ངོར་ཕན་བདེ་མཁན་ཆེན་མཆོག་གི་བཀའ་སློབ།

ངོར་ཕན་བདེ་མཁན་ཆེན༸འཇམ་དབྱངས་ཐུབ་བསྟན་སྙིང་པོ་མཆོག་གི་བཀའ་སློབ།

ངོར་ཕན་བདེ་མཁན་ཆེན༸འཇམ་དབྱངས་ཐུབ་བསྟན་སྙིང་པོ་མཆོག་གིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི༢༠༡༢ལོའི་དངོས་གཞིའི་འཛིན་གྲྭའི་སློབ་མ་རྣམས་ལ་གནང་བའི་བཀའ་སློབ། ཐོག་མར་ངས་ཁྱེད་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་འབྲེལ་གང་བློ་མའི་ལུང་ཞིག་འདོན་རྒྱུ་ཡིན། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བ།།ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན།།གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི།།འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་།།འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་སྒྲོལ་མཛད་ཅིང་།།མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།།གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།།བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད༎བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས།།བདག་བློའི་གཏི་མུག་མུན་པ་རབ་གསལ་ནས།།བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།།བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ།།

བོད་ཀྱི་ཐུན་མོང་གི་རིག་གཞུང་སློབ་པར་ངེས་པར་དུ་ནང་ཆོས་སློབ་དགོས་ཚུལ།
ང་ཚོའི་ལུགས་སྲོལ། ཐད་ཀར་ཞུས་ན་བྱ་སྤྱོད་མང་པོ་ཞིག་ནང་པ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་ཡོད་པ་དང་།མ་ཟད་བོད་ཀྱི་རིག་གཞུང་མང་པོ་ཞིག་༼རིག་གནས་ཆེ་བ་ལྔ་ཆུང་བ་ལྔ་མང་ཆེ་བ༽བོད་ཀྱི་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་རིག་གཞུང་དེ་དང་འབྲེལ་བ་བྱས་ནས་འགྲོ་དགོས་པས། དེ་འདྲ་ཡིན་དུས་ཁྱོད་ཚོ་སློབ་གྲྭ་ཆེན་མོའི་སློབ་མ་ཚོས་ནང་པའི་ཆོས་དེའི་ཐོག་ལ་ཞིབ་འཇུག་ཏོག་ཙམ་བྱེད་ཡས་ཀྱི་རེ་བ་ཆེན་པོ་ཡོད། དེ་འདྲ་བྱས་སོང་དུས། ང་རང་ཚོ་བོད་རིགས་ཤིག་ཡིན་པའི་ངོས་ནས་ནང་པའི་ཆོས་ལ་རྒྱུས་མངའ་ཏོག་ཙམ་ཡོད་ན། བོད་ཀྱི་རིག་གཞུང་ཁྱོན་ཡོངས་ལ་རྒྱུས་མངའ་གཏིང་ཟབ་པོ་ཞིག་ཡོང་ཡས་ཀྱི་དགེ་མཚན་ཡོད། དེས་ན་སོ་སོ་བློ་གཅིག་སེམས་གཅིག་གིས་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་ན་ཡིན་གཅིག་མིན་གཅིག་གིས་ནང་ཆོས་ལ་སློབ་ན་དེ་བས་ཀྱང་དེའི་ནང་ནས་དགེ་མཚན་ཆེན་པོ་གཅིག་ཐོབ་ཀྱི་ཡོད། དེ་འདྲ་མིན་ཡང་བོད་མི་རིགས་ཀྱི་རིག་གཞུང་གི་མ་མོ་འདྲ་བ་དེ་ནང་པའི་ཆོས་ཀྱི་རིག་གཞུང་ཡིན་དུས། དེ་ལ་ཞིབ་འཇུག་ཅིག་གནང་བ་ཡིན་ན། དེའི་ཐོག་ནས་མང་པོ་ཞིག་མཁྱེན་ཡོང་གི་ཡོད། ལྷག་པར་དུ་དུས་རབས་ཉི་ཤུ་རྩ་གཅིག་ལ་སླེབས་ཚར་བ་རེད། དེང་སང་ང་རང་ཚོ་འཛམ་བུ་གླིང་ལ་རིག་གནས་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་འགྲོ་གི་ཡོད། དེར་བརྟེན་ད་ང་ཚོ་བོད་རིགས་ཚང་མས་བོད་ཀྱི་རིག་གཞུང་ལ་ཤུགས་བརྒྱབ་དགོས་ཡས་ཀྱི་དུས་ཚོད་ལ་སླེབས་པ་རེད། དེ་སླེབས་ཡོང་དུས་ཙ་ན་བོད་ཀྱི་རིག་གཞུང་ལ་ཤུགས་ཆེན་པོ་ཞིག་བརྒྱབ་དགོས་ཀྱི་ཡོད་ན། དང་ཐོག་མར་ང་ཚོས་ཐུན་མོང་གི་རིག་གཞུང་དག་ལ་སློབ་སྦྱོང་ཡག་པོ་ཞིག་བྱེད་དགོས་པ་མ་ཟད། ནང་པའི་ཆོས་དེ་ལ་ཞིབ་འཇུག་ཏོག་ཙམ་གནང་ཐུབ་པ་ཡིན་ན། ཐུན་མོང་གི་རིག་གཞུང་ཚང་མ། ལྷག་པར་དུ་ང་རང་ཚོ་བོད་དང་འབྲེལ་བ་ཡོད་པ། མི་རིགས་དང་འབྲེལ་བ་ཡོད་པའི་རིག་གཞུང་ཚང་མར་རྒྱུས་མངའ་ཡག་པོ་ཡོད་པ་ཞིག་ཆགས་ཀྱི་རེད། དེ་འདྲ་ཡིན་དུས་དེ་ལ་ཞིབ་འཇུག་ཏོག་ཙམ་གནང་རྒྱུའི་རེ་བ་ཡོད།

སངས་རྒྱས་ཀྱིས་གསུངས་པའི་འདྲ་མཉམ་གྱི་ལྟ་བ་ལག་ལེན་བྱེད་ཚུལ།
དེ་ནས་བོད་བརྒྱུད་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་ནུས་པའམ་ནང་པའི་ཆོས་ཀྱི་ལག་ལེན་བྱས་པའི་བརྒྱུད་རིམ་ནང་ལག་ལེན་པའི་བྱས་པའི་གྲུབ་འབྲས་གཙོ་བོ་ཆེ་ཤོས་ནི། ཆོས་ཁོ་རང་གི་ནང་དོན་བྱས་ན། མཐར་གཏུགས་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤངས་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འགྲོ་ཡས་ཀྱི་ཆོས་ཀྱི་དམིགས་ཚད་མཐར་གཏུགས་དེ་རེད། ཡིན་ནའང་། བཅོམ་ལྡན་འདས་ཀྱིས་དང་ཐོག་མར།སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་གསུངས་ཡོད། དེས་ན་བཏང་སྙོམས་ཀྱི་ལྟ་བ་ཆེན་པོ་དེ་གསུངས་ཡོད།བཏང་སྙོམས་ཀྱི་ལྟ་བ་ཆེན་པོ་དེ་གསུངས་ཡོད་དུས་དེང་སང་གི་སྐད་ཆ་ཤོད་སྟངས་བྱས་ན་འདྲ་མཉམ་གྱི་ལྟ་བ་རེད། བཏང་སྙོམས་ཀྱི་ལྟ་བ་དེ་འདྲ་མཉམ་གྱི་ལྟ་བ་དེ་ཡིན་དུས་ཙ་ན། འདྲ་མཉམ་གྱི་ལྟ་བ་དེའི་ཐོག་ནས་ང་ཚོས་མི་རིགས་གཞན་དག་ཡིན་ནའང་འདྲ། ཐ་ན་འགྲོ་བ་མིའི་རིགས་མིན་པའི་སྲོག་ཆགས་ཀྱི་རིགས། དཔེར་ན། སེམས་ཅན་ར་ལུག་འདྲ་དང་། རྟ་བོང་བུ་འདྲ། ང་རང་ཚོ་མིའི་རིགས་ཀྱིས་བལྟས་ན་སྲོག་ཆགས་རིགས་དམན་པ་དེ་འདྲ་ལ་ཡང་མཐོང་ཆུང་གི་བསམ་བློ་འདྲ་མ་བཞག་པར་འདྲ་མཉམ་ཞོག་པ་ཅིག་གང་ནས་ཡོང་གི་ཡོད་ཟེར་ན། དེའི་རྨང་གཞི་དེ་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་ནང་ནས་ཡོང་གི་ཡོད།དེ་འདྲ་ཡིན་དུས་ཙ་ན། བཅོམ་ལྡན་འདས་ཀྱི་དང་ཐོག་མར་བཏང་སྙོམས་ཀྱི་ལྟ་བ་ཆེན་པོ་༼འདྲ་མཉམ་གྱི་ལྟ་བ་ཆེན་པོ༽འདི་གསུངས་ཡོང་དུས།དེ་ང་ཚོས་མ་འོངས་པར་ལག་ལེན་རིམ་པས་རིམ་པས་ཐུབ་ཡོང་དུས་ཙ་ན། དེའི་ཐོག་ནས་འཛམ་གླིང་ཐོག་ལ་ང་ཚོའི་ནང་པའི་ཆོས་ཀྱི་ལྟ་བ་དང་འབྲེལ་བ་བྱས་ནས། ཆོས་དེའི་ནང་དོན་ལག་ལེན་བྱེད་པའི་བརྒྱུད་རིམ་ནང་། དེའི་དམིགས་ཚད་ཀྱི་གྲུབ་འབྲས་དང་པོ་དེ་མི་དེའི་ཀུན་སྤྱོད་ཀྱི་ཚད་གཞི་ཡག་པོ་ཞིག་སླེབས་ཡོང་གི་ཡོད།

བོད་ཀྱི་སྲོལ་རྒྱུན་རིག་གནས་ལག་ལེན་ཤེས་ན་འཚོ་བ་དངོས་ཐོག་ཡག་པོ་ཞིག་ཆགས་ཐུབ་ཚུལ།
དེང་རབས་ཅན་དང་སྲོལ་རྒྱུན་རིག་གནས་གཉིས་ཀྱི་ངོས་ནས་བཤད་ན། དེང་རབས་ཅན་གྱི་རིག་གནས་དེ་འདྲ་ང་ཚོའི་མེས་པོ་ཚོར་ཡོད་དམ་མེད་ཟེར་ན། དེང་རབས་ཅན་གྱི་རིག་གནས་དེ་ད་ལྟ་རིག་གནས་གསར་དར་ཆགས་ཚར་དུས་ཙ་ན།ང་ཚོའི་མེས་པོ་ཚོ་ལ་དེང་རབས་ཅན་གྱི་རིག་གནས་དེ་མེད་ཀྱང་། ང་ཚོའི་མེས་པོ་ཚོ་ཚང་མ་དཔེ་མི་སྲིད་པའི་སྲོལ་རྒྱུན་རིག་གནས་ཀྱི་ཚད་གཞི་མཐོན་པོ་རེད། སྐབས་དེ་དུས་ཀྱི་བོད་མི་རིགས་ཀྱི་རིག་གཞུང་དེ་འགྲོ་བ་མིའི་རིགས་ཀྱི་འཚོ་བ་དངོས་ཀྱི་ཐོག་ཏུ་དགོས་མཁོ་ཡོད་པའི་རིག་གནས་ཆ་ཚང་བ། ཡང་དག་པ་ཞིག་ཡོད། དེ་རྣམས་ལ་ཁོང་རྣམ་པས་སློབ་སྦྱོང་བྱས། དེ་ལག་ལེན་བསྟར་ཡོང་དུས། ལག་ལེན་གྱི་བརྒྱུད་རིམ་ནང་ཆ་ཚང་ཞིང་ཡང་དག་པ་ལག་ལེན་བྱས་པ་རྒྱུད་གྲུབ་འབྲས་དང་པོ་དེ་ག་རེ་ཐོབ་ཡོད་ཟེར་ན།སྐབས་དེ་དུས་ང་ཚོའི་མེས་པོ་རྣམས་མིའི་རིགས་ཀྱི་ཀུན་སྤྱོད་དེ་ཨང་དང་པོ་ཞིག་སླེབས་ཀྱི་ཡོད།འགྲོ་བ་མིའི་རིགས་ཀྱི་དངོས་སུ་འཚོ་བ་དངོས་ཐོག་ཏུ་དགོས་མཁོ་ཡོད་པའི་རིག་གནས་ཆ་ཚང་བ། ཡང་དག་པ་ཞིག་ཡོད། །ཡང་དག་པའི་ཀུན་སྤྱོད་མེད་ན་དཔལ་འབྱོར་ཡོད་ཀྱང་རྗེས་ལུས་རེད། ཁྱོད་རང་རྣམ་པ་སློབ་གྲྭ་ཆེན་མོ་བ་ཤ་སྟག་སོང་ཙང་ཧ་གོ་གི་རེད། ང་རང་ཚོ་དེང་སང་འཛམ་བུ་གླིང་གི་སྟེང་ལ་རྒྱལ་ཁབ་མང་པོར་དཔལ་འབྱོར་གྱི་ཆ་རྐྱེན་དེ་མཐོ་དམན་མང་པོ་ཡོད་ལ།ལག་རྩལ་གྱི་ཆ་རྐྱེན་མཐོ་དམན་མང་པོ་ཡོད། དེ་མིན་སྤྱིར་བཏང་གི་རིག་གནས་ཀྱི་ཆ་རྐྱེན་མཐོ་དམན་མང་པོ་ཡོད། ཡིན་ནའང་དགག་རྩ་ཆེ་ཤོས་དེ་གང་ལ་ཐུག་གི་ཡོད་ཟེར་ན། མིའི་རིགས་ཀྱི་བསམ་བློའི་ཆུ་ཚད་དང་ཀུན་སྤྱོད་ཀྱི་ཆུ་ཚད་དེ་མཐོ་པོ་མ་སླེབས་ན། དཔལ་འབྱོར་གྱི་ཆུ་ཚད་ག་ཚོད་སླེབས་ཀྱང་དེ་རྦད་དེ་རྗེས་ལུས་རེད།

བོད་ཀྱི་རིག་གཞུང་ལག་ལེན་གྱི་བརྒྱུད་རིམ་ནང་མིའི་རིགས་ཀྱི་ཀུན་སྤྱོད་ལ་ཤུགས་རྒྱབ་དགོས་ཚུལ།
ངས་ནམ་རྒྱུན་རྟག་པར་སློབ་གྲྭ་ཆེན་མོ་བ་ཡིན་ནའང་འདྲ། སྐུ་ཞབས་ཚོ་ཡིན་ནའང་འདྲ། ང་རང་ཚོ་དད་ལྡན་མང་ཚོགས་ཚོ་ལ་དེ་བཏོན་གྱི་ཡོད། ང་ཚོར་ད་ལྟ་ག་རེ་འདང་གི་མེད་ཟེར་ན། ང་ཚོ་ལ་ནང་པའི་ཆོས་དར་ནས་ལོ་ཆིག་སྟོང་ལྷག་ཕྱིན་ཚར་བ་རེད། ང་ཚོའི་ཀུན་སྤྱོད་ཀྱི་ཆུ་ཚད་དེ་ད་དུང་རྗེས་ལུས་འདྲ་བ་དེ་འདྲ་ཐེབས་བསྡད་པ་དེ་ག་རེ་བྱས་པ་རེད། དེར་བརྟེན་ང་ཚོས་ཏོག་ཙམ་ཤུགས་མ་བརྒྱབ་ན། མི་རེ་རེས་ཤུགས་མ་བརྒྱབ་ན། ཡོང་ས་མི་འདུག དཔེར་ན། གད་སྙིགས་དེ་ཚོ་ཐག་གཅོད་བྱེད་སྟངས་ཡིན་ནའང་རེད། སྔོ་ལྗང་གི་རིགས་སོགས་ཁོར་ཡུག་ལ་གཅེས་སྤྲས་བྱེད་སྟངས་ཡིན་ནའང་རེད། ལྷག་པར་དུ་མི་དང་མིའི་བར་ལ་སྐད་ཆ་ཤོད་སྟངས་ཡིན་ནའང་རེད། ང་ཚོ་ཚང་མས་ཀུན་སྤྱོད་ཡག་པོ་ཞིག་འཚར་ཡོང་ན།དངོས་གནས་དྲང་གནས་ཀྱི་བོད་པ་ཟེར་ཡས་དེ་རིག་གཞུང་ཡག་པོ་ཡོད་པ་མ་ཟད། བོད་པའི་རིག་གཞུང་དེ་ལག་ལེན་བྱེད་མཁན་གྱི་མི་དེ་ཚོ་འདྲ་ས་མི་འདུག་ཨང་བསམ་བསམ་ཞིག་ཡོང་གི་རེད།བྱས་ཙང་ང་རང་ཚོའི་སྔོན་བྱོན་མེས་པོ་ཚོ་དཔེ་མི་སྲིད་པའི་ཀུན་སྤྱོད་དང་བསམ་བློའི་ཆུ་ཚད་མཐོ་པོ་ཡིན་ཀྱང་། ང་ཚོ་དེང་སང་ཏོག་ཙམ་རིག་གནས་ཕར་འདྲེས་ཚུར་འདྲེས་འདྲ་བ་ཞིག་བྱས་ནས་རིག་གནས་འདྲ་མི་འདྲ་འདྲེས་ཡོང་དུས་ཙ་ན། ང་ཚོའི་སྔོན་མའི་རིག་གཞུང་གི་ཆུ་ཚད་དེ་ཡང་ལག་ལེན་བསྟར་མི་ཐུབ་པ་དང་། དེང་སང་འཛམ་བུ་གླིང་གི་སྔོན་ཐོན་གྱི་རྒྱལ་ཁབ་དེ་ཚོའི་ཆུ་ཚད་དེ་ཡང་སླེབས་མ་ཐུབ་པ་བྱས། དེ་འདྲའི་བར་དེ་ལ་ལུས་སྐབས། ང་ཚོ་ཚང་མས་ཤུགས་བརྒྱབ་དགོས་ཡས་ཤིག་ལ་དངོས་གནས་དྲང་གནས་ཀྱིས་བོད་ཀྱི་རིག་གཞུང་དེ་ལག་ལེན་གྱི་བརྒྱུད་རིམ་ནང་མིའི་རིགས་ཀྱི་ཀུན་སྤྱོད་ཀྱི་ཚད་མཐོན་པོ་ཞིག་སླེབས་ཐུབ་པ་ཞིག་གི་རེ་བ་ཡོད།ཀུན་སྤྱོད་ཡག་པོ་ཡོང་མིན་དེ་རིག་གནས་ཡོད་མེད་ལ་འབྲེལ་ཡོད། ཁྱེད་རྣམ་པས་ཧ་གོ་ཡི་རེད།སེམས་ནང་དུ་རིག་གཞུང་དེ་ཡོད་ཚར་དུས་། མི་དེའི་བྱ་སྤྱོད་དེ་རྩ་བ་ནས་འདྲ་གི་མེད། བྱ་སྤྱོད་དེ་རིག་གཞུང་དེ་དང་ཐད་ཀར་འབྲེལ་བ་ཆགས་ཡོད། མིའི་ལུས་ངག་གཉིས་ཀྱི་བྱ་སྤྱོད་དེ་ཀུན་སློང་གི་སེམས་ལ་བརྟེན་ནས་བྱུང་པ་རེད། སེམས་དེས་ལུས་ངག་གཉིས་ལ་ཁ་ལོ་སྒྱུར་ཡོང་དུས། སེམས་ཐོག་ལ་ཚད་དང་ལྡན་པའི་རིག་གནས་ཡག་པོ་ཞིག་མེད་ན་ལུས་ཐོག་གི་ཀུན་སྤྱོད་དེ་ཚད་དང་ལྡན་པ་ཡོང་ཡས་རྩ་བ་ནས་མེད། གཟབ་གཟབ་ག་ཚོད་བྱས་ཀྱང་ནོར་འཁྲུལ་ཤོར་འགྲོ་ཡི་རེད།བྱས་ཙང་ང་ཚོས་ལུས་ངག་གཉིས་ཀྱི་བྱ་སྤྱོད་ཚད་ལྡན་ཞིག་ཡོང་དགོས་ཀྱི་ཡོད་ན། སེམས་ཐོག་ཏུ་རིག་གནས་དངོས་པོའི་ཆོས་ཉིད་དང་མཐུན་པའི་རིག་གནས་ཡང་དག་པ་ཞིག་ཡོད་དགོས་པ་རེད། རིས་སུ་མ་བཅད་པར་འཚེ་བ་སྤོང་དགོས་པ་ནི་ནང་ཆོས་ཀྱི་རྩ་དོན་རེད། ང་རང་ཚོ་བོད་མི་རིགས་ཀྱིས་བལྟ་དུས་ཙ་ན། སོ་སོའི་རིག་གནས་མ་མོ་འདྲ་བ་དེ་ནང་པ་སངས་རྒྱས་ཀྱི་ཆོས་རེད།ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་རིག་གཞུང་དེ་སློབ་སྦྱོང་བྱས་པ་ཡིན་ན། ཁྱེད་རྣམ་ནས་དགོངས་ཀྱི་རེད། སྐྱབས་འགྲོའི་བསླབ་བྱའི་ནང་། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་ལ་ཕྱག་མི་བྱ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་འཚེ་བ་སྤོངས། དགེ་འདུན་ལ་སྐྱབས་སུ་སོང་བས་གྲོགས་མུ་སྟེགས་པ་དང་མི་འགྲོགས། ཤེས་གསུངས་པ་རེད། དེའི་ནང་ནས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་ཤེས་པ་དེ་མུ་སྟེགས་པ་ལ་མཐོང་ཆུང་བྱས་པ་མ་རེད། དེའི་རྒྱུ་མཚན་ནི་སྡིག་པ་གསོག་མཁན་གྱི་བྱ་སྤྱོད་ངན་པའི་མི་དེ་དང་གྲོགས་པོ་སྒྲིག་མ་ཡོང་གསུངས་པ་རེད། དེ་དང་གྲོགས་པོ་སྒྲིག་ན་སོ་སོ་རང་མི་ངན་ཞིག་ཆགས་ཡོང་གི་ཡོད། བྱས་ཙང་དེ་ལ་གཟབ་གཟབ་བྱེད་དགོས་གསུངས་པ་ལས། དེ་ཚོ་ལ་མཐོང་ཆུང་བྱས་པའི་སྐད་ཆ་དེ་འདྲ་མ་རེད། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྩ་དོན་དེ་ག་རེ་རེད་ཟེར་དུས། སེམས་ཅན་གཞན་ལ་གནོད་འཚེ་སྤོང་ཞེས་པ་དེ་རེད།བྱས་ཙང་སྟོན་པ་སངས་རྒྱས་ཀྱིས། རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་གསུངས་ཡས་དེ་ཡང་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་རྩ་དོན་དེ་ག་རང་ཡིན་དུས་གཞན་ལ་གནོད་པ་སྤོང་དགོས་པ་དེ་རེད། དེའི་ཐོག་ནས་བཤད་ན་གང་ཐུབ་ཅི་ཐུབ་ཀྱིས་ཕན་ཐོགས་ན་ཡག་ཤོས་དང་། ཕན་མ་ཐོགས་ཀྱང་འཚེ་བ་དེ་དག་སྤོངས་དགོས་ཀྱི་ཡོད།དེ་ཡང་འཚེ་བ་ལ་ཆེ་ཆུང་སྣ་མིན་སྣ་ཚོགས་ཡོད།མི་ཞིག་བསད་ནའང་འཚེ་བ་རེད། དུད་འགྲོ་ཞིག་བསད་ནའང་འཚེ་བ་བྱས་པ་རེད། འབུ་ཞིག་བསད་ནའང་འཚེ་བ་བྱས་པ་རེད། ཡང་མི་ལ་ཚིག་རྩུབ་གཅིག་བཤད་ནའང་དེ་ཡང་འཚེ་བ་རེད།འཚེ་བ་ལ་ཆེ་ཆུང་སྣ་མིན་སྣ་ཚོགས་ཡོད་ཀྱང་།ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་རྩ་དོན་དེ་འཚེ་བ་སྤོངས་དགོས་པ་དེ་རེད། དེ་ཆོས་ཀྱི་རྩ་དོན་རང་ཆགས་ཡོད། བསམ་བློ་ཀུན་སྤྱོད་ནང་ངས་ལས་ཀ་བྱ་སྤྱོད་གང་འདྲ་ཞིག་བྱེད་ཀྱང་མི་ལ་མ་གནོད་པ་ཞིག་བྱེད་དགོས་བསམ་པའི་ཀུན་སློང་དེ་ཡོད་ན་ལུས་ངག་གཉིས་ཀྱི་བྱ་སྤྱོད་དེས་མི་ལ་གནོད་ཀྱི་མ་རེད། དེ་མ་ཟད་སེམས་ཀྱི་ཀུན་སློང་ནང་སོ་སོ་རང་ཤེད་ཆེན་པོ་ཞིག་ཡོད་ན། རང་གི་ཁེ་ཕན་བརྒྱ་ཆ་དགུ་བཅུ་ལྷག་ཙམ་བྱས། དེ་ནས་ཕྱི་ལོག་ཏུ་འདྲ་ཆགས་ཆགས་བརྒྱ་ཆ་བཅུ་ཙམ་བྱས་པ་ཡིན་ནའང་གང་ལྟར་ནོར་འཁྲུལ་མང་པོ་ཞིག་ཤོར་ཡོང་གི་རེད། འཚེ་བ་སྤོང་བའི་ལྟ་བ་དེའི་ཆ་ཤས་ཙམ་ཆོས་ལུགས་གཞན་དག་ལ་ཡོད་པ་མ་རེད་ཅེས་མཐའ་གཅིག་ཏུ་བཤད་ཐུབ་མ་སོང་།གང་ཡིན་ཟེར་ན། ཆོས་ལུགས་གཞན་དག་གིས་ཀུན་སྤྱོད་ཐད་ནས་གནོད་འཚོ་སྤོངས་དགོས་ཟེར་ཡས་ཡོད། ཡིན་ནའང་། ཆོས་ལུགས་མང་ཆེ་བས་སོ་སོའི་ཆོས་ལུགས་ཀྱི་ཆོས་དེ་བྱེད་མཁན་གྱི་འགྲོ་བ་རིགས་སུ་བཅད་ཡོང་གི་ཡོད། ང་ཚོ་ནང་པ་སངས་རྒྱས་ཀྱི་ལྟ་བ་དེ་སེམས་ཅན་སྲོག་ཆགས་ཀྱི་རིགས་སུ་གྱུར་བ་མཐའ་དག་འདྲ་མཉམ་གྱི་ལྟ་བ་དེ་ཡོད་དུས་ཕན་གནོད་ཀྱི་བླང་དོར་བྱེད་ཚུལ་དམིགས་བསལ་ཞིག་རེད་ལ། ནང་པའི་ཆོས་ཀྱི་རྩ་དོན་ཡང་དེ་འདྲ་ཞིག་རེད། བྱས་ཙང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཀྱི་སྤྱོད་པ་འཚེ་བ་མེད་པ་གསུངས་དགོས་པའི་རྒྱུ་མཚན་ཡང་དེ་རེད། དེས་ན་ཁྱེད་རྣམས་པས་དེ་ལ་ཞིབ་འཇུག་ཏོག་ཙམ་གནང་དང་།

བོད་མི་རིགས་ཀྱི་བརྒྱུད་འཛིན་རྣམ་པས་ད་ལྟ་ནས་སྤྱོད་ཡོན་གཉིས་ཀར་འབད་པ་ཆེ་ཙམ་གནང་དགོས་ཚུལ།
སློབ་གྲྭ་བ་ཚོར་རིག་གནས་ཆུ་ཚད་ཡོད་པ་རེད་ལ་སློབ་སྦྱོང་ཡག་པོ་ཡོད་པ་རེད། དེ་གང་མིན་ཚད་ཡག་པོ་རེད། ངའི་རེ་བར་ད་ལྟ་ཁྱེད་རང་ཚོ་རྣམ་པ་དེ་བས་ཀྱང་རིག་གནས་སློབ་སྦྱོང་བྱ་དང་བྱེད་བཞིན་པའི་སྐབས་སོང་ཙང་། རིག་གནས་ཀྱི་ཆ་རྐྱེན་རྨང་གཞི་ཡག་པོ་ཡོད་དུས། ང་ཚོ་བོད་རིགས་ཚང་མས་ཕན་ཚུན་སྐད་ཆ་བཤད་རེས་བྱས། རིག་གནས་དེ་ཕར་ཚུར་སྤེལ་རེས་བྱས།དེ་དང་ཆབས་གཅིག་ལུས་ངག་གི་ཀུན་སྤྱོད་དེ་ང་རང་ཚོ་བོད་རིགས་ཟེར་དུས་དངོས་གནས་འདྲ་ས་མི་འདུག་ཟེར་ཡས་ཀྱི་ཀུན་སྤྱོད་ཡག་པོ་ཞིག་ལ་ད་ལྟ་ནས་སློབ་པ་གནང་རྒྱུ་བྱུང་ན། ཁྱེད་ཚོ་འདྲ་བ་མ་འོངས་པར་གཅིག་བྱས་ན་ས་གནས་རིམ་པ་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ཤ་སྟག་ཡིན་འགྲོ། དེ་ཆགས་དུས་ཙ་ན། སྐབས་དེ་དུས་ངོར་དགོན་པ་ལ་གཟིགས་སྐོར་ཕེབས་པ་ཟེར་དགོས་རེད། ཡང་ན་མཆོད་མཇལ་ཟེར་དགོས་རེད། སློབ་སྦྱོང་ཟེར་དགོས་པ་རེད། གང་ལྟར་འདིར་ཕེབས་ཡོང་དུས་ཙ་ན། སྔོན་མ་བླ་མས་དེ་འདྲ་ཞིག་ཟེར་གྱིས་འདུག དེ་ད་ལྟ་འཚོ་བ་དངོས་ལ་ཕན་པ་ཞིག་རེད་འདུག་ཨང་བསམ། དོན་དེ་དགུང་ལོ་ཡར་ལ་ཕེབས་དུས་ཏོག་ཙམ་ཧ་གོ་གི་རེད།

ནང་ཆོས་ཀྱིས་འདུལ་དགོས་ས་དེ་བདག་འཛིན་རེད།
ངས་ནམ་རྒྱུན་རྟག་པར་སྐུ་ཞབས་ཚོར་ཟེར་གྱི་ཡོད། གཅིག་གིས་འདྲ་མི་འདྲ་བྱས་གཉིས་ཀྱིས་འདྲ་མི་འདྲ་བྱས། གང་ཙམ་ན་མི་ཚང་མ་ཀུན་སྤྱོད་ཡག་པོ་མེད་པ། སྐྱག་རྫུན་བཤད་མཁན་།མགོ་སྐོར་གཏོང་མཁན། ཁ་བསླུས་རྒྱག་མཁན་ཁྱོན་གང་ལྟར་སྐད་ཆ་ཤོད་སྟངས་ཡིན་ནའང་མ་རབས་ཚ་པོ། སྤྱི་ཚོགས་ཀྱི་སྤྱི་པའི་ཐུན་མོང་གི་ལྟ་བ་མེད་མཁན། སྤྱི་སེམས་མེད་མཁན་གྱི་མི་དེ་འདྲ་ལ་གང་ཟེར་ན་རང་ཤེད་ཚ་པོ་ཞིག མིའི་རང་ཤེད་ཚ་པོ་ལ་ནང་པ་སངས་རྒྱས་པའི་ཆོས་ནང་ནས་བདག་འཛིན་ཟེར་ཡས་དེ་རེད། བདག་འཛིན་ཟེར་བའི་གོ་དོན་གསལ་པོར་བཤད་ན། དང་པོ་སོ་སོས་སོ་སོ་ལ་ང་ཨའུ་ཙི་ཡིན་བསམ་བསམ་དེ་ལ་བདག་འཛིན་ཟེར་གྱི་ཡོད། ང་ཡག་པོ་ཞིག་ཡིན།ང་ཨའུ་ཙི་ཡིན་བསམ་བསམ་དེ་ལ་བདག་འཛིན་ཟེར་གྱི་ཡོད། ང་ཨའུ་ཙི་ཡིན་བསམ་པའི་བསམ་བློ་དེ་ཡོད་ཚར་དུས། ཨ་ནེ། མི་ཞིག་གིས་རང་ཅི་མ་རེད། ཞེ་དྲག་ཅི་མ་རེད་དཱ་ཟེར་ནས་དམའ་འབེབས་བཏང་སོང་ན། ལམ་སེང་ཚིག་པ་ཟ་གི་རེད། དེ་བདག་འཛིན་ཁོས་རྐྱེན་བྱས་པ་རེད། གལ་སྲིད་བདག་འཛིན་ཁོ་མེད་ན་དེ་ལ་ཚིག་པ་ཟ་ཡས་ཡོད་པ་མ་རེད། འོ་དེ་འདྲ་རེད། དཔེ་ཆ་བཞག་ན། བདག་འཛིན་ལ་བརྟེན་ནས་ཉོན་མོངས་སྐྱེས་ཡོང་གི་ཡོད་པ་རེད་ཟེར་ཡས་དེ་ཚིག་པ་ཟ་ན་ཁོང་ཁྲོ་སྐྱེས་པ་རེད། གཉིས་པ་དེ་ང་མི་དང་མི་འདྲ་བ་ཞིག་བྱེད་དགོས། ང་རྩ་ཆེན་ཞིག་ཡིན། ང་རང་ང་རང་གིས་མཐོང་ཆེན་པོ་ཞིག་ཡིན།ས་སོས་སོ་སོར་མཐོང་ཆེན་པོ་བྱས་ཚར་དུས།མཐོང་ཆེན་པོས་སོ་སོ་རང་གི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེའི་ཆེད་དུ་དངུལ་བསག་ཡས། དེའི་ཆེད་དུ་མི་ལ་གནོད་པ་སྐྱེལ་ཡས། དེའི་ཆེད་དུ་རྐུན་མ་བརྐུ་ཡས། དེའི་ཆེད་དུ་ཇག་པ་རྒྱག་ཡས། དེའི་ཆེད་དུ་མགོ་སྐོར་བཏང་། ཁ་བསླུས་རྒྱག་ཡས་ཀྱི་ལས་ཀ་དེ་འདྲ་ཐོན་ཡོང་གི་ཡོད། དེ་ཐོན་ཡོང་དུས། ཡང་ཉོན་མོངས་པ་བརྣབ་སེམས། གནོད་སེམས་དེ་ཚོ་ཆ་ལ་ལངས་ཀྱི་ཡོད། བྱས་ཙང་བདག་འཛིན་ཟེར་ཡས་དེ་དེ་འདྲ་ཞིག་རེད། ད་བདག་འཛིན་སྤངས་དགོས་ཟེར་ཡས་དེ། གཙོ་ཆེ་ཤོས་དེ་ང་ཚོ་ནང་པའི་ཆོས་ཀྱི་ལྟ་བ་དེ་ལ་ཐོག་མར་བདག་འཛིན་ཟེར་ཡས་དེ་བསམ་བློ་དེ་ནས་ཕར་ཆུང་དུ་བཏང་ཡས་དེ་རེད། ང་ཚོ་ནང་པའི་ཆོས་ལག་ལེན་དངོས་སུ་བྱེད་མཁན་ཚོ་ཡང་དེ་གཏན་མེད་བཟོ་བ་དཀའ་ལས་ཁག་པོ་རེད། ང་ཚོས་རྒྱུན་དུ་སྒོམ་བརྒྱབ། ཞི་གནས་དང་ལྷག་མཐོང་སྒོམ་ནས་བདག་འཛིན་མར་ཆུང་དུ་གཏོང་ཡས་ཐབས་ཤེས་བྱས་ནས། ཉི་མ་རྟག་པར་ལག་ལེན་བྱས་ནའང་ད་དུང་དེ་དང་འཐབ་རྩོད་གླགས་ཁེལ་གྱི་ཡོད་པ་མ་རེད། ཡིན་ནའང་མར་ཏོག་ཙམ་ཆུང་དུ་འགྲོ་ཡི་ཡོད། ཆུང་དུ་འགྲོ་མ་ཐུབ་ན།ཆོས་ཟེར་ཡས་དེས་རང་གི་སེམས་ཀྱི་བདག་འཛིན་དེ་གཙོ་བོ་བྱས་པའི། རྒྱུ་དེ་ལ་བརྟེན་པའི་ཉོན་མོངས་པ་དེ་དག་མར་ཆུང་དུ་གཏོང་མ་ཐུབ་ན། ཆོས་ཀྱི་ནུས་པ་མ་ཐོན་པ་རེད། བྱས་ཙང་ཉོན་མོངས་པ་དེ་ཆུང་དུ་གཏོང་མ་ཐུབ་ན་སེམས་ཅན་ལ་གནོད་འཚེ་སྤོང་ཡས་དང་སེམས་ཅན་ལ་བྱམས་སེམས་བྱེད་ཡས།

སེམས་ཅན་ལ་ཕན་ཐོགས་ཡས་ཁྱོན་ནས་ཡོད་པ་མ་རེད།
ནང་ཆོས་ཀྱི་ནང་གཞན་ལ་གནོད་པ་བྱེད་དགོས་པའི་ཚིག་གཅིག་ཀྱང་མེད་པ་ངས་ཐག་བཅད་ནས་བཤད་ཐུབ། ཁྱོད་རྣམ་པས་ང་ཚོ་བོད་མི་རིགས་ཀྱི་རིག་གནས་ཀྱི་རྩ་བའི་རྨང་གཞི་ནང་པའི་ཆོས་ལ་ཞིབ་འཇུག་ཏོག་ཙམ་བྱོས་དང་།དེའི་ནང་ལོག་ལ་ངས་ཐག་བཅད་ནས་བཤད་ཐུབ་པ་ཞིག་ལ་སྒེར་སེམས་ཕུགས་སུ་བཞག་ནས།སེམས་ཅན་གཞན་ལ་གནོད་བསྐྱལ་དགོས་ཟེར་བའི་སྐད་ཆ་བཅོམ་ལྡན་འདས་ཀྱི་བསྟན་འགྱུར་དཔེ་ཆ་པོ་ཏི་བརྒྱའི་ནང་ཚིག་གཅིག་ཡོད་པ་མ་རེད། དེ་ངས་ཐག་བཅད་ནས་བཤད་ཐུབ་པ་ཞིག་རེད། གསུང་དེ་ཚང་མ་འགོ་ནས་མཐའ་བར་སོ་སོའི་ཉོན་མོངས་པ་དང་དབང་པོ་རྣོ་རྟུལ་གྱི་རྐྱེན་པས་ཉན་བདེ་ལོས་དང་གོ་བདེ་ལོས་ཏོག་ཙམ་ཡོད་ན་མ་གཏོགས། དེའི་ནང་དུ་མི་ལ་གནོད་སྐྱེལ་དགོས་རང་ལ་ཁེ་ཕན་བསྒྲུབ་དགོས་ཟེར་ཡས་ཚིག་གཅིག་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ཙ་ན། ནང་པའི་ཆོས་ཟེར་ཡས་ཀྱི་རྩ་དོན་དེ་འདྲ་རེད། བྱས་ཙང་ངས་ད་གིན་བཤད་པ་ནང་བཞིན། སེམས་ཅན་ལ་འཚེ་བ་སྤོང་བ་དེ་རེད། ད་འོ་ན་ནང་པའི་ཆོས་ནང་དུ་མཐུ་རྒྱག་ཡས་བཟོ་འདྲ་ཡོད་པ་མ་རེད་དམ་ཟེར་མཁན་ཁ་ཤས་འདུག་ལ། རྒྱ་མི་ཁ་ཤས་ཀྱིས་ཀྱང་མཐུ་རྒྱག་ཡས་དེ་ཚོ་གནོད་བསྐྱལ་བ་མ་རེད་པས་ཡང་ཟེར་གྱི་འདུག ཡིན་ནའི་ནང་པའི་ཆོས་ནང་གི་མཐུ་ཟེར་ཡས་དེ་བྱམས་སྙིང་རྗེ་གཞིར་བཞག་གི་མཐུ་རེད་མ་གཏོགས། བྱམས་སྙིང་རྗེ་མེད་པའི་མཐུ་རྒྱག་དགོས་ཟེར་ཡས་ཁྱོན་ནས་ཡོད་པ་མ་རེད། བྱས་ཙང་བྱམས་སྙིང་རྗེའི་མཐུ་གང་འདྲ་བྱས་ནས་རྒྱག་དགོས་རེད་ཟེར་ན། ཚིག་པ་མ་ཟ་ན་ཡང་ཚིག་པ་ཟ་ཁུལ་བྱས། དཔེར་ན། ཕ་མས་ཕྲུ་གུ་གཅུན་སྐབས། སེམས་གཏིང་ནས་འཁོན་འཛིན་དང་ཚིག་པ་ཤུགས་ཆེན་པོ་ཟ་ཡས་ཡོད་པ་མ་རེད། ཕྲུ་གུ་དེ་ཡག་པོ་བྱུང་རོགས་བྱས་ན་བསམ་ནས་ཕ་མས་རླུང་བསྟན་ཁུལ་བྱས་པ་རེད། འོ་དེ་འདྲ་གཅིག་གིས་ནང་པའི་མཐུ་རྒྱག་དུས་གཏོར་མ་རྫིག་པོ་བཟོས། མི་ལ་ཞེད་སྣང་སྐུལ། མེའི་ནང་བརྒྱབ་ཏེ། རྡོ་རྗེས་སྡིག་རྩུབ་བསྟན་ནས་ཞེད་སྣང་སྐུལ་ཡས་ཀྱི་བཟོ་འདྲ་པོ་དེ་འདྲ་ཡོད་པ་རེད། དེ་ག་རེ་བྱེད་ཀྱི་ཡོད་ཟེར་ན། ལས་ངན་པ་སྡིག་པ་གསོག་མཁན། སེམས་ཅན་མང་པོར་གནོད་སྐྱེལ་མཁན་དེ་ཚོར་འཇིགས་སྣང་སྐུལ་ཡས། དེས་གནོད་མང་པོ་མ་བྱེད་ཡས་ཆེད་དུ་རེད་མ་གཏོགས། སེམས་གཏིང་ནས་ཞེ་སྡང་བཞག་ནས་ངས་ཁོ་མེད་པ་བཟོ་དགོས་བསམ་པའི་སེམས་དེ་འཁྱེར་ཚེ། ནང་པའི་མཐུ་ཡོང་ཡས་ཡོད་པ་མ་རེད།ནང་པའི་མཐུ་ཟེར་ཡས་དེ་དོན་དུ་གནོད་པ་དེ་འདྲ་གཅིག་རྐྱང་ཡོད་པ་མ་རེད། གསང་སྔགས་ནང་དུའང་རྐང་གཅིག་ཡོད་པ་མ་རེད། ཚང་མ་བྱམས་སྙིང་རྗེ་གཞིར་བཞག་རེད།

མཇུག་གི་རེ་བ།
ཁྱེད་ཚོ་སློབ་གྲྭ་ཆེན་མོ་བ་ནང་བཞིན་སློབ་སྦྱོང་ཡོད་པ་དང་མཐོང་རྒྱ་ཐོས་རྒྱ་ཡོད་པ་དེ་ཚོ་དང་།ང་རང་ལུང་ཁུག་ཏུ་རྟག་པར་བསྡད་མཁན་འདྲ་གི་མ་རེད། དེ་ཁྱེད་ཚོས་ཧ་གོ་གི་རེད། རྦད་དེ་ཀུན་སྤྱོད་ཀྱི་ཚད་གཞི་ཁོ་རང་ནས་ཁག་ཁག་རེད།དཔེར་ན། དེང་སང་བལ་ཁུལ་གྱི་ཕར་ལོག་གི་འབྲུག་རྒྱལ་ཁབ་ཟེར་ཡས་དེ་འཛམ་བུ་གླིང་ལ་སྐད་གྲགས་ཡོད་པ་རེད། ཁོ་དཔལ་འབྱོར་དབུལ་པོ་རེད་ཀྱང་། ཁོའི་བསམ་བློའི་བདེ་སྐྱིད་ཀྱི་ཆུ་ཚད་དེ་མཐོ་པོ་རེད་ཟེར་ནས་འཛམ་བུ་གླིང་ལ་སྐད་གྲགས་ཡོད་པ་རེད། བྱས་ཙང་ང་ཚོ་བོད་རིགས་ཚང་མས་ཀུན་སྤྱོད་ཡག་པོ་དེ་འདྲ་བྱེད་རོགས་བྱས་ན། བོད་རིགས་ཟེར་ཡས་དེ་དངོས་གནས་རྒྱུ་ཆེན་པོ་བྱུང་ནའང་རེད། མ་བྱུང་ནའང་འདྲ་སྟེ་བདེ་སྐྱིད་དངོས་གནས་ཞིག་ཡོང་གི་རེད།རྒྱལ་ཁབ་སྟོབས་འབྱོར་ཆེན་པོ་སོང་ཙང་། ང་ཚོ་བོད་ཟེར་ཡས་དེ་ཡང་། ཕྱུག་པོ་ཆགས་འགྲོ་གི་རེད། དེ་གཅིག་རེད། དེ་དང་ཆབས་གཅིག་རིག་གནས་ཀྱི་ཆུ་ཚད་དང་ཀུན་སྤྱོད་ཀྱི་ཆུ་ཚད་དེ་མཐོ་རུ་མ་ཕྱིན་ན། ཨ་ནེ། དཔལ་འབྱོར་ཡོད་ནའང་ཁྱོན་ནས་ཡོང་གི་མ་རེད། དེ་འདྲ་བྱས་ན་མི་རིགས་གཞན་དག་དང་རྒྱལ་ཁབ་གཞན་དག་ཅིག་གིས་བལྟ་དུས། བོད་པ་ཟེར་ཡས་དེ་དངོས་གནས་དྲང་གནས་གང་འདྲ་རེད། ནང་ཆོས་དར་ནས་ཡུན་རིང་པོ་ཕྱིན་པ་རེད། ཕ་མ་དང་མེས་པོ་དེ་ཚོ་ཚང་མ་ནང་པའི་ཆོས་ལ་ཡིད་ཆེས་དང་ཞིབ་འཇུག་བྱེད་མཁན་ཤ་སྟག་རེད་ཀྱང་། ད་ལྟའི་མི་དེ་ཚོར་དེའི་རིག་གནས་ཀྱི་ཤུལ་མ་བསྒོས་པའི་བཟོ་འདྲ། ཁྱད་མཚར་པོ་ཞིག་འདུག་བསམ་ནས།མི་རིགས་གཞན་དག་གི་སེམས་ནང་དུའང་གཅིག་བསམ་འགྲོ་ཡི་རེད། བྱས་ཙང་མཇུག་ཏུ་ངས་རེ་བ་འདོན་ཡས་ལ་ཁྱེད་རྣམ་པས་ནང་པའི་ཆོས་དེ་བྱམས་སྙིང་རྗེ་རྩ་བ་ཞིག་རེད། འཚེ་བ་མེད་པ་ནང་པའི་ཆོས་ཀྱི་རྩ་དོན་རེད། དེའི་ཐོག་ལ་བྱམས་སྙིང་རྗེ་བྱས་ནས་སེམས་ཅན་ལ་ཕན་ཐོགས་ན་ནང་པའི་ཆོས་ཀྱི་སྙིང་དོན་ཡིན་དུས་ཙ་ན། དེ་གང་གི་སེམས་ནང་དུ་ཏོག་ཙམ་ཡོད་སོང་ན། མིའི་རིགས་ཀྱི་ཀུན་སྤྱོད་དེ་ཡར་ཆུ་ཚད་མཐོ་རུ་འགྲོ་ཡི་ཡོད་པ་སོགས་གོང་དུ་ཞུས་པ་རྣམས་ཐུགས་ངེས་གནང་རོགས། ཁྱོད་ཚོ་ཚང་མ་སློབ་གྲྭ་ཆེན་མོ་བ་དང་། མ་འོངས་པའི་ང་རང་ཚོ་བོད་མི་རིགས་ཀྱི་བརྒྱུད་པ་འཛིན་མཁན། བོད་མི་རིགས་ཀྱི་རེ་བ་བཅོལ་ས་དེ་འདྲ་སོང་ཙང་། ངས་ལྷག་བསམ་རྣམ་དག་གིས་ཁྱོད་ཚོར་རེ་བ་དེ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །
དམ་པ་ཁོང་གི་གསུང་ལ་དད་པ་ཐོབ་ནས་རྗེས་སུ་འཇུག་པའི་སློབ་བུ་བསྟན་འཛིན་བསམ་གྲུབ་ཀྱིས་ངོར་བཤད་གྲྭའི་མཁན་པོ་ཐུབ་བསྟན་རྒྱལ་མཚན་མཆོག་དང་སྐུ་ཞབས་མིག་དམར་རྒྱལ་པོ་ལགས་ཀྱི་སྐུ་དྲིན་འོག་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཡི་གེར་ཕབ། དེ་ལས་བྱུང་བའི་དགེ་བའི་ཚོགས་རྣམས་ཀྱི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་གནས་ནས་བྲལ་བར་གྱུར་ཅིག །སྤྱི་ལོ༢༠༡༥ལོའི་ཟླ༩པའི་ཚེས༢༨ཉིན་དགེའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*