མ་གཅིག་དཔལ་ལྡན་ལྷ་མོའི་ཚེས་གཏོར་དང་འབྲེལ་བའི་གཏམ།

རྩོམ་པ་པོ། འབའ་པ་མཁན་པོ་འཆི་མེད་ཚེ་རིང་།

བསྟན་བཤིག་དམ་ཉམས་ཚོགས་ཀྱི་མགོ་ནས་མནོན།།
བསྟན་འཛིན་སྐྱེས་བུའི་ཚོགས་ཀུན་ཚུལ་བཞིན་བསྐྱངས།།
བསྟན་དང་འགྲོ་ལ་འཕྲིན་ལས་མྱུར་མཛད་མ།།
བསྟན་སྲུང་དཔལ་གྱི་ལྷ་མོར་གུས་པས་བཏུད།།

གཡས་གཡོན་ཕྱག་ན་ཐོད་ཁྲག་བེ་ཅོན་བསྣམས།།
རས་ལྡེའི་སྟོད་གཡོགས་རིན་ཆེན་དོ་ཤལ་འཕྱང་།།
ས་བཅུའི་གནས་གཤེགས་དཔལ་ལྡན་དམག་ཟོར་མས།།
དུས་ཀུན་བདག་སོགས་སྐྱོངས་ཤིག་མ་གཡེངས་ཀྱེ།།

ཞེས་སོགས་མཆོད་པར་བརྗོད་པ་དང་འཕྲིན་ལས་སྐུལ་བ་སྔོན་དུ་བཏང་ནས་སྐབས་བབ་གང་ཞིག་གླེང་བར་བྱ་བ་ནི་དེ་ཡང་ང་ཚོའི་མིག་སྔར་མཐོང་ཆོས་དང་ད་ལྟ་ཕྱག་ལེན་དུ་འཇུག་བཞིན་པ་ལོ་གསར་ཚེས་གཅིག་གི་དཔལ་ལྡན་ལྷ་མོར་ཟབ་མཆོད་ཚེས་གཏོར་གྱི་བྱུང་བ་མདོར་ཙམ་བརྗོད་པར་བྱ་བ་ལ།

༡༽བོད་ཀྱི་ལོ་གསར་སྐོར།དེ་ཡང་རང་རེ་བོད་ཁུལ་དུ་ལོ་གསར་གཏོང་སྲོལ་དེ་ཡང་ལུགས་མི་འདྲ་བ་འགའ་ཞིག་ཡོད་དེ།

1:གཞུང་འབྲེལ་ལམ་རྒྱལ་པོའི་ལུགས་ཀྱི་ལོ་གསར་དང་།མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ནང་རིག་གནས་དང་།ཆོས་ལུགས།ཡུལ་སྲོལ།འཚོ་བ་བཅས་འཕེལ་འགྱུར་བྱུང་བ་དང་དུས་མཉམ་དུ་ལོ་གསར་གཏོང་སྲོལ་མི་འདྲ་བ་བྱུང་བ་དཔེར་ན།རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་སྟེ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་ལོའི་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཁ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་།དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་བྱུང་བ་དེ་ནི་བོད་ཀྱི་ལོ་གསར་གཏོང་སྲོལ་ཐོག་མ་དེ་ཡིན།ཕྱོགས་མཚུངས་སྐབས་དེར་བོན་ཆོས་དར་ཁྱབ་ཆེ་བས་རིམ་བཞིན་ཕ་མེས་ཀྱི་དུར་ལྷ་གསོལ་བ་དང་།ཕོ་ལྷ།མོ་ལྷ།སྐྱེས་ལྷ།ཡུལ་ལྷ།ཁྱིམ་ལྷ།དགྲ་ལྷ་སོགས་གསོལ་བ།དར་ལྕོག་འཛུགས་པ།ལྷ་མཆོད་ཀླུ་མཆོད་བྱེད་པ།དེ་སྔོན་བོད་སྲིད་གཞུང་གི་སྟོན་ཆེན་གཏོང་བའི་སྐབས་ནང་འཛུགས་ཞེས་ར་ལུག་དང་།འབྲི་གཡག་གི་ཤ་བུབས་སྒྲིག་གཤོམ་བྱེད་སྲོལ་ཡོད་པ་དང་། ཁྱིམ་ཚང་སོ་སོས་ལོ་གསར་གཏོང་སྐབས་ལུག་མགོ་སྒྲིག་གཤོམ་བྱེད་པ་སོགས་བོན་གྱི་ལམ་སྲོལ་རྒྱ་ཆེར་དར་བ་བཤད།ཡང་འགའ་ཞིག་གིས་ལུག་མགོའི་མཆོད་པ་བཤམས་པ་དེ་ནི།གཡང་དཀར་ལུག་ཅེས་ཆགས་པའི་རྟེན་འབྲེལ་དང་།ཡང་ལ་ལས་ལུག་མགོ་དེ་ལུས་ཀྱི་ཆ་ཤས་ཀྱི་མཆོག་ཡིན་པས་འབྲོག་པའི་ཐོན་ཁུངས་མཚོན་དོན་དང་ལེགས་པའི་དོན་ནོ།།དེ་རྗེས་ལོ་གསར་གྱི་དུས་ཚིགས་གང་ལ་འཛིན་པའི་གནད་དོན་ནི་འབྱུང་རྩིས་ཀྱི་གཙུག་ལག་ནས་བྱུང་བའི་དཔྱིད་ཟླ་ར་བའི་ཟླ་བར་ལོ་འགོ་འཛིན་པའི་ཚེས་གཅིག་བོད་ཟླ་དང་པོའི་ཚེས་གཅིག་བཅས་གང་རུང་ལ་ངོས་འཛིན་ཚུལ་མི་འདྲ་བ་བྱུང་ཡོད་པ་དེའང་སྔར་བོད་རྗེ་སྲོང་བཙན་སྒམ་པོའི་དུས་རྒྱ་བཟའ་ཀོང་ཇོའི་རྒྱ་རྩིས་རྙིང་མའི་ལུགས་ལ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ལོ་འགོ་འཛིན་པ་དང་།དེ་ནས་མེ་ཕག་ལོ་སྟེ་སྤྱི་ལོ་༡༢༢༧ལོར་ཧོར་ཇིང་གེར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་རྗེས་རྒྱ་ནག་གི་ཧོང་ལི་དང་།བོད་ཟླ་དང་པོ་མཐུན་པར་བརྟེན་ཧོར་ལུགས་ལྟར་བོད་ཟླ་དང་པོར་ཧོར་ཟླ་དང་པོ་ཞེས་པའི་ཐ་སྙད་བཏགས།སྐབས་དེར་ས་སྐྱའི་ལེ་ཐོ་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་ལ་རྒྱལ་པོ་ལོ་གསར་ཞེས་པའི་སྲོལ་དར་བ་དེ་དག་བོད་ཁྲི་སྐོར་བཅུ་གསུམ་དུ་གཏོགས་པ་ཚང་མས་ལོ་གསར་གཏོང་སྲོལ་ཡོད་པ་སོགས་ཀྱི་འཕེལ་རིམ་བྱུང་ཡོད།གངས་ལྗོངས་སུ་ལོ་འཁོར་མོ་གཅིག་གི་ནང་དུ་དུས་སྟོན་སྣ་ཚོགས་གཏོང་སྲོལ་ཡོད་པ་ལས་དེ་དག་གི་ནང་ནས་གནམ་ལོ་གསར་དུ་བཞད་པའི་བོད་ཀྱི་ལོ་གསར་ནི་ཆེས་རྒྱས་ཤོས་དང་ཆེས་སྔ་ཤོས་ཤིག་ཡིན་པར་མངོན།ཡིན་ནའང་རྗེས་སུ་ཡུལ་གྲུ་སོ་སོའི་གནམ་གཤིས་དང་ས་བབས་ཆོས་ལུགས།གོམས་སྲོལ་མི་འདྲ་བའི་དབང་གིས་ལོ་གསར་གཏོང་སྲོལ་ཐད་ལ་དུས་སྔ་ཕྱི་རིམ་པ་གསུམ་བཞི་ཙམ་བྱུང་ནས་ཡུལ་ལུང་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པ་རེད།བོད་དབུས་ཁུལ་ས་ཆ་ཕལ་མོ་ཆེར་བོད་ཟླ་དང་པོའི་ཚེས་གཅིག་ལ་རྒྱལ་པོ་ལོ་གསར་གཏོང་གི་ཡོད་པ་བཅས་ཡིན།།དེ་ཡང་ཚེས་གཅིག་ལ་གཞུང་གི་དཔོན་རིགས་ཚོས་རྒྱལ་དབང་མཆོག་གིས་དབུས་གདན་ས་ཁག་གི་མཁན་པོ་ལས་སྣེ་ཚོར་ལེགས་མཚོན་མཇལ་དར་སྒྲོན་འབུལ་དང་གསོལ་སྟོན་ཟབ་རྒྱས་འདེགས་འབུལ་དང་སྦྲགས་གདན་སའི་དགེ་བཤེས་ཚོས་གྲྭ་སྐོར་ཚོགས་ལངས་བརྒལ་རྟགས་སོགས་ཞུ་སྒོ་ཁག་ཡིན་པས་བླ་མའི་ལོ་གསར་དང་།ཚེས་གཉིས་ལ་གཞུང་གི་བཀའ་བློན་ལས་སྣེ་དཔོན་རིགས་ཚོའི་གཞུང་འབྲེལ་གྱི་མཛད་སྒོ་དངོས་གཞི་ཡིན་པས་དེ་སྔོན་བོད་འདི་རྒྱལ་པོའི་ལམ་ལུགས་སུ་ཡོད་པས་རྒྱལ་པོའི་ལོ་གསར།ཚེས་གསུམ་ལ་ཡུལ་ལྷ་གཞི་བདག་རྣམས་ལ་བསངས་གསོལ་དང་ཆོས་སྐྱོང་ཁག་ལ་འཕྲིན་བསྐུལ་དང་འབྲེལ་རྟ་རྒྱུག་སོགས་ཀྱི་དུས་ཚིགས་ཡིན་པས་ཆོས་སྐྱོང་ལོ་གསར་བཅས་བཏགས་པ་ཡིན་ནོ།།

2:སོ་ནམ་ཞིང་པའི་ལོ་གསར།དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལོ་གསར་འགོ་འཛིན་པ་ནི་སོ་ནམ་ལོ་གསར་དང་དུས་མཉམ།དེ་ཡང་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་དེར་གཙང་ཁུལ་སོགས་སུ་སོ་ནམ་པའི་ལོ་གསར་གཏོང་སྲོལ་ཡོད།དེའི་རྒྱུ་མཚན་གཙོ་བོ་ནི་གཙང་ཁུལ་ཞིང་ལ་ཀྱི་དུས་ཚིགས་དང་བསྟུན་པས་སོ་ནམ་ལོ་གསར་ཞེས་བྱ།སྤྱིར་ན་ལོ་གསར་ཤར་ཉེའི་མཚམས་སུ་ཁྱིམ་ཚང་སོ་སོའི་ནང་མི་རྒན་གཞོན་ཚང་མས་རང་གི་འཇོན་ཚོད་ཀྱི་ལོ་གསར་གྲ་སྒྲིག་བྱེད་པའི་ལས་ལ་གཞོལ་བ་དཔེར་ན།སྤོ་བོ་དང་རྨོ་བོ་ཚོས་གྲོ་སོ་ཕྱེ་མར་དང་།གྲོ་མ་འབྲས་སིལ།ལོ་ཕུད།ཆང་ཕུད།ཟས་རིགས་སྣ་འཛོམས་ཀྱི་སྡེར་ཁ།ལུག་མགོ།མཆོད་ཡོན་ཞལ་ཟས།ཁ་ཟས།ཤིང་འབྲས་སྣ་ཚོགས་བྱུར་ཁེངས་ཀྱི་སྡེར་མ།གཞན་ཡང་ཡུལ་ཐོན་ཟས་རིགས་ཐོན་ཁུངས་སྣ་ཚོགས་མཆོད་གཤོམ་མདུན་དུ་སྒྲིག་གཤོམ་བྱེད་པ།ཕ་མ་སོགས་ཀྱིས་ཟས་རིགས་སྣ་ཚོགས་གཡོ་སྐོལ་བྱེད་པའི་ལས་ལ་བྲེལ་བ།ན་གཞོན་ཕོ་མོ་ཚོས་ཁང་པའི་མདོ་སྦུག་རྣམས་བྱི་དོར་ལེགས་པར་བྱེད་པ་དང་།ཐབ་ཚང་གི་གྱང་ལྡེབས་སུ་གྲོ་ཕྱེས་ཡས་སྒྲོན་གྱི་རི་མོ་བཀྲ་ཤིས་རྟགས་བརྒྱད་སོགས་རྟགས་དང་རྟེན་འབྲེལ་མཚོན་པའི་རི་མོ་སྣ་ཚོགས་བྲིས་པ།ལྷག་པར་བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་རྩ་དགུ་ཉིན་ལུག་མགོ་བསྲེགས་པ་དང་ལུག་མགོར་དུང་དཀར་རྒྱས་སྤྲོས་བྱེད་པ་སོགས་བཟའ་བཅའི་རིགས་མ་ཚང་བ་མེད་པ་གྲ་སྒྲིག་འཁོས་བསྟུན་གྱིས་བྱས་ཤིང་དགོང་མོ་དགུ་ཐུག་བག་ཚ་བཟོ་བ་དང་འཆར་ལོའི་རྟེན་འབྲེལ་བརྟག་ཕྱིར་ཚྭ་དང་།བལ།ཤོག་བུ།སོལ་བ།རྡོ་དཀར་གོང་སོགས་རྫས་སྣ་ཚོགས་དང་།ཉི་མ།ཟླ་བ།གདན་ཆུང་།གཟེ་མ་ར་མགོབསྟན་སྐྱོང་སོགས་གཟུགས་སྣ་ཚོགས་ཐུག་པའི་ནང་བཏབ་ནས་ཐུག་པ་འཐུང་བའི་སྐབས་སུ་མི་སུ་ལ་གང་ཞིག་དོན་ན་དེས་མི་དེའི་ལོ་གསར་པའི་ནང་རྟགས་དང་རྟེན་འབྲེལ་མཚོན་པར་བྱེད།དེ་ནས་ཐུག་པ་འཐུང་འཕྲོ་ནས་གླུ་ཀོང་དུ་བླུགས་ཏེ་ངན་དོགས་རྣམས་གླུད་དུ་བརྫངས་པ་དང་།འདྲེ་རྡོ་དཀྱུར་བ།ལྷ་རྡོ་གདན་འདྲེན་པ།མེར་མཆོངས།ཆོས་དཀྲུབ།ཤོག་སྦག་སྤར་བ་སོགས་འུར་ཟིང་ཤིན་ཏུ་ཆེ།དེ་ནས་བཞུགས་གྲལ་དུ་འཁོད་རྗེས་ལྗགས་བཞུར་བཅས་ཕུལ་ནས་དགུ་གསོལ་བྱེད་པ་སོགས་ཡིན།ཚེས་སུམ་ཅུ་ཉིན་དགུ་ཐུག་ནང་ནས་རྫས་དང་གཟུགས་རིས་མི་འདྲ་བ་གང་ཞིག་དོན་མིན་གྱི་ཕན་ཚུན་སྐད་ཆ་ཤོད་རེས་ཀྱི་དགོད་སྒྲས་ཁེངས་བཞིན་ཀ་བ་དང་མཆོད་གཤོམ།ཆུ་ཟངས།ཆུ་བན་སོགས་ལ་ཁ་བཏགས་སམ་བལ་ཚང་མ་སྐྲ་འཁྲུ་བ་དང་རང་རང་གི་རྒྱན་གོས་གྲ་སྒྲིག་པ།ཚེས་གཅིག་གི་ཐོ་རེངས་སྔ་པོར་ལངས་ཏེ་ཆུ་ཕུད་ལེན་རྒྱུར་འགྲན་གྱི་ཡོད་ཅིང་སུས་ཆུ་ཕུད་ལེན་ཐུབ་ན་བཀྲ་ཤིས་པར་བརྩི་སྲོལ་འདུགནམ་མ་ལངས་གོང་ནས་ཁྱིམ་དེའི་མི་ཞིག་སྔོན་ལ་ལངས་ནས་ཆང་སྐོལ་བསྐོལ་ཏེ་ནང་མི་གཞན་གྱི་མལ་སར་ཆང་སྐོལ་ཕུལ་བ་དང་།དེ་ནས་ཉི་མ་མ་ཤར་གོང་ནས་ནང་མི་ཚང་མ་ཡར་ལངས་ནས་རྒྱན་གོས་ལེགས་པར་བཀླུབས་ཏེ་གོ་རིམ་མ་འཆོལ་བར་བཞུགས་གྲལ་ལ་འཁོད།གཞོན་པ་ཚོས་གྲོ་སོ་ཕྱེ་མར་དང་གྲོ་མ་འབྲས་སིལ་ཆང་ཕུད་སོགས་རིམ་པར་བསྟར་ཏེ་གཏམ་གྱི་དང་པོར་བཀྲ་ཤིསབདེ་ལེགས་ཞེས་བཀྲ་ཤིས་སྔ་ལྟས་ཀྱི་རྟེན་འབྲེལ་གཟབ་རྒྱས་བསྒྲིགས།གང་འཚམས་ནས་གྲོ་ཐུག་དང་ཇ་སྲུབ་མ་དཀར་སྤྲོ་ལུག་མགོ་སོགས་རོ་བཅུད་ལྡན་པའི་ཟ་འཐུང་ལ་ཅི་འདོད་ལྟར་ལོངས་སུ་སྤྱོད་ཅིང་དེ་ཉིན་རང་ཁྱིམ་སོ་སོར་སྤྲོ་སྐྱིད་གཏོང་བ་ལས་ཕན་ཚུན་མགྲོན་སྐྱིད་བྱེད་སྲོལ་མེད་ལ་གྲ་འགྲིག་པའི་གཏམ་སོགས་གླེང་བ་ལས་གྲ་མ་འགྲིག་པའི་གཏམ་དང་ཁ་རྩོད་རྒྱག་པ་སོགས་ཚུལ་མིན་གྱི་བྱ་སྤྱོད་གཏམ་གསུམ་གང་ཅིར་འཛེམས་ཆ་བྱེད་པ་བཅས་མདོར་ན་ལོ་གསར་པའི་ནང་བཀྲ་ཤིས་བདེ་ལེགས་ཀྱི་ཆེད་དུ་གང་ཡང་ཕུན་སུམ་ཚོགས་པོ་དགོས།ཚེས་གཉིས་ཉིན་དགའ་ཉེ་བློ་དཀར་དང་།གྲོང་པ་ཁྱིམ་མཚེས་ཕན་ཚུན་མགྲོན་བྱེད།ཚེས་གསུམ་ཉིན་གྱི་ཞོགས་པ་སྔ་པོར་ཁྱིམ་ཚང་རེ་ནས་ན་གཞོན་ཕོ་མོ་སུ་བྱུང་རེ་རི་མགོ་མཐོ་སར་བསང་གཏོང་བ་དང་།དར་ལྕོག་འཛུགས་པར་འགྲོ་བ།ཡུལ་ལྷ་གཞི་བདག་དང་།ཁྱིམ་ཚང་སོ་སོའི་ལྷ་རྟེན་ལའང་དར་ལྕོག་བཙུགས་ཏེ་བཀྲ་ཤིས་ལྷ་རྒྱལ་གཏོང་སྲོལ་ཡོད་ཅིང་།ཉིན་ལྔ་དྲུག་ཙམ་གྱི་ནང་མི་ཚང་མ་དགའ་སྐྱིད་ངང་དུས་འདའ་བ་ཡིན།འདི་ལྟར་སོ་ནམ་པའི་ལོ་གསར་གཏོང་སྲོལ་འདི་ཉིད་དེང་གི་ཆར་ཨ་མདོའི་ལོ་གསར་དང་རྒྱའི་ལོ་གསར་ཞེས་བརྗོད་པ་དང་།རྒྱ་གར་ན་ཧི་མ་ཅལ་མངའ་ཁོངས་སུ་ལ་དྭགས་དང་སྤྱི་ཏི།ཁུ་ནུ་སོགས་སུའང་ལོ་གསར་འདི་ཉིད་གཏོང་སྲོལ་ཡོད་པ་འདྲ་སྟེ་ལོ་བསྟར་དུས་ཚིགས་གཅིག་མཚུངས་སུ་འཁེལ་བ་འདྲ་སྣང་བས་དཔྱད་གཞིའོ།།

3:ཀོང་པོའི་ལོ་གསར།ཀོང་པོ་ཁུལ་དུ་སྔོན་མ་ནས་བོད་ཁུལ་གཞན་དང་འདྲ་བར་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་གསར་གཏོང་གི་ཡོད་མོད།འོན་ཀྱང་སྤྱི་ལོའི་དུས་རབས་བདུན་པའི་ཐུ་བྷོད་ཀྱི་དུས་སྐབས་སུ་ཉིང་ཁྲིར་བྱང་ཕྱོགས་སུ་ཧོར་གྱི་བཙན་འཛུལ་བྱུང་སྟེ་ལོ་དེའི་སྟོན་མཇུག་ཏུ། ཀོང་པོའི་དཔོན་ཨ་སྐྱིད་རྒྱལ་པོས་ཀོང་པོའི་སྐྱེས་པ་རྣམས་ཁྲིད་དེ་དམག་ལ་ཆས་དགོས་ཤིང་།གནད་དོན་དེ་དང་ལོ་གསར་གཉིས་ཐག་མི་རིང་བས་མི་རྣམས་ཁྱིམ་དང་བྲལ་འདོད་མེད་པས་རྐྱེན།ཨ་སྐྱིད་རྒྱལ་པོ་ཁོང་ནི་དུང་སེམས་དང་ལ་རྒྱ་ཡོད་པའི་སྣེ་འཁྲིད་པ་ཞིག་ཡིན་པས་ཁོང་གིས་དམག་དེ་ནི་མི་རྒྱག་དཀའ་མེད་རེད།ལོ་གསར་ཡང་མི་གཏོང་ཐབས་མེད་ཡིན་པས།ལོ་གསར་མ་གཏང་ཚེ་དམག་མི་རྣམས་དམག་རྒྱག་རྒྱུའི་བསམ་བློ་ཡེ་ནས་མེད་པས་ཀོང་པོའི་ལོ་གསར་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་གཏོང་རྒྱུ་གཞུང་ས་མཆོག་ལ་བཀའ་འཁྲོལ་དང་གཏན་འཁེལ་བྱ་རྒྱུ་བྱས།དེ་ནས་ང་ཚོས་བཟའ་བཏུང་ཡིད་ཚིམ་པ་རེ་བྱས་ནས་དམག་རྒྱག་པར་བསྐྱོད་ཆོག་ཅེས་ཐག་བཅད་པ་ཡིན་ཟེར།དེས་ན་ཁོ་ཚོས་ལོ་གསར་སྔོན་ལ་བཏང་ནས་དམག་ལ་ཐོན་ཞིང་མཐའ་མའི་རྒྱལ་ཁའང་ཐོབ་པས།དུས་དེ་ནས་བཟུང་ཀོང་པོའི་ལོ་གསར་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་གཏོང་བའི་གོམས་སྲོལ་འདི་ད་ལྟའི་བར་དུ་རྒྱུན་འབྱམས་སུ་གནས་མུས་ཡིན་ནོ།།

4:ལུང་ཚན་བྱེ་བྲག་པའི་ལོ་གསར།གོང་དུ་ཀོང་པོའི་ལོ་གསར་གཏོང་སྲོལ་དང་དུས་མཚུངས་སྨར་ཁམས་ཁུལ་དུ་ལུང་ཚན་བྱེ་བྲག་པ་”བྱིས་གྲོང་”སོགས་གྲོང་ཚོ་འགའ་ནའང་འདུག་པས་གྲོང་ཚོ་དེ་དག་དང་ཀོང་པོའི་བར་དམག་དོན་དང་ཡང་ན་ཀོང་པོ་ནས་མར་གྱེས་པ་སོགས་ཀྱི་འདྲ་འབྲེལ་ཡོད་སྲིད་པའང་སྣང་བས་དཔྱད་གཞིར་སྣང་།

༢༽དཔལ་ལྡན་ལྷ་མོའི་བྱུང་བ།དཔལ་ལྡན་ལྷ་མོ་ ShriDevi དབྱངས་ཅན་མ་དྲག་ཏུ་ཁྲོས་པའི་ཆོས་སྐྱོང་ཁྱད་དུ་འཕགས་པ་དཔལ་ལྡན་ལྷ་མོ་ནི་སངས་རྒྱས་འོད་སྲུང་གི་སྐུ་དུས་ནས་བྱུང་བའི་སྲུང་མ་ཞིག་ཡིན་ལ།སྤྱིར་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ཡིན་ནའང་བསྟན་པ་སྲུང་བའི་ཕྱིར་ཤིན་ཏུ་འཇིགས་པའི་སྲུང་མའི་རྣམ་པ་བཟུང་བ་ཞིག་ཡིན།

དཔལ་ལྡན་ལྷ་མོའི་སྐུ་མདོག་སྔོན་ཞིང་ཞལ་གཅིག་ཕྱག་གཉིས་དང་ལྡན་པ།ཆིབས་དྲེལ་རག་དམར་གྱི་སྟེང་དུ་འཕུར་ཞིང་བགྲོད་པ་དང་།མཐའ་འཁོར་དུ་མེ་དཔུང་དང་རླུང་འཚུབ་འཁྲིགས་པ།ཕྱག་གཡས་པས་བེ་ཅོན་དང་གཡོན་པས་ཁྲག་གིས་བཀང་བའི་ཀ་པཱ་ལ་བསྣམས་ཡོད།མི་མགོ་སྐམ་པོའི་དབུ་རྒྱན་དང་ཟླ་བ་དང་རྨ་བྱའི་གདུགས་དང་ཕྱག་རྒྱ་ལྔ་དང་དུག་སྤྲུལ་དང་སྟག་ལྤགས་སོགས་ཀྱིས་བརྒྱན་པ།ཕྱི་ཤ་ལ་མཚོན་གྱི་གྲུ་གུ་དང་བཙན་གྱི་ཤོ་རྡེལ་དཀར་ནག་བཏགས་པའོ།།སྲུང་མ་འདི་ཉིད་ངེས་པར་དོན་དུ་རྒྱལ་བ་རྡོ་རྗེ་འཆང་གི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།འཇིགས་བྱེད་ཀྱི་ཡུམ་རྡོ་རྗེ་རོ་ལངས་མ།རྗེ་བཙུན་སྒྲོལ་མ་དཀར་ལྗང་དམར་སེར་དང་འཕགས་མ་དབྱངས་ཅན་མ་སོགས་དང་ངོ་བོ་གཅིག་ལ།འདིའི་འཁོར་དུ་གཙོ་བོར་བཀའ་གདམས་སྒྲོལ་མ་བཅུ་གཉིས་དང་བསྟན་མ་བཅུ་གཉིས་དང་བཅས་པ་ཡོད།འདིའི་གདམས་པ་རྒྱལ་བོ་རྡོ་རྗེ་འཆང་གིས་བྲམ་ཟེ་ས་ར་ཧ་ལ་གནང་ཞིང་།ཕ་དམ་པ་སངས་རྒྱས་ཀྱིས་བོད་ཡུལ་ལ་སྤྱན་དྲངས།དེའི་ཕྱིས་སུ་ཆོས་སྐོར་གྱི་འཕྲིན་ལས་རྒྱས་པ་བྱུང་བས་རིམ་གྱིས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྲུང་མའི་གཙོ་བོར་གྱུར་བ་ཞིག་ཡིན།
༣༽དེ་ཡང་རྒྱལ་མཆོག་སྐུ་ཕྲེང་གཉིས་པ་རྒྱལ་དབང་དགེ་འདུན་རྒྱ་མཚོས་ལྷ་མོའི་བླ་མཚོ་གནས་སྒོ་འབྱེད་པ་དང་ཚེས་གཏོར་ཟབ་གསོལ།ཕྱི་ལོ་༡༥༠༩ ལོར་ལྷོ་ཁ་དག་པོ་ཁུལ་དུ་རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ཆིབས་ཞལ་བསྒྱུར་ཞིང་སྐབས་དེར་ཆོས་རྒྱལ་ཨ་མོ་འགས་སྦྱིན་བདག་མཛད་ནས་མངའ་བདག་རྒྱས་གསུམ་གྱི་ནང་ཚན་ཆོས་འཁོར་རྒྱས་ཀྱི་གཙུག་ལག་ཁང་གསར་དུ་བཞེངས་ཤིང་།
ཕྱི་ལོ་༡༥༡༢ལོའི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་དེར་རྒྱལ་དབང་དགེ་འདུན་རྒྱ་མཚོས་ལྷ་མོའི་བླ་མཚོའི་གནས་སྒོ་ཕྱེས་ཏེ་དཔལ་ལྡན་ལྷ་མོར་ཟབ་གསོལ་ཆོ་ག་བཏང་པ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་ན་རིམ་དང་དཔལ་ལྡན་ལྷ་མོའི་བར་ཐུན་མོང་མ་ཡིན་པའི་འབྲེལ་ལམ་བཙུགས་ཤིང་།དུས་ད་ལྟའི་བར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་གཙོས་དཔལ་ལྷ་མོ་བསྟེན་གསོལ་བྱེད་མཁན་ཕལ་མོ་ཆེས་ཟླ་ངོ་རེར་ཟླ་བསྐང་དང་ལོ་གསར་ཚེས་པ་གཅིག་ཉིན་གྱི་སྔ་དྲོར་ཚེས་གཏོར་ཟབ་གསོལ་གྱི་ཆོ་ག་བཅས་རྒྱུན་མ་ཆད་པ་གནང་སྲོལ་དེ་དར་བས་ན་ཚེས་གཏོར་ཞེས་ཡོངས་སུ་གྲགས་པ་ཡིན་ནོ།།

དེས་ན་རང་རེ་དཔལ་འབྲས་སྤུངས་གོ་བོ་ཁམས་ཚན་ནས་ཀྱང་ཐུན་མོང་མ་ཡིན་པའི་བསྟན་སྲུང་མ་གཅིག་དཔལ་ལྡན་ལྷ་མོ་འདི་ཉིད་ཡིན་པས་རྒྱལ་མཆོག་དགེ་འདུན་རྒྱ་མཚོ་གང་གིས་སྲོལ་གཏོད་གནང་མཛད་པའི་ཚེས་གཏོར་ཟབ་གསོལ་གྱི་ཆོ་ག་འདི་ཉིད་མི་ཐོག་མི་བརྒྱུད་ཀྱིས་ལོ་བསྟར་ཆད་མེད་ཐོག་ལོ་གསར་ཚེས་གཅིག་གི་སྔ་དྲོ་ཆུ་ཚོད་གཉིས་པ་ཡས་མས་ནས་ཁམས་ཚན་གྱི་གྲྭ་རིགས་རྒན་གཞོན་ཡོད་ཚད་ངུར་སྨྲིག་ཟབ་འཆོར་སྤྲས་ཏེ་རྒྱལ་དབང་མཆོག་གི་བཞུགས་ཁྲི་དང་མ་གཅིག་དཔལ་ལྷ་མོའི་སྐུ་ཐང་གིས་གཙོས་རྟེན་གཙོ་ཁག་ལ་སྙན་ཤལ་ཨ་ཤེ་སྒྲོན་འབུལ་གྲུབ་མཚམས་རྔ་སྦུག་རོལ་མོའི་སྙན་པའི་སྒྲ་དབྱངས་དང་བཅས་ལོ་གསར་གྱི་ཟབ་གསོལ་ཚེས་གཏོར་ཆེན་མོ་ཚོགས་སྲོལ་དེ་དར་བ་ཡིན་ནོ།།

࿌ཚེས་གཏོར་གྱི་གྲུབ་ཆ་ནི།སྒྲོམ་གཞི་ཙནྡན་དང་ཤུག་པ་སོགས་རྒྱུ་སྤུས་གཙང་པའི་ཤིང་དང་མར་རྩམ་ལ་མར་ཚོན་གྱི་དཔལ་ལྡན་ལྷ་མོའི་སྐུའི་སྣང་བརྙན་ནམ་ཡང་ན་“བྷྱོཾ༔”ཞེས་པའི་དཔལ་ལྡན་ལྷ་མོའི་ས་བོན་སོགས་ཡིད་དུ་འོང་བའི་མཆོད་པའི་རི་མོ་སྣ་ཚོགས་མར་ཚོན་གྱི་བརྒྱན་པ།འོ་ན་ད་ལྟའི་བར་དཔལ་ལྡན་ལྷ་མོར་ཚེས་གཏོར་ཟབ་གསོལ་ཆོ་ག་ཕུལ་ནས་མི་ལོ་ཇི་ཙམ་ཞིག་སོང་ཡོད་དམ་ཞེ་ན་དེ་ནི་ཕལ་ཆེར་མི་ལོ་༥༠༦ཙམ་སོང་ཡོད་པར་སྣང་ངོ་།།ཞེས་པ་འདིའང་འབྱུང་འགྱུར་དཔལ་ལྡན་ལྷ་མོ་དང་ལྷ་མོའི་ཚེས་གཏོར་སོགས་ཀྱི་དགོས་དམིགས་མཁྱེན་འདོད་ཅན་ཚོའི་ཐུགས་རེ་ཅུང་ཟད་རེ་བསྐང་ཐུབ་པའི་རེ་ཞགས་བཅས་ཏེ་ཕྲན་དགུན་འབྲུབ་ཚང་འཆི་མེད་ཚེ་རིང་པས་༢༠༡༨ལོར་ཕྱོགས་བཏུས་བསྡུ་བསྒྲིགས་བྱས་པ་འདིས་ཀུན་ལ་ཕན་པར་གྱུར་ཅིག་གུ། ༢༠༡༨/༡/༣༠བཟང་པོ་ལ།

འདིར་ཆད་ལྷག་ནོར་སོགས་ཅིས་ཀྱང་ཡོད་ངེས་པས་དགོངས་འཆར་བཀའ་སློབ་ལྷུག་སྩོལ་ཡོང་བར་ཞུ།

ཡོངས་ཁུངས་འབའ་པའི་བོད་ཡིག་འཕྲིན་སྟེགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*