རྐང་གླིང་།

༡ ངོ་སྤྲོད།
རྐང་གླིང་ལ་དུང་དཀར་ཚིག་མཛོད་ལས། དཔའ་བོ་དམག་ཐོག་ཏུ་ཤི་བའམ། སྐྱེས་པའམ་བུད་མེད་གཙང་མ་རང་བཞིན་གྱིས་ཤི་བའི་རྐང་རུས་ལསབཟོས་པའི་གླིང་བུ་སྟེ། རྐང་གླིང་བཟོ་རྒྱུའི་ཆེད་དུ་མི་བསད་ནས་བཟོས་པའི་ལུགས་སྲོལ་དེ་འདྲ་ནང་བསྟན་ཆོས་ལུགས་ལ་གཏན་ནས་མེད། ཞེས་གསུངས་པ་དང་། ཚིག་མཛོད་ཆེན་མོ་ལས། སྔགས་ཀྱི་མཆོད་རྫས་བྱེ་བྲག་མིའི་བརླ་རྐང་རུས་ཀྱི་གླིང་བུ། ཞེས་གསུངས་པའི་ཕྱིར།
འདི་ལ་སྔགས་འཆང་རྒྱན་གྱི་མེ་ཏོག་ལས། རྐང་གླིང་ནི། སྤྱིར་མི་རྐང་གི་གླིང་བུ་ཞེས་པ་ཙམ་ནི་རྒྱུད་རྒྱ་གཞུང་ཀུན་ནས་འབྱུང་ཞིང་ཁུངས་ཡང་ཆེ་མོད། གཞན་དུ་སྐྱེས་པ་དར་མ་གྲིར་ཤི་བའི་བརླ་གཡོན་པ་རྐྱང་ཕྲ་བའི་ཕྱོགས་ནས་སོར་བཅུ་གཉིས་ཀྱི་ཚད་བཅད་པ་ནི་དུང་ཆེན་གྱི་གླིང་བུའམ། གསང་བའི་གླིང་བུ་སྟེ་མཁའ་འགྲོ་འབོད་པའི་རྟེན་དང་། བུད་མེད་དར་མ་གྲིར་ཤི་བའི་རྐང་ནི་དཔའ་བོ་འབོད་པའི་རྟེན་སོགས་དང་། འདི་དག་ལ་འབོད་ཚིག་སོ་སོར་ཡོད་པར་གྲགས་ལ་གཞན་དུ་ནི་དེང་སྐབས་སུ་བོད་ཡུལ་སོགས་སུ་ནི་རྐང་གླིང་གི་རྒྱུ་ལ་ཨ་ཙ་ར་ཤི་བའི་རྐང་དེ་ཕྲ་ལ་རིང་བ་སྐད་ལེགས་པར་འོང་འདུག་ཅེས་ཨ་ཙ་རའི་རྐང་ལ་རྐང་གླིང་བྱས་པ་ཕལ་ཆེར་རྟོགས་ལྡན་ཚོས་ཀྱང་དེ་འདྲ་ཐོགས་པ་མང་ལ་གཅོད་ཡུལ་སོགས་སུ་རྐང་བཅད་ལུགས་དང་རུས་པ་ལ་གད་དར་དང་རྟེན་འབྲེལ་བྱ་ལུགས་སོགས་རྒྱས་པར་གྲགས་ཤེས་འདོད་རྣམས་ཀྱིས་དེར་གཟིགས་མཛོད། ཁམས་ཕྱོགས་འདིར་ཐུན་དུང་ཞེས་གྲྭ་ས་རྣམས་ལ་ཐུན་ཚད་ལ་རྐང་དུང་འབུད་པའི་ཕྱག་སྲོལ་སྣང་བ་ལ་ནི་རྐང་ངམ་གཞན་ཤིང་དུང་རྭ་དུང་སོགས་ཀྱིས་ཆོག་པར་མངོན་ལ། རྭ་དུང་ལའང་ཁྲི་གཉན་རྭ་དུང་སོགས་འབྱོར་ན་ནི་ཤིན་ཏུ་རང་ལེགས་ཏེ། རྒྱུ་མཚན་རི་དྭགས་འདི་སྔོན་བྱང་ཆུབ་སེམས་དཔའ་གང་ཞིག་སྟོང་ཉིད་ཀྱིས་རྩིས་མ་ཟིན་པས་སྙིང་རྗེ་ཁ་སྐྱེང་དུ་གོལ་བས་ཕྱི་མ་འདིར་སྐྱེས་པ་ཡིན་ལ། རི་དྭགས་ཕལ་པའི་རྭ་དང་ལར་འདྲ་བར་མ་བཤད་ཀྱང་རྭ་དུང་འདིའི་སྐད་ཐོས་པས་སེམས་ལ་སྙིང་རྗེ་སྐྱེ་བར་བཤད་དེ། སྔོན་དགེ་བསྙེན་པོ་ཏོ་བ་སོགས་བཀའ་གདམས་པའི་དགེ་བཤེས་མང་པོས་བསྣམས་ཞིང་ཕྱིས་སུའང་རྩེ་ལེ་སྣ་ཚོགས་རང་གྲོལ་སོགས་ཀྱིས་རྔོན་པ་དང་ཉ་པ་སོགས་ལིང་ལ་འོང་སྐབས་ཁོང་གི་ཁྲི་གཉན་རྭ་དུང་བུས་པས་རྔོན་པའི་ཁྱི་ཡིས་རི་དྭགས་མི་གསོད་པ་དང་། ཉ་པས་ཉ་མི་གསོད་པ་སོགས་ངེས་ཤེས་འདྲོངས་པ་བྱུང་ཞེས་གསུངས་སོ། །

༢ འབུད་ཚུལ།
རྐང་གླིང་འབུད་ཚིག་ཐད་གཅོད་རྐང་ལ་དམིགས་བསལ་གྱི་འབུད་ཚིག་ཇི་འདྲ་ཡོད་མིན་མ་ཤེས་ནའང་། དགོན་སྡེ་སོ་སོའི་ཆོ་གའི་སྐབས་གཏོང་བའི་རྐང་གླིང་ལ་རང་རང་སོ་སོའི་ཕྱག་བཞེས་རྩ་ཚིག་འདྲ་མིན་ཡོད་པ་སྟེ། དཔེར་ན། དགེ་ལུགས་ལས་ཀུན་བདེ་གླིང་དགོན་ལ་ནི། བསྐང་གསོའི་སྐབས་སུམ་རྡུང་ཡིན་ཛག་རིང་ཛག་ཐུང་དང་། མགོན་པོ་ཞལ་གྱི་བསྐང་གསོའི་སྐབས་མ་ཧཱ་ཀཱ་ལ། ལྕམ་སྲིང་གི་བསྐང་གསོར་རྟ་སྐད། ལིངྒ་བསྒྲལ་ཆོག་དང་གཏོར་རྒྱག་སྐབས་སྣོལ་རྐང་བཅས་འབོད་ཚིག་སྣ་ཚོགས་ཡོད་ལ། དེ་བཞིན་སྐྱ་དགོན་ལ་ཡང་བསུ་རིང་བསུ་ཐུང་དང་། རཀྟ་དམར་ཆེམ་མ། རྐང་གླིང་སྙན་པའི་རོལ་མོའི་སྒྲ། སྤྱང་ཀིའི་ངུར་སྐད་སོགས་སྣ་ཚོགས་པ་ཞིག་ཡོད་པ་བཅས་སོ། །
ཐུན་དུང་གི་འབུད་ཚུལ་ནི་བཀའ་བརྒྱུད་པ་རྣམས་དགུ་འབུད་ཟེར་བ་བདེ་མཆོག་རྩ་སྔགས་ཡི་གེ་བདུན་མའི་བརྡའ་ཚིག་ཏུ་གྲགས་ལ་གཞན་རྙིང་ལུགས་ལ་ཁམས་ཀཿཐོག་གི་བླ་མ་དམ་གཙང་བྱམས་གསུམ་སོགས་ཀྱི་ཕྱག་སྲོལ་ལ། ཐོག་མར་མཆོད་མཆོད་ཅེས་རིང་ཐུང་གཉིས། བླ་མ་བླ་མ་ཞེས་རིང་པོ་གཉིས། བླ་མ་མཁྱེན་མཁྱེན་མཁྱེན་མཁྱེན། ཞེས་རིང་ལ་ལྡེམ་འགྱུར་ཅན། ཕཊ་ཕཊཿཞེས་རིང་ལ་རྗེས་མ་རྦད་ཀྱིས་བཅད་པ་དང་། གོང་མ་རྣམས་འགོ་རྐེད་ཤེད་ཆེ་ལ་མཇུག་ནར་གྱི་བཞག་པ་བླ་མ་དྲན་པའི་གདུང་ཤུགས་བསྐྱེད་པ་སྟེ་འདི་འབུད་མཁས་པ་བྱུང་ན་སྣང་བ་འགྱུར་ཐུབ་པ་འདུག་ཅེས་ཀོང་པོ་རྫོགས་ཆེན་པ་སོགས་ཀྱིས་གསུང་ཞིང་དེ་ནི་ཐུན་དུང་འབུད་ལྟ་ཁོ་ནའོ། །གཞན་ཆོས་སྐྱོང་སྤྱན་འདྲེན་བྱིན་འབེབས་སོགས་དང་ལས་ཁ་ཚར་རྣམས་སུའང་གྲྭ་པ་རྣམ་དག་རྣམས་ལ་ནི་སོ་སོའི་ཕྱག་སྲོལ་ཚད་ལྡན་རེ་བཞུགས་མོད། དེ་མིན་དེང་སང་སྙིགས་དུས་ཀྱི་སྔགས་བཙུན་གྱི་གཟུགས་བརྙན་པ་རྣམས་ཅི་བྱེད་ཇི་ཡོད་ཀྱི་ཕལ་ཆེར་ཅལ་སྒྲོག་རྗེས་རྒྱུག་ཁོ་ན་མང་ངོ་། །ཞེས་གསུངས་པའི་ཕྱིར་དང་། ཡང་ན་སྔགས་ཆས་རྣམ་བཤད་ལས། མི་རྐང་གླིང་བུ་ནི། སྐྱེས་པ་དང་བུད་མེད་དར་མ་གྲི་རུ་ཤི་བའི་བརླའི་རུས་པ་དཔྱི་དང་འབྲེལ་མཚམས་ཀྱི་ལྷུ་མགོ་རིལ་བོ་གཉིས་བཅད་པའི་ལྷག་མས་བཟོས་པ་ཞིག་སྟེ། པུས་མོའི་ཚིགས་དང་འབྲེལ་བའི་རུས་རིལ་མཐོ་དམའ་གཉིས་ཡོད་པ་དེ་གཉིས་ཀྱི་སྟེང་ནས་བུ་ག་བཟོས་ནས་བར་དུ་ཞིང་ལྤགས་ལ་རྩི་དམར་པོས་བྱུགས་པས་གཡོགས་ཤིང་སོར་བཅུ་གཉིས་ཙམ་ཡོད་པ་བྱའོ། །དེང་སང་གཅོད་ཡུལ་བརྒྱུད་པ་དག་གིས་འཆང་ཞིང་གཏོང་པར་བྱེད་འདུག་མོད། སྤྱིར་བཏང་གསང་སྔགས་བླ་མེད་ཀྱི་སྒྲུབ་པ་ཀུན་ལ་དགོས་ཤིང་སྐྱེས་པའི་རྐང་གླིང་མ་མོ་མཁའ་འགྲོ་འབོད་པའི་རྫས་དང་། བུད་མེད་ཀྱི་རྐང་གླིང་དཔའ་བོ་འབོད་པའི་རྫས་ཡིན་པར་བཤད། ཁ་ཅིག་བླ་མ་བྱམས་སེམས་ཅན་དང་། གྲུབ་ཐོབ་དང་། མཁའ་འགྲོ་མ་དང་། བུད་མེད་སྙིང་རྗེ་ཅན་གྱི་རྐང་པ་བཟང་པར་ཡང་བཤད་དོ། །འབུད་ཚུལ་དང་རྐང་གླིང་བཅོས་ཚུལ་ཡང་ཤིན་ཏུ་མང་བས་གཞན་ནས་ཤེས་པར་བྱའོ། །རྐང་གླིང་གི་ཁུངས་ནི་ཡོད་དེ། རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། བརླ་ཡི་རྐང་ལ་འབུད་པའི་དུང་། །ལྕང་ལོ་མཚན་དང་ལྡན་པ་ལ། །མ་མོ་མཁའ་འགྲོའི་རྟེན་དུ་བཅང་། །ཞེས་དང་། བདུད་རྩི་བམ་བརྒྱད་ལས། རྐང་གི་གླིང་བུ་འབུད་ཅིང་ཀུ་ཤའི་གླུ་བླང་། ཞེས་དང་། རོ་ལངས་གསང་བའི་དཀའ་འགྲེལ་ལས། རྐང་ཆེན་ལ་སོགས་གླིང་བུ་འབུད་པར་བྱ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས།
དཔྱད་གཞིའི་ཡིག་ཆ།
༡ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི 《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ༼ཏ༽》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོའི་ཟླ5པར་པར་ཐེངས་དང་པོ། ཤོག་ངོས707-819ན་གསལ།
༢ ཨོ་རྒྱན་བརྩོན་འགྲུས་ཀྱིས་བརྩམས་པའི 《གསང་སྔགས་རྡོ་རྗེ་ཐེག་པའི་ཆས་གོས་ཡོ་བྱད་ཀྱི་རྣམ་བཞག》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་ཐེངས་དང་པོ།
༣ ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པའི་《བོད་རྒྱ་ཚིག་མཛོད་ཆེན་མོ་》 མི་རིགས་དཔེ་སྐྲུན་ཁང་། 1986ལོའི་ཟླ10པར་པར་ཐེངས་གཉིས་པ། ཤོག་ངོས88ན་གསལ།
༤ དགྲ་ལྷ་ཟླ་བ་བཟང་པོའི་ 《ཆེད་རྩོམ་ཕྱོགས་བསྒྲིགས་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2003ལོའི་ཟླ་དྲུག་པའི་དཔར་ཐེངས་དང་པོ། ཤོག་ངོས92-99ན་གསལ།
༥ ཡོང་ཁུངས། ཡོངས་འཛིན།
༦ གསར་སྤེལ་མཁན། ལོ་མི་ཆུང་།

སྤེན་ནག་ཚང་འཕྲིན་སྟེགས་ལས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*