ངོར་དཔོན་སློབ་དྲུག་ཅུའི་སྒྲུབ་མཆོད་ཆེན་མོ།

ཁ་རྩང་དེ་རིང་དཔལ་ལྡན་ས་སྐྱ་པ་ངོར་ཨེ་ཝཾ་ཆོས་སྡེ་གདན་ཆེན་མོའི་དཔོན་སློབ་དྲུག་ཅུ་ཞེས་པའི་སྒྲུབ་མཆོད་ཆེན་མོ་ཚོགས་དང་འཚོགས་མུས་རེད།   དེ་ཡང་དཔལ་ལྡན་ས་སྐྱ་ངོར་ཨེ་ཝཾ་པའི་ལོ་རྒྱུས་ཐོག་གི་དཔོན་སློབ་དྲུག་ཅུ་ཞེས་པ་འདི་ནི་ཡི་དམ་དཔལ་རྡོ་རྗེ་འཇིགས་བྱེད་ལ་བསྟེན་པའི་སྒྲུབ་ཐབས་ཀྱི་ཐོག་ནས་གཏོར་འཕེན་གནང་ཚུལ་ཞིག་ཡིན་པ་དང་། སྒྲུབ་མཆོད་འདི་ནི་ངོར་ལུགས་ཐུན་མིན་གྱི་གདངས་དབྱངས་དང་། རྔ་རོལ། མཉམ་སྒྲོག་དུང་དང་རྒྱ་གླིང་། མདོར་ན་འབུད་རྡུང་དཀྲོལ་གསུམ་ཆ་ཚང་ངོར་ལུགས་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་ལ། མཐུ་སྔགས་ཀྱི་ནུས་པ་ལ་བརྟེན་ནས་ཕ་རོལ་པོ་འཇོམས་པར་བྱེད་པའི་གཏོར་མའི་སྒྱུ་རྩལ་སོགས་ངོར་ལུགས་ཐུན་མིན་ཡིན་ཞིག དེ་བཞིན་སློབ་དཔོན་གྱིས་ཡི་དམ་ལྷ་དང་ཉེ་བར་འགྲོགས་པའི་བསྙེན་པ་ཁ་སྣོན་གཏོང་བ་དང་། དཔོན་སློབ་མཆོག་ལོ་ལྟར་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་སྔོན་འགྲོ་སྐུ་མཚམས་རྒྱ་བཅད་ཐོག་ཏུ་བཞུགས་གནང་བ་སོགས་མདོར་ན་བླ་མ་གོང་མའི་ཕྱག་བཞེས་མ་ཉམས་པར་རྒྱུན་འཛིན་གྱི་སྒོ་ནས་སྔར་སྲོལ་བཟང་པོ་ཇི་ཡོད་གང་དེ་བུམ་པ་གང་བྱོ་ལྟར་ཚོགས་པའི་དུས་ཚོད་ནི་ལོ་རེའི་བོད་ཟླ་བཅུ་གཉིས་པའི་ནང་གི་ཚེས་ཉེར་གསུམ་ནས་ཉེར་དགུ་བར་དུས་ཡུན་ཉིན་བདུན་འཚོགས་གནང་བ་དང་། ཉིན་རྗེས་མ་དེར་དངོས་སུ་དཔོན་སློབ་སྐུ་འཁོར་དང་བཅས་པས་འཕེན་གཏོར་གནང་བ་དང་། དགེ་རྩ་རྫོགས་བྱང་དུ་བསྔོ་བའི་སྐྱབས་འཇུག་གནང་སྲོལ་ལྟར་ད་ལྟའི་བར་དུ་ཕྱག་སྲོལ་གནང་མུས་མཆིས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*