིན་པ་ལས་ཕུར་པ་འཕྲིན་ལས་ཀྱི་སྐོར་ཡོངས་རྫོགས་དང་ཤེས་རབ་རྒྱས་པའི་སྐོར་སོགས་ནས་ལྷ་ཉིས་བརྒྱ་ལྷག་གི་སྨིན་བྱེད་གསན། ཕྱི་ལོ་ ༡༩༤༧ དགུང་ལོ་བཅོ་ལྔའི་མཇུག་ཏུ་དཔལ་གྱི་ཆོས་སྡེ་ཆེན་པོ་ཁམས་ཀྱི་བྱེ་མ་ཐང་རིགས་གསུམ་སྤྲུལ་པའི་ལྷ་ཁང་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་གྲྭར་དངོས་སུ་ཞུགས། མཁན་ཆེན་ཆོས་ཀྱི་རྒྱལ་པོ་མཁན་རབས་བདུན་པ་མདོ་སྲིབ་པ་ཐུབ་བསྟན་རྒྱལ་མཚན་དང་བརྒྱད་པ་མི་ཉག་པ་དམ་ཆོས་འོད་ཟེར། དགུ་པ་བྲག་གཡབ་པ་མཁྱེན་རབ་སེངྒེ་བཅས་ཀྱི་ཞབས་པད་ལ་བཏུད་དེ་པོད་ཆེན་དྲུག་དང་གཞུང་ཆེན་བཅུ་གསུམ། གྲགས་ཆེན་བཅོ་བརྒྱད་ཀྱིས་གཙོས་པའི་ཁམས་བྱེའི་སློབ་ཚན་གཞུང་ཆེན་བཞི་བཅུ་ཉེ་བར་ཀུན་མཁྱེན་གོ་རམས་པའི་ལེགས་བཤད་ཀྱི་གསལ་བྱེད་དང་བཅས་ཏེ་ཐོས་བསམ་ཚུལ་བཞིན་དུ་མཛད། ཕྱི་ལོ་ ༡༩༥༢ དགུང་ལོ་ཉི་ཤུ་ལོན་པ་ན་ཁམས་བྱེའི་མཁན་རབས་བརྒྱད་པ་དང་སྐབས་དེའི་ཁམས་བྱེའི་མཁན་ཁྲི་ལས་ཐོག་པ་མཁན་རིན་པོ་ཆེ་མི་ཉག་དམ་ཆོས་མདུན་ནས་ཚིག་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། མཚན་ལུང་རིགས་སྨྲ་བའི་དབང་ཕྱུག་ཏུ་གསོལ། ལོ་དེར་ཆོས་སྡེ་དེ་ཉིད་ཀྱི་སྐྱོར་དཔོན་ནམ་ཟུར་འཆད་པའི་ཁུར་བཞེས།
ཕྱི་ལོ་ ༡༩༥༧ དང་བོད་རབ་བྱུང་བཅུ་དྲུག་པའི་གསེར་འཕྱང་ཞེས་པ་མེ་མོ་བྱ་ཡི་ལོ་སྟེ་དགུང་གྲངས་ཉེར་ལྔ་བཞེས་སྐབས་སུ། མདོ་ཁམས་ས་ངོར་བསྟན་པའི་འབྱུང་གནས་ཆོས་རྒྱལ་སྡེ་དགེའི་རྒྱལ་ས་ལྷུན་འགྲུབ་སྟེང་གི་ཆོས་གྲྭ་ནས་བསྐུལ་མ་མཛད་པ་བཞིན། འཇམ་མགོན་༧མཁྱེན་བརྩེ་རིན་པོ་ཆེ་འཕགས་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཤུལ་དུ་དགོན་པའི་ཕྱི་ནང་གི་འགན་ཡོངས་རྫོགས་བཞེས་གནང་མཛད་པའི་རྫོང་གསར་ཆོས་ཁྲིམས་བྱ་མོ་ཚེ་དབང་རྣམ་རྒྱལ་དང་མཁན་ཆེན་མཁྱེན་རབ་སེང་གེ་ཟུང་ནས། དགོན་ཆེན་འཛི་ཕུ་བཤད་གྲྭའི་མཁན་པོར་ཕེབས་དགོས་བཀའ་གནང་བཞིན་དང་དུ་བཞེས། ལོ་དེའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ནས་དབུ་བཙུགས་ཏེ་ཟླ་བ་དགུ་ཙམ་བར་འདུལ་མཛོད་ཚད་མ་ཤེར་ཕྱིན་བཅས་རིམ་བཞིན་འཆད་པར་མཛད།
ཕྱི་ལོ་ ༡༩༥༨ དགུང་གྲངས་ཉེར་དྲུག་བཞེས་སྐབས་རྒྱ་དམར་གྱིས་དྲག་ཤུགས་མི་བཟད་པས་དམངས་གཙོ་བཅོས་བསྒྱུར་དུ་བཏགས་པའི་དམྱལ་བ་མི་ཡུལ་དུ་དྲངས། མཁན་ཆེན་བླ་མ་རིན་པོ་ཆེའང་རྒྱུ་འབྱོར་དང་བྲལ་བའི་གྲྭ་རྐྱང་དཀྱུས་མ་ལྟ་བུ་ཡིན་ཀྱང་མཁན་པོའི་མཚན་འདོགས་ཡོད་རྐྱེན་ཕྱུག་པོ་བླ་མ་ཞེས་པའི་མཚན་འདོགས་ཀྱིས་བཙོན་ཁང་དུ་བཅུགས། དངུལ་ཕུ་མཉམ་ལས་ཁང་དུ་ལོ་གཅིག་གི་རིང་མི་དམངས་དང་མཉམ་དུ་ངལ་སྩོལ་མཛད།
ཕྱི་ལོ་ ༡༩༦༡ ལོར་སྔ་ཕྱིར་སྲིད་གཞུང་ལ་ཕ་ཡུལ་དུ་ལོག་ཆོག་པའི་ཞུ་བསྐུལ་ཡང་ཡང་མཛད་པ་ལྟར་དངོས་སུ་ཆོག་མཆན་ཐོབ་ནས་སྐུ་ཡུལ་བྲག་གཡབ་གླང་རོང་རྩིབས་བཀྲམ་དུ་བྱོན། ཕྱི་ལོ་ ༡༩༦༡ ལོར་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་བྱུང་བ་དང་། རྗེ་ཉིད་ནས་སྐུ་ངལ་བསམ་གྱིས་མི་ཁྱབ་པ་ཁྱད་དུ་གསད་དེ་དགེ་དགོན་རིག་འཛིན་དགོན་པ་ཞེས་པར་བཞུགས་པའི་སྡེ་དགེ་པར་མའི་རྒྱལ་བཀའ་རིན་པོ་ཆེ་ཡོངས་རྫོགས་ཤིག་སྦས་སྐུང་མཛད་དེ། གལ་སྲིད་སྡེ་དགེའི་པར་ཁང་ཆེན་མོ་འཐོར་བརླག་ཏུ་སོང་ཡོད་ཚེ་མ་འོང་པར་སྲིད་ཇུས་གུ་ཡངས་ཤིག་བྱུང་ན་འདི་ཉིད་དཔེར་བྱས་ནས་སྤར་གསར་དུ་བཞེངས་རྒྱུའི་ཐུགས་ཀྱི་དམ་བཅའ་བརྟན་པོ་བཅས། ཕྱི་ལོ ༡༩༧༠ རྗེ་ཉིད་དགུང་གྲངས་སོ་བརྒྱད་པར་མི་དམངས་མཉམ་ལས་ཞེས་པའི་ལས་འགུལ་བྱུང་བ་ན་ཉིད་ཀྱི་མཚན་ཐོ་བྲག་གཡབ་གཞུང་ཤོད་སྐུང་མདའ་རུ་ཁག་ཏུ་སྤོས། ཡུལ་དེའི་མི་དམངས་སྤྱི་ནས་རོགས་རམ་བཟང་པོས་ཡང་དགོན་རི་ཁྲོད་དུ་ཡུང་ཞིང་སྲུང་མཁན་དུ་ཁག་འདོགས་ཀྱིས་གཅིག་པུར་བག་ཕེབས་ངང་བཞུགས་སུ་བཅུགས། འདི་དག་གི་སྔ་ཕྱིར་རིགས་བདག་རྗེ་༧འཇམ་མགོན་ཆོས་ཀྱི་བློ་གྲོས་ཀྱི་དངོས་སློབ་ཡིན་པའི་ཞང་ཚང་གི་གཅེན་པོ་རྫོང་གསར་སྟག་ཚང་སྒྲུབ་བླ་ངག་དབང་མཁས་མཆོག་འོད་ཟེར་དང་། སྡེ་དགེ་ཁྲོམ་རྡོ་ཁོ་བླ་མ་ངག་དབང་ཤེས་རབ། ཁམས་བྱེའི་མཁན་ཆེན་མཁྱེན་རབ་འོད་ཟེར་བཅས་ལས་དཔལ་ས་སྐྱའི་སྙན་བརྒྱུད་ཀྱི་ཆོས་སྐོར་ལས་ན་རོ་མཁའ་སྤྱོད་སོགས་དང་། འོད་གསལ་རྫོགས་པ་ཆེན་པོ་སོགས་ཆོས་བཀའ་དུ་མ་འོ་རྒྱལ་ཆེན་པོས་ལྐོག་ཏུ་གསན། ལྷག་པར་ཁམས་བྱེའི་མཁན་ཆེན་གཞན་ཕན་སྣང་བ་དང་འཇམ་མགོན་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སློབ་ཀླུ་ཕུག་བླ་མ་གཞན་ཕན་ལེགས་གྲུབ་མཆོག་གི་ཞབས་པད་སྔ་ཕྱི་དུ་མར་བསྙེན་ཏེ། ཐེག་མཆོག་འོད་གསལ་རྫོགས་པ་ཆེན་པོའི་ཐུན་མོང་སྔོན་འགྲོའི་རིམ་པ་ནས་བཟུང་། དངོས་གཞི་ཁྲེགས་ཆོད་ཐོད་རྒལ་ཡན་ལག་དང་བཅས་པ་དང་། ཁྲིད་ཡིག་ཆེན་མོ་ཡེ་ཤེས་བླ་མའི་ཁྲིད་སྦྱོང་རུ་ཤན་སོགས་ཉམས་ཁྲིད་དམར་བཅངས་སུ་འདེབས་པ་གསན་སྦྱང་ཤིན་ཏུ་ཞིབ་པར་མཛད། ཕྱིས་སུ་རྗེ་དེ་ཉིད་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མའོ་ཞེས་ཡང་ཡང་གསུངས། ཕྱི་ལོ་ ༡༩༨༡ ལོ་དང་རྗེ་ཉིད་དགུང་གྲངས་ཞེ་དགུ་པར་་སྲིད་ཇུས་ཅུང་ཟད་གུ་ཡངས་བྱུང་བ་དང་བསྟུན། བྲག་གཡབ་ཡང་དགོན་ཁར་བྱ་རྒྱུད་རིགས་གསུམ་སྤྱི་སྒྲུབ་དང་། ཐུབ་པ་དམ་ཚིག་གསུམ་བཀོད། བླ་མེད་དཔལ་ཀྱཻ་རྡོ་རྗེའི་གཞི་བསྙེན་ཆེན་མོ། རྙིང་ལུགས་བཀའ་གཏེར་ཟུང་འཇུག་སྨིན་གླིང་རྡོར་སེམས། མཐའ་བརྟེན་དུ་ཚར་ལུགས་སྒྲོལ་དཀར་འོད་ཟེར་དྲུག་སྦྲག་བཅས་ཀྱི་བསྙེན་སྒྲུབ་ཚད་འཁྱོལ་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་གནང་། ཕྱི་ལོ་ ༡༩༨༢ ལོའི་དགུན་དུས་སུ་བྲག་གཡབ་གཞུང་ཤོད་ཚོ་གསུམ་གྱི་ཁྱིམ་ཚང་ཕལ་མོ་ཆེར་ཕེབས་ནས་སོ་སོའི་རེ་བ་ཡིད་བཞིན་དུ་བཀང་བར་མཛད། ཕྱི་ལོ་ ༡༩༨༣ ལོ་དང་རྗེ་ཉིད་དགུང་གྲངས་ང་གཅིག་པར་སླར་ཡང་ཉི་ཟླ་སྒྲ་གཅན་ལས་གྲོལ་བ་བཞིན་དུ་དཔལ་སྡེ་དགེའི་རྒྱལ་ས་ལྷུན་འགྲུབ་སྟེང་དུ་ཞབས་པད་ཆེད་དུ་བཀོད་དེ་ཡུལ་མདོ་ཁམས་ཀྱི་ས་ཡི་ལྟེ་བ་ག་ལ་བ་དེར་དབྱར་གནས་བསྐྱར་འཛུགས་ཀྱི་མཁན་པོ་ཐོག་མར་མཛད། ཕྱི་ལོ་ ༡༩༨༤ ལོར་ཁམས་སྟོད་སྒོམ་སྡེ་ནང་ཆེན་གཙང་མདའ་དགོན་དུ་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཆོས་འཁོར་ཐེངས་དང་པོར་བསྐོར། ཞལ་སློབ་བརྒྱ་ཕྲག་བརྒལ་བར་འདུལ་བ་དང་སྤྱོད་འཇུག་སོགས་ཀྱི་དཔེ་ཁྲིད་མཛད། ཕྱི་ལོ་ ༡༩༨༥ དགུང་གྲངས་ང་གསུམ་པར་གོ་འཇོ་ཀླུ་ཕུག་དགོན་དུ་ཕེབས། དོན་གཉེར་ཅན་གྱི་ཞལ་སློབ་དུ་མ་འདུས་པར་ལོ་གཅིག་རིང་ལ་སྤྱོད་འཇུག་དང་དབུ་མ་རྩ་ཤེར་སོགས་རིགས་ཚོགས་ལྔ། འཇུག་པ་རྩ་བ་དང་རང་འགྲེལ་བཅས་ཀྱི་དཔེ་ཁྲིད་གནང་། ལོ་འདིར་འཇུག་པའི་འབྲས་བུ་སངས་རྒྱས་ཀྱི་སའི། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ།། བསྲེཊ་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ།། སོགས་ཀྱི་དཔེ་ཁྲིད་མཛད་སྐབས། གངས་ལྗོངས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཀུན་གཟིགས་༧འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་མཆོག་ནས་གནང་བའི་རྫོང་གསར་བཤད་གྲྭ་བསྐྱར་གསོ་མཛད་དགོས་པའི་གསུང་འཕྲིན་གྱི་སྒྲ་ཐག་འཁོར་ལོ་དང་རྡོར་དྲིལ། དཔེ་ཝར་སྤྲུལ་སྐུ་རིན་པོ་ཆེས་གནང་བའི་འཚམས་སྦྱོར་གྱི་ཕྱག་བྲིས་བཅས་འབྱོར། ཕྱི་ལོ་ ༡༩༨༦ དགུང་གྲངས་ང་བཞི་པར་བྲག་གཡབ་ཡང་དགོན་ཁར་ཕེབས། སློབ་གཉེར་བ་གསར་པ་ཚོར་སྤྱོད་འཇུག་དང་། རྙིང་པར་མངོན་པ་མཛོད་ཀྱི་དཔེ་ཁྲིད་གནང་།
ལོ་དེའི་བོད་ཟླ་དགུ་པའི་ཚེས་ཤར་ལ་གདན་ས་རྫོང་གསར་ནས་བསུ་མར་བཏང་བའི་སྨན་རམས་པ་ཚེ་གྲུབ་རྡོ་རྗེ་དང་ཁ་ལོ་པ་ངག་དབང་བློ་གྲོས་བཅས་དང་ལྷན། ཇི་ལྟར་བདག་ཅག་གི་སྟོན་པ་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ལས་བཞེངས་ཏེ་ཝ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་དུ་གཤེགས་པ་ལྟར། ཤྲི་ན་ལེནྜ་རྫོང་གསར་བཀྲིས་ལྷ་རྩེའི་ཆོས་ཀྱི་སྡེ་ཆེན་པོར་ཆིབས་བསུ་སེར་སྦྲེངས་དང་བཅས་ཏེ་ཞབས་ཀྱི་པདྨོ་བཀོད། གདན་ས་དེར་དུས་འགྱུར་གྱི་ཉེན་ཁས་མ་གོས་པར་བཞུགས་པའི་མངའ་རི་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར་གྱི་བླ་བྲང་མངའ་རི་བླ་བྲང་དུ་གྲགས་པ་དེར། དཔལ་གྱི་མགུལ་ནས་འཕྲུལ་གྱི་ལྗགས་བརྐྱང་སྟེ་གསུང་ཚངས་པའི་དབྱངས་ཀྱི་འོད་ཟེར་གྱིས་དམ་པའི་ཆོས་ཀྱི་སྒྲ་སྒྲགས་པས་དཔལ་རྫོང་གསར་བཤད་གྲྭའི་འཕྲིན་ལས་ཀྱི་ཉི་མ་ལྷར་ཡང་འཇིག་རྟེན་དུ་ཤར་བར་གྱུར།ཞོར་དུ་དོན་གཉེར་ཅན་ཐུན་མིན་འགའ་ཞིག་ལ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་དང་ཁྲིད་ཡིག་ཡེ་ཤེས་བླ་མའི་ཁྲིད་སྦྱོང་རུ་ཤན་རིག་པའི་རྩལ་དབང་དང་བཅས་པ་ལན་གཉིས་གསུངས།ཕྱི་ལོ་ ༡༩༨༨ ལོའི་བོད་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ཁམས་བྱེའི་སྔར་ཤུལ་དུ་བཤད་གྲྭའི་འདུ་ཁང་དང་གྲྭ་ཤག་བཅས་ལེགས་གྲུབ་བྱུང་བའི་ནང་དུ་སྤོས། རྒྱ་གཞུང་ཆེན་པོ་བཅུ་གསུམ་དང་གྲགས་ཆེན་བཅོ་བརྒྱད་ལ་ཀུན་མཁྱེན་བླ་མ་གོ་རམས་པ་ཆེན་པོའི་ལེགས་བཤད་ཀྱི་གསལ་བྱེད་དང་བཅས་ཏེ་འཆད་པའི་སྔར་གྱི་ཁམས་བྱེའི་བཤད་སྲོལ་ཇི་བཞིན་པ་སླར་གསོ་གནང་། སློབ་གཉེར་བ་དག་གི་ཀུན་སྤྱོད་འདུལ་བ་དང་མཐུན་པ་དང་། ཐོས་བསམ་ཀྱི་བྱ་བར་འབད་པ་ཆེན་པོས་བརྩོན་པ་ལ་གངས་ལྗོངས་སུ་འགྲན་ཟླ་གཉིས་པ་མ་དམིགས་པའི་ཕྱག་སྲོལ་བཙུགས་པས་རྒྱལ་བའི་བསྟན་པ་ལ་བླ་དང་གོང་ན་མེད་པའི་མཛད་འཕྲིན་དུ་གྱུར། ཕྱི་ལོ་ ༡༩༨༧ ལོར་༧མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ་གདན་སར་ཞབས་སོར་ཐོག་མར་འཁོད་སྐབས་ཀྱེ་རྡོར་རྒྱུ་ལམ་གྱི་དབང་ཆེན་སོགས་ཟབ་ཆོས་དུ་མ་གསན། ཕྱི་ལོ་ ༡༩༩༠ ལོར་༧ཡང་སྲིད་རིན་པོ་ཆེ་ཆིབས་བརྒྱུར་ཐེངས་གཉིས་པའི་སྐབས་རྣམ་གཉིས་ལྷན་རྒྱས་ནས་རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་མཁས་པའི་མཁས་པ་བྲག་གཡབ་པ་ཐུབ་བསྟན་རབ་གསལ་ལམ་ཕུན་ཚོགས་རྣམ་རྒྱལ་མཆོག་ཁམས་བྱེའི་མཁན་རབས་བཅུ་གཅིག་པའི་ཁྲི་ལ་མངའ་གསོལ་མཛད། འདི་ཡན་དུས་འགྱུར་རྗེས་སུ་རྗེ་ཉིད་ནས་དཔེ་ཁྲིད་གནང་བ་ལ་སྤྱོད་འཇུག་ཚར་དྲུག འདུལ་བ་མདོ་རྩ་བ་ཚར་བཞི། མངོན་པ་མཛོད་ཚར་བཞི། ཚད་མ་རིག་གཏེར་ཚར་བཞི། དབུ་མ་འཇུག་པ་ཚར་བཞི། ཤེར་ཕྱིན་མངོན་རྟོགས་རྒྱན་ཚར་གཉིས། རྒྱུད་སྡེ་སྤྱི་རྣམ་དང་མངོན་རྟོགས་ལྗོན་ཤིང་། རྩ་རྒྱུད་རྟགས་གཉིས་རྣམས་ལན་མང་བཅས་སོང་། ཕྱི་ལོ་ ༡༩༩༡ ལོར་བྲག་གཡབ་གཙང་སར་དགོན་དུ་བྱོན། ལོ་གསུམ་གྱི་རིང་སྤྱོད་འཇུག །འདུལ་བ་མདོ་རྩ། སོར་མདོ། ཀཱ་རི་ཀཱ་ཆེ་ཆུང་། ལུང་རིགས་གཏེར་མཛོད། མངོན་མཛོད། དབུ་མ་རྩ་འཇུག་སོགས་ཀྱི་གཞུང་བཤད་ནར་མར་མཛད།
ཕྱི་ལོ་ ༡༩༩༤ ལོར་གོ་འཇོ་ཀླུ་ཕུག་དགོན་དུ་སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ། བྲག་གཡབ་རྩི་ཀྲང་དགོན་དུ་སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་བཅས་གནང་།
ཕྱི་ལོ་ ༡༩༩༥ ལོར་སླར་ཡང་གདན་ས་རྫོང་གསར་དགོན་དུ་ཞབས་སོར་འཁོད། ལོ་འདིར་གཟིམ་ཆུང་དུ་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཐུན་མིན་དག་ལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་དང་མཐའ་བརྟེན་རིག་པའི་རྩལ་དབང་བཅས་བསྐུར། ཕྱི་ལོ་ ༡༩༩༦ ལོར་སྡེ་དགེའི་རྒྱལ་ས་ལྷུན་འགྲུབ་སྟེང་གི་འཛི་ཕུ་བཤད་གྲྭ་བཀྲིས་རབ་བརྟན་གླིང་བསྐྱར་འཛུགས་མཛད་སྒོ་དང་འབྲེལ་འདུལ་བའི་དཔེ་ཁྲིད་དང་སློབ་གྲྭའི་སྒྲིག་ལམ་ལ་གཟིགས་རྟོག་བཅས་ཟླ་བ་གཉིས་རིང་མཛད་ཅིང་། མཁན་ཁྲི་ལས་ཐོག་པར་རྗེ་ཉིད་ཀྱི་གསུང་ལས་སྐྱེས་པའི་སྲས་མདོ་སྔགས་རབ་འབྱམས་པ་འཇམ་དབྱངས་མཁྱེན་རབ་དབང་ཕྱུག་གམ་སྐལ་ལྡན་ཚེ་རིང་མཆོག་༧མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ་དང་རྗེ་ཉིད་ལྷན་རྒྱས་ནས་མངའ་གསོལ་བསྐོ་བཞག་གནང་།ལོ་འདིར་ཕྱག་ལེན་ཤིན་ཏུ་ཞིབ་པས་ཐུབ་དབང་སོགས་ཀྱི་རིང་བསྲེལ་རྣམ་བཞི་བཞི་སྟོང་ལྷག་གི་རིལ་བུ་ཞེས་པའི་རྟེན་འདུས་ཕོན་ཆེར་དང་། ཞོར་དུ་ངོར་ཆེན་དང་ཆོས་བློའི་གདུང་ཚྭ་བསྡུ་སྒྲུབ་ཡིད་རྟེན་ཕེར་བར་མཛད།གཟིམ་ཆུང་དུ་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཐུན་མིན་དག་ལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་དང་མཐའ་བརྟེན་རིག་པའི་རྩལ་དབང་བཅས་གནང་།
ཕྱི་ལོ་ ༡༩༩༧ ལོར་ཆོས་སྡེ་ཆེན་པོ་ཁམས་ཀྱི་བྱེ་མ་ཐང་གི་མཁན་རབས་བཅུ་གཉིས་པའི་གསེར་ཁྲིར། ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་ཟུར་འཆད་པ་སྒ་སྟོན་མཁས་པའི་དབང་པོ་སྐད་གཉིས་སྨྲ་བ་འཇམ་དབྱངས་བློ་གྲོས་པའི་ཞལ་སྔ་ནས། རྒྱལ་ཚབ་ཐུབ་བསྟན་རབ་གསལ་དང་རྣམ་གཉིས་ལྷན་རྒྱས་པས་མངའ་གསོལ་མཛད། ཕྱི་ལོ་ ༡༩༩༨ ལོར་བྲག་གཡབ་གཙང་སར་དགོན་དུ་གདམ་ངག་སྙན་བརྒྱུད་ཚད་མ་བཞི་ལྡན་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སློབ་བཤད་ཆེན་མོའི་ཆོས་འཁོར་ཐེངས་དང་པོ་བསྐོར། ཕྱི་ལོ་ ༡༩༩༩ ལོར་གདན་ས་རྫོང་གསར་བཀྲིས་ལྷ་རྩེར་བཤད་སྒྲུབ་ཡོངས་ལ་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་ཆོས་འཁོར་ཐེངས་གཉིས་པ་བསྐོར། ལོ་དེའི་དཔྱིད་དུས་སུ་གཟིམ་ཆུང་དུ་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཐུན་མིན་དག་ལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་དང་མཐའ་བརྟེན་རིག་པའི་རྩལ་དབང་བཅས་བས ཕྱི་ལོ་ ༢༠༠༠ ལོར་ནང་ཆེན་གཙང་མདའ་དགོན་དུ་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་ཆོས་འཁོར་ཐེངས་གསུམ་པ་བསྐོར། ཕྱི་ལོ་ ༢༠༠༡ ལོར་ཆབ་མདོ་སྐྱོ་མདའ་དགོན་དང་སྡེ་དགེ་འཛིང་སྦྲ་མཐོ་དགོན་སོ་སོར་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་ཆོས་འཁོར་ཐེངས་བཞི་པ་དང་ལྔ་པ་བསྐོར། ལོ་འདིར་ཁམས་སྡེ་དགེ་ཝ་ར་ལྔ་རིག་ནང་བསྟན་སློབ་གྲྭ་དང་། སྡེ་དགེ་མཁར་མདོ་བཤད་གྲྭ་གཉིས་དབུ་འཛུགས་གནང་། ཝ་རའི་མཁན་ཁྲི་ལས་ཐོག་པར་ཁམས་བྱེའི་ཟུར་འཆད་པ་དང་སྐྱོར་དཔོན་གཙང་ས་སྐྱ་པ་བསྟན་པ་དར་རྒྱས་རྗེ་ཉིད་དང་རྒྱལ་ཚབ་ཐུབ་བསྟན་རབ་གསལ་རྣམ་གཉིས་ལྷན་རྒྱས་ནས་མངའ་གསོལ་དང་། མཁར་མདོར་རྗེ་ཉིད་ཀྱི་གསུང་ལས་སྐྱེས་པའི་སྲས་མཁན་པོ་ཆོས་འཕེལ་རབ་རྒྱས་མངའ་གསོལ་མཛད་ཅིང་། དགོན་དེར་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཆོས་འཁོར་ཐེངས་གཉིས་པ་བསྐོར། སླར་གདན་སར་ཞབས་སོར་འཁོད་རྗེས་གཟིམ་ཆུང་དུ་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཐུན་མིན་དག་ལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་དང་རུ་ཤན་མཐའ་བརྟེན་རིག་པའི་རྩལ་དབང་བཅས་གནང་།
ཕྱི་ལོ་ ༢༠༠༢ ལོར་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པ་ཨ་མདོ་དམར་ཐང་རྨེ་བ་དགོན་བྱམས་ཆེན་དར་རྒྱས་གླིང་དུ་འདུལ་བ་མདོ་རྩ་དང་དབུ་མ་འཇུག་པའི་རང་འགྲེལ་བཅས་ལྗགས་ཁྲིད། གྲྭ་བརྒྱ་དང་དྲུག་བཅུ་ཙམ་ལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་བཏབ། ལོ་འདིར་ཉག་རོང་དགོན་གསར་དགོན་དུ་ཉག་རོང་ས་དགོན་བདུན་གྱི་བླ་གྲྭ་ལྷན་འཛོམས་ལ་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་ཆོས་འཁོར་ཐེངས་དྲུག་པ་བསྐོར། སླར་གདན་སར་ཞབས་སོར་འཁོད་རྗེས་གཟིམ་ཆུང་དུ་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཐུན་མིན་དག་ལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་དང་རུ་ཤན་མཐའ་བརྟེན་རིག་པའི་རྩལ་དབང་བཅས་ཐེངས་གཉིས་པ་གནང་།ཕྱི་ལོ་ ༢༠༠༣ ལོར་གླིང་ཚང་འགུ་ཟི་དགོན་དུ་མདན་ཁོག་དགོན་ཁག་རྣམས་ཀྱི་བླ་གྲྭ་ལྷན་འཛོམས་ལ་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་ཆོས་འཁོར་ཐེངས་བདུན་པ་བསྐོར།ལོ་དེའི་བོད་ཟླ་བཞི་པར་རྫོང་གསར་བཤད་སྒྲུབ་ཡོངས་ལ་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་སྨིན་གྲོལ་ཐེངས་གསུམ་པ་སྩལ།ལོ་དེའི་བོད་ཟླ་བདུན་པའི་ཡར་ཚེས་བཅོ་ལྔའི་ཉིན་དཔལ་སྡེ་དགེ་ལྷུན་འགྲུབ་སྟེང་དུ་ས་པན་ལྔ་རིག་ཚོགས་ཆེན་ཐེངས་དང་པོའི་དབུ་བཞུགས་མཛད།ཕྱི་ལོ་ ༢༠༠༤ ལོར་གཟིམ་ཆུང་དུ་ཕྱོགས་འདུས་ཀྱི་དོན་གཉེར་ཅན་དག་ལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་དང་རུ་ཤན། མཐའ་བརྟེན་རིག་པའི་རྩལ་དབང་བཅས་གནང་།ཕྱི་ལོ་ ༢༠༠༥ ལོར་སྨར་ཁམས་གོ་ན་དགོན་དུ་ས་རྙིང་བཀའ་གསུམ་གྱི་དགོན་ཁག་བཅུ་གཉིས་ཙམ་འདུས་པའི་བླ་གྲྭར་གསུང་ངག་ལམ་འབྲས་སློབ་བཤད་ཆེན་མོའི་ཆོས་འཁོར་ཐེངས་བརྒྱད་པ་བསྐོར།ལོ་དེའི་ཟླ་དྲུག་པར་གོ་འཇོ་ཀླུ་ཕུག་དགོན་དུ་ཞབས་སོར་འཁོད་རྗེས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཐུན་མིན་དག་ལ་ཟབ་ལམ་རྫོགས་པ་ཆེན་པོའི་ཉམས་ཁྲིད་དང་། ཁྲིད་རྫོགས་པ་རྣམས་ལ་ཡེ་ཤེས་བླ་མའི་ཁྲིད་སྦྱོང་རུ་ཤན་མཐའ་བརྟེན་རིག་པའི་རྩལ་དབང་བཅས་མཛད།ལོ་དེའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་ས་པཎ་ལྔ་རིགས་ཚོགས་ཆེན་ཐེངས་གསུམ་པ་རྫོང་གསར་ཁམས་བྱེའི་བཤད་གྲྭར་འཚོགས་པའི་དབུ་བཞུགས་མཛད། ། ཐེངས་འདིའི་ཉིན་མཐའ་མར་དབུས་གཙང་ག་ིགདན་ས་གསུམ་གྱིས་གཙོས་བོད་ཡུལ་ཁྱོན་ཡོངས་ཀྱི་ས་དགོན་རྣམས་ལྷན་འཛོམས་ཐོག་རྗེ་བླ་མར་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་ཡུན་འཚོའི་ཆེད་བརྟན་བཞུགས་གཟབ་རྒྱས་ཕུལ། ཕྱི་ལོ་ ༢༠༠༨ ལོར་དཔལ་རྫོང་གསར་བཤད་གྲྭའི་མཁན་རབས་བཅུ་གསུམ་པའི་ཁྲི་ལ་མཁས་པའི་དབང་པོ་མཁན་ཆེན་གཞན་ཕན་སྙིང་པོ་མཆོག་མཁན་ཆེན་འཇམ་དབྱངས་བློ་གྲོས་དང་རྣམ་གཉིས་ཞལ་རྒྱས་པས་མངའ་གསོལ་མཛད། ལོ་འདིར་སྐུ་བསྙུན་ཤིན་ཏུ་ལྕི་བ་གཞེས་མགོ་ཚུགས།ཕྱི་ལོ་ ༢༠༠༩ ལོར་སྐྱབས་རྗེ་༧མཁྱེན་བརྩེ་རིན་པོ་ཆེའི་བཀའ་ལུང་ལྟར་རྡོ་རྗེ་འཆང་པེ་ཝར་མཆོག་སྤྲུལ་རིན་པོ་ཆེས་མཁྱེན་བརྩེའི་གཏེར་ཁ་འཆི་མེད་འཕགས་མའི་སྙིང་ཐིག་གི་སྒོ་ནས་བརྟན་བཞུགས་གནད་སྨིན་མཛད། སླར་ཡང་འདི་ལོའི་སྟོན་ཁར་གདན་ས་རྫོང་གསར་དུ་དབུས་གཙང་གི་ས་ངོར་གཉིས་དང་བསམ་ཡས་བཅས་ཀྱི་མཁན་པོ་རྣམ་པས་གཙོས་ཆོས་བརྒྱུད་རིས་མེད་ཀྱི་ཞལ་སློབ་རྒྱས་འཛོམས་ཐོག་རྗེ་བླ་མར་བཀའ་དྲིན་རྗེས་དྲན་ དང་སྐུ་ཚེ་ཡུན་འཚོའི་ཆེད་དུ་བརྟན་བཞུགས་གཟབ་རྒྱས་ཕུལ།ཕྱི་ལོ་ ༢༠༡༢ ལོར་ཆོས་རྒྱལ་སྡེ་དགེའི་རྒྱལ་ས་ལྷུན་འགྲུབ་སྟེང་གི་གདན་སའི་བླ་མ་ཆོས་རྗེ་མཁན་པོ་ལས་སྣེ་སོགས་ནས་ཆེད་འབྱོན་གྱིས་རྗེ་བླ་མར་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་ཡུན་འཚོའི་ཆེད་དུ་བརྟན་བཞུགས་གཟབ་རྒྱས་ཕུལ།ཕྱི་ལོ་ ༢༠༡༣ ལོར་འཕགས་ཡུལ་ནས་༧སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་གདན་སར་ཆེད་འབྱོན་གནང་བ་དང་ཡབ་སྲས་གསེར་ཞལ་མཇལ་འཕྲད་མཛད་པ་བཅས་ནས་ད་ལྟའི་བར་དུ་ཡང་སྐུ་འཚོ་ཞིང་བཞེས་བཞིན་པའོ།།མདོར་ན་ཡུལ་གངས་ཅན་གྱི་བཅུ་ཕྲག་ར、ག་པའི་གནས་མཐའ་དག་གི་འབྱུང་ཁུངས་ཆོས་སྲིད་ལུགས་གཉིས་ཀྱི་རྡོ་རྗེ་གདན་གཙང་དཔལ་ལྡན་ས་སྐྱའི་གདན་ས་ཆེན་མོ་དང་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་ངོར་ཨེ་ཝཾ་ཆོས་ལྡན། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དག་གིས་གཙོས། བོད་ཡུལ་ཆོལ་ཁ་ གསུམ་གྱི་དགོན་སྡེ་བཅུ་ཕྲག་དྲུག་མ་ཟིན་ཙམ་གྱི་ནང་དུ་རྗེ་ཉིད་ཀྱི་དངོས་དང་བརྒྱུད་པའི་ཞལ་སློབ་མཁན་ཆེན་གསེར་གྱི་རི་ལྟ་བུ་དག་གིས་རྒྱལ་བསྟན་བཤད་དང་སྒྲུབ་པས་སྐྱོང་བཞིན་པ་ནི་རྣམ་ཐར་ཐམས་ཅད་ཀྱི་སྙིང་པོ་དང་གཙོ་བོའོ།། མཇུག་མཐར། འཇམ་མགོན་མི་ཕམ་པས་རང་གི་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོར་བསྟོད་པའི་དྲང་གཏམ་བདེན་ཚིག་རྡོ་རྗེའི་རོལ་མོ་ལས། གང་སྐུ་རིན་ཆེན་སྣང་བ་ནི།། འཇིག་རྟེན་འདིར་ནི་ཇི་བཞུགས་པ།། བདག་ལ་བཀའ་དྲིན་གནང་སྦྱིན་ནི།། ད་ེཡིན་མཆོག་ནི་དེ་གཅིག་ཞུ།། ཞེས་གསུངས་པ་འདིས་སྨོན་འདུན་རྩེ་གཅིག་ཏུ་ཞུ་བས་རེ་ཞིག་མཇུག་བསྡུ་བར་བྱའོ། །ཅེས་པ་འདིའང་རྗེ་ཉིད་ཀྱི་རྣམ་ཐར་ཞལ་གསུང་མ་དང་། མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་ནས་མཛད་པའི་རྣམ་ཐར་ཆེན་མོ། མཁས་དབང་བློ་གྲོས་ཕུན་ཚོགས་ནས་མཛད་པའི་རྫོང་གསར་ལོ་རྒྱུས་རྒྱས་པ་ངོ་མཚར་དཔྱིད་ཀྱི་པད་ཚལ། མཁན་པོ་སྐལ་ལྡན་ཚེ་རིང་ནས་མཛད་པའི་སྡེ་དགེའི་རྒྱལ་ས་ལྷུན་འགྲུབ་སྟེང་གི་ལོ་རྒྱུས་སྐལ་ལྡན་དགྱེས་པའི་འཛུམ་ཞལ་བཅས་ལས་བཏུས་ཏེ། མདོར་བསྡུས་ཉུང་གསལ་དུ་སྤེལ་བ་པོ་ནི་རྗེ་རྡོ་རྗེ་འཆང་གང་གི་རིགས་ཀྱི་དབོན་དང་ཆོས་ཀྱི་སློབ་བུའི་ཐ་ཤལ་དུ་གཏོགས་པ་པདྨ་འཕྲིན་ལས་སོ།། །།
སྨྲས་པ། རྒྱལ་བསྟན་གཅིག་པུར་དགོངས་པའི་མགོན་ཁྱེད་ཀྱིས།།
       སྐུ་ཚེ་བསྟན་དོན་ཆེད་དུ་བཏང་ཟིན་པས།།
       ཐུགས་བཞེད་དེས་འགྲུབ་གྲགས་སྐམ་དགོས་མིན་མོད།།
        ཕྱི་རབས་མི་ལ་མིག་དཔེའི་ཕྱིར་དུ་བྱས།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*