ཇོ་བོ་ཤཱཀྱ་མུ་ནེའི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ་རིག་པའི་རྡོ་རྗེ།

ཇོ་བོ་ཤཱཀྱ་མུ་ནེ་ཁོང་ནི་ས་ཕོ་སྤྲེལ་ལོར་སྟོན་པ་དགོངས་ལོ་ཞེ་གཅིག་ཏུ་ཕེབས་སྐབས་སུམ་ཅུ་རྩ་གསུམ་དུ་ཟླ་བ་གསུམ་དུ་དབྱར་གནས་པར་བཞུགས་མཛད་པས་དེའི་ཚེ་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་སྦྱིན་བདག་མཛད་དེ་ལྷ་ཡི་རིན་པོ་ཆེ་རྣམ་པ་བཅུ་སོགས་ལས་གྲུབ་པའི་རྒྱུ་ཆ་སྟོན་པར་ཕུལ་ནས་སྟོན་པས་དེ་ཉིད་འཇིག་རྟེན་མི་ཡུལ་དུ་གདན་ཞུས་མཛད་པས་བཟོ་ཡི་རྒྱལ་པོ་བི་ཤྭ་ཀརྨས་དེ་ཉིད་དགུང་ལོ་བཅུ་གཉིས་པ་ཙམ་གྱི་སྐུར་བཞེངས་གནང་། སྐུ་རྟེན་འདི་ཉིད་ལྷ་ཡུལ་དང་རྒྱ་གར་ཨུ་རྒྱན་གྱི་ཡུལ་སོགས་ལ་ལོ་མང་དུ་བཞུགས་མཛད་ཅིང་སྟོན་པ་ཐུབ་པའི་དབང་པོ་ཁོང་གིས་སྐུ་འདི་ཉིད་ལ་རབ་གནས་ཀྱང་དངོས་སུ་མཛད། དེ་ནས་རིམ་བཞིན་རྒྱ་གར་གྱི་རྒྱལ་པོ་དྷརྨ་པ་ལས་རྒྱ་ནག་གི་རྒྱལ་པོ་སྲི་ཏ་བི་ཛ་ཡར་ལེགས་སྐྱེས་སུ་བསྐུར་བས་རྒྱ་ནག་ཏུ་ལོ་ལྔ་བརྒྱ་ཙམ་དུ་བཞུགས་མཛད་ལ་སྲོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་མནའ་མར་བསུས་པས་སྤྱི་ལོ་༦༣༦-ཙམ་གྱི་ལོ་ལ་རྒྱ་བཟའ་ཀོང་ཇོས་ཤིང་རྟའི་ཐོག་ཏུ་ཇོ་བོའི་སྐུ་འདི་བོད་དུ་སྤྱན་དྲངས་མཛད་ཅིང་རྒྱ་ཡུལ་ནས་ཤིང་བཟོ་དང་ལྷ་བཟོ་སོགས་མང་པོ་བོས་ནས་ར་མོ་ཆེའི་གཙུག་ལག་ཁང་གསར་བཞེངས་མཛད་ཅིང་ལྷ་ཁང་དེ་ཉིད་ཀྱི་སྒོ་ཤར་དུ་བསྟན་ནས་ནང་དུ་སྐུ་རྟེན་ལ་ཇོ་བོ་ཤཱཀྱ་མུ་ནེ་ཁོང་བཞག་མཛད། དེ་ནས་བོད་རྒྱལ་མོང་སྲོང་མང་བཙན་གྱི་སྐུ་དུས་སུ་རྒྱ་ནག་བོད་ལ་འདྲེན་ཟེར་བས་དམག་ཡོང་བར་དོགས་ནས་ཇོ་བོ་ཁོང་ར་མོ་ཆེ་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལྷོ་སྒོར་དུ་གདན་ཞུས་མཛད་དེ་སྒོ་ཁང་ནང་དུ་མི་མངོན་པར་སྦས་ཏེ་རྒྱ་རབས་གསུམ་གྱི་རིང་ལ་སྐུ་མི་མཐོང་བར་མཛད། དེ་ནས་རིམ་བཞིན་བོད་རྒྱལ་ཁྲི་གཙུག་བརྟན་མེས་ཨག་ཚོམ་དུ་གྲགས་པ་དེས་ལྗོངས་མོ་ཁྲི་བཙུན་མ་བླངས་དེ་ལ་སྲས་ལྗོངས་ཚ་ལྷ་དབོན་ཞེས་པ་ཞིག་འཁྲུངས་པས་དེ་ལ་རྒྱ་ནག་གི་རྒྱལ་པོ་ཛུང་ཛུང་རྒྱལ་པོའི་བུ་མོ་ཀྱིམ་ཤིང་ཀོང་ཇོ་བག་མར་བསུས་འོན་ཀྱང་རྒྱ་བུ་དེ་རྒྱ་མོ་ཀོང་ཇོ་མ་དེ་རྒྱ་བོད་གཉིས་ཀྱི་ས་མཚམས་ཙམ་དུ་བསླེབས་སྐབས་རྟས་བསྐྱུར་ཏེ་གྲོངས་རྒྱ་མོ་བོད་དུ་བསླེབས་ནས་ར་མོ་ཆེར་ཕྱིན་པས་དེར་ཇོ་བོ་མ་བཞུགས་པར་གཟིགས་ཏེ་འཕྲུལ་སྣང་གཙུག་ལག་ཁང་དུ་ཕྱིན་སྟེ་ཇོ་ཁང་ལྷོ་ཡི་སྒོ་ཁང་ནས་ཇོ་བོ་བཏོན་ཏེ་ར་ས་འཕྲུལ་སྣང་གི་གཙང་ཁང་དབུས་མར་བཞུགས་གསོལ་མཛད་དེ་ཞལ་མཇལ་དང་མཆོད་འབུལ་སོགས་བྱས་དེ་ནས་རིམ་བཞིན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་དེར་ཆོས་རྒྱལ་ཁོང་དགོངས་ལོ་ཆུང་ཞིང་ནར་མ་སོན་པས་དེ་སྐབས་བདུད་བློན་མ་ཞང་ཁྲོན་པ་སྐྱེས་དང་ཅོ་རོ་སྐྱེས་པ་རྒྱལ་སོང་གསུམ་གྱིས་སངས་རྒྱས་ཀྱི་བསྟན་ལ་གནོད་པ་མང་དུ་བྱས་ཏེ་མི་སུམ་བརྒྱར་ཇོ་བོ་རྒྱ་ཡུལ་སྐྱེལ་དུ་བཅུག་པར་བརྩམས་པས་མ་ཐེག་སྟེ་བྱེ་ཕུང་དུ་ཇོ་བོ་སྦས་པས་བློན་ཆེན་ཅོ་རོ་ཟེར་བ་དེ་ཉིད་ལུས་སྐམ་ནས་ཤི་སྟེ་འདི་ལྷ་སྦས་པས་ལན་ཟེར་ནས་བྱེ་ཕུང་ནས་ཇོ་བོའི་སྐུ་བཏོན་ཏེ་དྲེའུ་གཉིས་ཀྱིས་བཏེགས་ནས་ཤཱཀྱ་མུ་ནེ་ཁོང་སྐྱིད་གྲོང་དུ་བསྐྱལ་ཏེ་ལོ་བཅུ་སུམ་ཙམ་དུ་སྐྱིད་གྲོང་དུ་བཞུགས་དེ་ནས་ཆོས་རྒྱལ་སྐུ་ནར་སོན་པས་བདུད་བློན་སྟག་ར་ཀླུ་གོང་སོགས་ཡུལ་ཕྱོགས་གཞན་དུ་བསྐྲད་ནས་མང་ཡུལ་སྐྱིད་གྲོང་ནས་ཇོ་བོ་ཤཱཀྱ་མུ་ནེ་ཤིང་རྟའི་ཐོག་ཏུ་གདན་དྲངས་ཏེ་རོལ་མོ་སོགས་བསམ་གྱིས་ཁྱབ་པའི་བསུ་བ་མཛད་གནང་བའི་ཇོ་བོ་ནི་དེང་སང་གི་གཙུག་ཁང་ན་བཞུགས་བཞིན ་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདི་ཉིད་ལགས་སོ། རིག་པའི་རྡོ་རྗེ་ནས་བོད་ཟླ་༡༡-པའི་ཚེས་༢༨-ཉིན་གྱི་ཞོགས་པར་བྲིས་སོ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*