གངྒཱའི་གླུ།

གངྒཱའི་གླུ།

རྩོམ་པ་པོ། ཨ་འདུས།  

རྒྱ་གར་ཇི་ལྟར་བཙོག་ན་ཡང་།།
ཁྱོད་རང་ནམ་ཡང་རུལ་མ་མྱོང་།།
དབུགས་ཀྱི་རྒྱུ་བ་རེ་རེ་ཡང་།།
རྒྱ་གར་བ་ཡི་ཆེད་དུ་བཞུར།།
ཧིན་རྡུའི་ཆོས་དེ་ཁྱོད་ལས་བྱུང་།།
དད་པ་ཡང་ཁྱོད་ཀྱི་སྲོག་དང་འདྲེས།།
ནམ་ཞིག་ཁྱོད་རང་མེད་གྱུར་ན།།
རྒྱ་གར་འཚོ་ཡང་སྲིད་མ་ཡིན།།
ལྷ་ཆེན་གཙུག་ནས་འཁྲུངས་ན་ཡང་།།
ཁྱོད་རང་ཨུ་མའི་རྐང་གདུབ་གྱུར།།
བྲམ་ཟེ་དག་ནི་སྙེམས་ཆེ་ཡང་།།
ཁྱོད་དང་ཕྲད་ན་མགོ་བོ་སྨད།།
གངྒཱ་ང་ཚོའི་མ་འོ་ཞེས།།
རྒྱ་གར་བ་དག་བསྟོད་གླུ་ལེན།།
མེ་ཏོག་མར་མེའི་ཕྲེང་བ་དག།
ཁྱོད་ཉིད་མཛེས་པའི་རྒྱན་དུ་བཏགས།།
བགྲང་ཡས་མི་རོའི་ཐལ་བ་དང་།།
གྲོང་ཁྱེར་ནང་གི་བཙོག་ཆུ་དག།
ཀུན་གྱིས་ཁྱོད་ལ་བཏབ་ན་ཡང་།།
བཟོད་པའི་གོ་ཆ་བརྟན་འདི་མཚར།།
ཁྲོ་བའི་མེ་ཡིས་མ་ཚིག་ཅིང་།།
རྒུད་པའི་འོབས་སུ་མ་ལྷུང་བར།།
རླབས་ཀྱི་ཟེགས་མ་རེ་རེའི་གར།།
འགྲོ་ལ་ངོམ་འདིས་བདག་ཡིད་དྲངས།།
སྐོམ་པའི་ནད་དེ་ཁྱོད་ཀྱིས་བསལ།།
གདུང་བའི་ཡིད་དེ་ཁྱོད་ཀྱིས་བཅོམ།།
མི་བསྲུན་སྐྱེ་བོ་ཡང་མགུ་བྱེད་པ།།
ཁྱོད་ལ་མ་ཞེས་ཅིས་མི་འབོད།།
གྲུ་དག་མགྲོན་པོ་སྐྱེལ་ལ་འགྲན།།
ཆུ་དཀར་མོ་ངང་གིས་ལྡིང་།།
གསེར་མིག་གར་ཀྱང་ངོམས་པ་ན།།
ཉི་མའི་ཟེར་ཡང་ལྟད་མོར་བྱོན།།
ད་ནི་མི་སྡོད་འགྲོ་བར་རན།།
རུས་ཐལ་འདི་དག་ཁྱོད་ཀྱིས་ཉོལ།།
མ་རྣམས་བདེ་བར་མ་གྱུར་བར།།
ཁྱོད་རང་སྲིད་འདིར་བརྟན་གྱུར་ཅིག།

ཅེས་པ་ཡང་ཨ་འདུས་པས་གངྒཱའི་གཙང་ངོགས་སུ་ཤར་མར་སྤེལ་བའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*