མཁན་པོ་ཆོས་ཀྱི་ཉི་མ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

མ་དགོན་བཤད་གྲྭའི་མཁན་ཐོག་དྲུག་པ་མཁན་པོ་ཆོས་ཀྱི་ཉི་མ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

 

ཕྱི་ནང་ཤེས་བྱའི་གནས་ཀུན་བྱང་ཆུབ་པ། །ཉག་ཕྲའི་སྐབས་འདིར་བླ་མའི་བཀའ་བཞིན་དུ། །

གདན་ས་འཛིན་ཅིང་བསྟན་པ་སྐྱོང་བཞིན་པ། །མཁན་ཆེན་ཆོས་ཀྱི་ཉི་མའི་ཞབས་ལ་བསྟོད།།

མཁན་ཆེན་ཆོས་ཀྱི་ཉི་མ་ལགས་ནི། བོད་ཤར་ཕྱོགས་ཏྲེ་ཤོད་གངས་རིའི་ཕྲེང་བས་བསྐོར་བའི་ཡུལ། ཁམས་དཀར་མཛེས་ཀྱི་ཤར་ངོས་གཞི་བདག་ཁ་བ་ལམ་རིའི་ཉེ་འདབ་ཁུང་རུང་ཞེས་པའི་གྲོང་ཚོ་ཞིག་གི་ནང་ཁུང་རུང་ཚང་ཡབ་ཀུན་དགའ་བསོད་ནམས་དང་ཡུམ་ལྷ་མོ་དབྱངས་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༧༤ ལོར་སྐུ་འཁྲུངས། ༡༩༩༠ ལོར་ཡུལ་དེར་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པའི་བཀྲ་ཤིས་མཁའ་ནང་དགོན་གྱི་ནང་དུ་ཆོས་སྒོ་ཞུགས་ཏེ་ངོར་པའི་ཕྱག་ལེན་སོགས་གང་འཚམ་སྦྱངས། ༡༩༩༣ ལོར་རྒྱ་གར་དུ་ཕེབས་ཏེ་༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱིས་རྗེས་སུ་བཟུང་ནས་ ༡༩༩༤ ལོར་དཔལ་ས་སྐྱའི་མ་དགོན་བཤད་གྲྭར་སློབ་ཞུགས་གནང་སྟེ་ ༢༠༠༣ ལོར་སློབ་དཔོན་ཐོན། དེ་དག་གི་སྐབས་སུ་ ༸སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་ལས་ལམ་འབྲས་ཚོགས་བཤད་དང་སློབ་བཤད། སྒྲུབ་ཐབས་ཀུན་བཏུས་སོགས་དང་། གཞན་ཡང་བླ་མ་མཁས་གྲུབ་དུ་མར་བསྟེན་ནས་གསན་བསམ་མཛད། ༡༩༩༩ ལོ་ནས་༢༠༠༢ བར་མ་དགོན་བཤད་གྲྭའི་ནང་དུ་སྐྱོར་དཔོན་དང་། དེ་རྗེས་ལོ་གཉིས་རིང་དགེ་རྒན་གྱི་ཕྱག་ལས་གནང་། ༢༠༠༤ ལོར་༸སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་མ་དགོན་བཤད་གྲྭའི་མཁན་པོའི་མཚན་གསོལ། དེ་ནས་ད་ལྟའི་བར་མ་དགོན་གྱི་མཁན་པོའི་ཐུགས་འགན་བཞེས་ཏེ་དཔེ་ཁྲིད་ཀྱི་རྒྱུན་སྐྱོངས་བཞིན་པ་ལགས་སོ།། །།

ཉེར་ལྔའི་དུས་དྲན་བརྙན་དེབ་ཞེས་པ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*