མཁན་ཆེན་པདྨ་དམ་ཆོས་མཆོག་ལ་སྐུ་བསྟོད།


མཁན་ཆེན་རྡོ་རྗེ་འཆང་ཆེན་པདྨ་དམ་ཆོས་བཀྲིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་བསྟོད་
                པ་དད་རྫས་ཨུ་དུམ་ཝ་ར་ཞེས་བྱ་བ་བཞུགས།

དུས་གསུམ་རྒྱལ་བའི་སྙིང་བཅུད་གཅིག་བསྡུས་པ།།
ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མེད་པའི།།
ཀུན་མཁྱེན་པདྨའི་མཚན་ཅན་འགྲོ་བའི་མགོན།།
སྐྱེ་དགུའི་འགྲོ་རྣམས་ཁྱེད་ལ་མགོས་ཕྱག་འཚལ།།

སྔོན་སྦྱངས་ལས་ཀྱིས་ཤེས་རབ་འགྲན་བྲལ་ཞིང་།།
མཁྱེན་དཔྱོད་བརྩེ་བས་སྐྱེ་རྒུའི་མགོན་གྱུར་བ།།
ལེགས་ཚོགས་ཡོན་ཏན་མཐའ་དག་ལྡན་པ་པོ།།
དངོས་འབྱོར་ཡིད་མཆོད་བདག་རྒྱུད་བྱིན་གྱིས་རློབས།།

བསླབ་གསུམ་རྒྱན་གྱི་ཕྲེང་བས་སྐུ་ལུས་བལྟམ།།
གསུང་དབྱངས་ཡན་ལག་དྲུག་ཅུའི་ངག་དང་ལྡན།།
སྟོང་ཉིད་སྙིང་རྗེའི་ཆུ་གཏེར་ཐུགས་ལ་རྫོགས།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྫོགས་ལ་འདུད།།

སྐྱབས་ཀུན་འདུས་པ་མཚན་དཔེ་འབར་བའི་སྐུ།།
ཆོས་ཀུན་སྙིང་པོ་དམ་ཆོས་སྒྲོག་པའི་གསུང་།།
རྒྱལ་ཀུན་ཡེས་ཤེས་གཅིག་ཏུ་འདུས་པའི་ཐུགས།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཕྱག་འཚལ།།

འཆད་རྩོད་རྩོམ་པའི་འོད་སྟོང་ལྡན་པ་པོ།།
ཐོས་བསམ་སྒོམ་ལ་ཆགས་ཐོགས་བྲལ་བ་ཡིས།།
ལེགས་བཤད་དྲི་མེད་གསེར་གྱི་ཆུ་རྒྱུན་གྱིས།།
འགྲོ་བློའི་མུན་པའི་ཚ་གདུང་བསལ་ལ་འདུད།།

རབ་འབྱམས་ཤེས་བྱའི་ཆོས་ཀུན་མཁྱེན་པས་མཁས།།
བསླབ་གསུམ་ནོར་བུའི་རྒྱན་གྱིས་ཕྱུག་པས་བཙུན།།
འགྲོ་བའི་སྐྱབས་ཡུལ་མཆོག་ཏུ་གྱུར་བས་བཟང་།།
མཁས་བཙུན་བཟང་གསུམ་འཛོམས་ལ་གུས་པས་མཆོད།།

སྙིང་དཀྱིལ་ཤ་གསེང་རུས་པའི་གདེང་ཁོང་ནས།།
རྣམ་ཤེས་ཚུགས་མེད་བྱ་སྤུ་རླུང་ཁྱེར་གྱིས།།
དད་རྫས་ཨུ་དུམ་ཝ་རས་བསྟོད་པའི་མཐུས།།
སྙིང་དུས་སྐལ་དམན་བདག་ཅག་རྗེས་འཛིན་ཞུ།།

རྫོང་སར་ཁམས་བྱེ་ལྔ་རིག་སློབ་གླིང་དུ་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོའི་བོད་ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན་མཁན་ཆེན་རྡོ་རྗེ་འཆང་པདྨ་དམ་ཆོས་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་བདུན་ཕྲག་ཅིག་གི་རྗེས་སུ་ཁམས་བྱེའི་མཁན་སློབ་འདུས་སྡེ་ཡོངས་ཀྱིས་གདུང་མཆོད་འབུལ་སྐབས་སུ་སེ་ར་བ”ཚུལ་ཁྲིམས་བློ་གྲོས་སམ་དྲྭ་མིང་དུ་ཁ་བའི་རྒྱལ་སྲས་དུ་འབོད་པས་བྱམས་ཆེན་ལྷ་ཁང་དུ་སྦྱར་བའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*