གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་མདོར་བསྡུས།


གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་མདོར་བསྡུས།

འཁོ་འདོན་པ་མཁན་པོ་སྐལ་བསྟན།

དེ་ལྟ་ན་རང་གཞན་ངན་སོང་གི་ལམ་དུ་ཁྲིད་ཅིང་མི་བཟད་པའི་ལོག་ལྟའི་འདམ་དུ་ཚུད་པར་མཐོང་ནས། རྨོངས་རྒན་རང་ནས་ཀྱང་གླིང་རྗེའི་རྣམ་ཐར་མང་པོ་མཇལ་བའི་ཉམས་མྱོང་དང་། འདི་སྐབས་མཁས་གྲུབ་ཆེན་པོ་དུ་མའི་མདུན་སར་བཀའ་འདྲི་ཡང་ཡང་ཞུས་ཡོད། སྤྱིར་སྒྲུང་གཏམ་ལ་བདེན་མིན་སྣ་ཚོགས་ཡོད་སྲིད་པས། གླིང་རྗེ་གེ་སར་རྒྱལ་པོ་དངོས་བྱུང་མིན་པར་སྒྲུབ་མི་ནུས་ཏེ། གངས་ལྗོངས་བོད་ཀྱི་མཁས་གྲུབ་ཚད་མའི་སྐྱེ་ཆེན་དུ་མས་ཞལ་བཞེས་ཀྱི་རྣམ་ཐར་དང་སྒྲུང་ཡིག་ཁུངས་ལྡན་ནང་གསལ་བཞིན། དེང་སང་མིག་གིས་བལྟ། རྣ་བས་ཉན་ཆོག་པ། མངོན་སུ་དུ་གྲུབ་པ་དཔའ་བརྟུལ་སུམ་བཅུའི་ཁྲབ་རྨོག་འཁོར་གསུམ་སེང་ཆེན་གྱི་རལ་གྲི་བཏབས་པ་ལན་མེད། གླིང་གི་ཕ་འབུམ་བཅས་ནང་ཆེན་རྟ་རྣ་དགོན་དུ་སངས་རྒྱས་ཡེལ་པ་ལ་ཕུལ་བའི་ལོ་རྒྱུས་དེབ་ཐེར་དཀར་ཆག་བཅས་དུས་དེང་སང་གི་བར་མཇལ་དུ་ཡོད། ཁོ་བོ་ཅག་གི་དགོན་པ་ལྷ་ཁང་ཁྲ་འཁྱིལ་མའི་ནང་། གེ་སར་རྒྱལ་པོའི་ཁྲབ་རྨོག་དང་ཕྱག་མདའ། རལ་གྲི རྒ་བདེའི་ཞྭ། ཁྲོ་ཐུང་གི་སྲིན་གྲི ཤན་པའི་ཞགས་པ་སོགས་མང་པོ་མཇལ་རྒྱུ་ཡོད། ཡང་དགོན་བླ་བྲང་ནང་རྟེན་ཀོང་གྲི་འཇིག་རྟེན་ཆུ་ཉུག་ཟེར་བ་རྒྱ་བོད་ཟིང་ལངས་སྐབས་མགའ་བླས་ཁྱེར་བ་གཞུང་སའི་ཕྱག་ཏུ་འབྱོར་ཏེ་ཕྱིས་ ༧རྒྱལ་མཆོག་བཅུ་གསུམ་པའི་གསེར་གདུང་གི་ནང་གཟུངས་སུ་བཞག་ཡོད།

གེ་སར་རྒྱལ་པོས་བདུད་བཏུལ་བས་ཡུལ་ཕྱོགས་ཀྱི་བདུད་རྒྱལ་ཁག་གི་མཁར་རྫོང་ཞིག་ཤུལ་དེ་མཚུངས་ཡོད་དེ། དཔེར་ན། འགྱང་ས་ཐམ་གྱི་མཁར་ཤུལ་འགྱང་ཡུལ་རང་ལ་མཐོང་དུ་ཡོད། བྱང་བདུད་བཏུལ་ཚུལ་ད་ལྟ་ག་ཤའམ་པི་རྟིས་མ་ན་ལིར་སོགས་ས་རྟགས་རྡོ་མལ་ངག་རྒྱུན་ཙམ་མ་ཡིན་པར་ནུབ་མེད་ཡོད། རྟ་རྐྱང་རྒོད་ཀྱི་ཞབས་རྗེས་ཀྱང་ཡོད། དེ་བཞིན་ཧོར་གུར་དཀར་གྱི་མཁར་ཞིག་ཤུལ་ཨ་ཆེན་བྱང་རྒྱབ་ལ་མཐོང་དུ་ཡོད། མོན་ཤིང་ཁྲིའི་རྟ་ལྷ་ཁྲི་དཀར་གྱི་གདུང་བརྒྱུད་མ་ཆད་པ་དེང་སང་ཡང་སུས་ཀྱང་འགྲན་མི་ནུས་པའི་སྟོབས་ཤུགས་ལྡན་པའི་སྐྱེས་སུ་ཡོད་པའི་མི་བརྒྱུད་འབྲུག་ཀུར་སྟོད་དུ་ཡོད་ཅིང་། མཁར་རྫོང་གི་ཤུལ་གསལ་བར་ཡོད་པ་ལ། ༧གོང་ས་ལྔ་པའི་རྒྱལ་རབས་ནང་རླངས་བྱང་ཆུབ་འདྲེ་ཁུལ་གླིང་རྗེ་གེ་སར་གྱི་ཐེང་གཉིས་གདན་འདྲེན་གནང་ནས་གྲུབ་རྟགས་ཡ་མ་ཟུང་བཏོན་པ་སོགས་གསལ། གཞན་ཡང་གྲུབ་ཆེན་ཀརྨ་པཀྴི་དང་། ས་སྐྱ་འགྲོ་མགོན་ཆོས་འཕགས་རྣམ་རྒྱལ་སོགས་ཕེབས་སྐབས། ཧོར་གླིང་གཡུལ་འཁྲུགས་དང་ཁེལ་བའི་བྱང་ལམ་ནས་བཀའ་ངལ་བྱུང་ཚུལ་གསལ་བ་དང་། གེ་སར་འཁྲུངས་པའི་དུས་ཚིགས་སྔ་འགྱུར་རྙིང་མའི་ཆོས་འབྱུང་དུ་གསལ་བ་དང་། རྒྱ་ནག་གི་ནུབ་ཕྱོགས་ཞིང་ཆེན་ཡུལ་ཁག་གི་གེ་སར་ཡི་དམ་འམ་དགྲ་བླའི་གཙོ་བོ་འཛིན་ཅིང་། མཆོད་བསྟོད་དང་སྐུ་རྟེན་བཞེང་སྲོལ་སོགས་དེང་སང་གི་བར་མངོན་སུམ་ཡོད་བཞིན་དུ་སུ་ཞིག་གི་བསྙོན། ད་དུང་ཡང་གེ་སར་རྒྱལ་པོ་ཞེས་པ་དེ་འདྲ་དངོས་བྱུང་ཡིན་མིན་དོགས་གཞི་མི་དགོས་པ་མ་ཟད། དེང་དུས་འཛམ་གླིང་ཡུལ་ལུང་ཁག་ལ་ངོ་མཚར་བའི་དངོས་ཆས་ལོ་རྒྱུས་ཐ་ན་ལོ་བཞི་བརྒྱ་ལྔ་བརྒྱའི་གོང་མི་སྡོད་ཤུལ་གྱི་བྲག་སྐྱིབས་ཙམ་ཡོད་ནའང་ཡུལ་གྱི་རྒྱན་དུ་བརྩི་ཞིང་དེའི་ལོ་རྒྱུས་དེབ་ཚོགས་མང་པོ་དང་དེ་དག་གཅེས་སྲུང་བྱ་སྲོལ་ཡོད་ན། རང་རེ་བོད་དང་བོད་ཆེན་པོའི་ལྗོངས་སུ་ཆེས་ཡ་མཚན་དང་ངོ་མཚར་ཆེ་བའི་མཐུ་སྟོབས་རྫུལ་འཕྲུལ་གྱི་མངའ་བདག་རྒྱལ་བློན་དཔུང་དང་བཅས་པ་བྱོན་ཚུལ་མཛད་རྣམ་ཁག་མང་དེ་དག་ནི་རང་རྒྱལ་ཡུལ་གྱི་དགེ་མཚན་ཆེ་བའི་རྒྱན་རང་རེའི་མགྲིན་པ་གཟིངས་སུ་བསྟོད་ནས་བཤད་ཆོག་པ་ཞིག་ལགས་པས། རྣམ་ཐར་སྙིང་པོ་འདུས་གསལ་དུ་བཀོད་པ་སྔ་འགྱུར་གཏེར་གསར་འཛིན་པ་རི་བླའི་གདུང་འཛིན་མཆོག་སྤྲུལ་ནམ་མཁའ་དྲི་མེད་རིན་པོ་ཆེའི་ཁུངས་ལུང་ལྡན་པའི་དེབ་ཐེར་ཁག་ནས་གསར་བསྒྲིགས་གླིང་རྗེ་སར་རྒྱལ་པོའི་ངོ་མཚར་རྟོགས་པར་བརྗོད་པའི་གཏམ་ཤིན་ཏུ་ཉུང་བསྡུས་ནོར་བུ་དོ་ཤལ་ཞེས་བྱ་བ་བཞུགས་སོ།།

ཨོ་སྭ་སྟི། རྒྱལ་ཀུན་མཁྱེན་བརྩེ་ནུས་སྟོབས་ཡོན་ཏན་ཀུན། །གཅིག་དུ་བསྡུས་པ་དྲག་པོའི་སྐུར་བཞེངས་པ། །ནག་ཕྱོགས་བདུད་དགྲ་འདུལ་བའི་དཔལ་དུ་ཤར། །སྐྱེས་མཆོག་ནོར་བུ་དགྲ་འདུལ་རྒྱལ་གྱུར་ཅིག །རིགས་གསུམ་པདྨ་དྲག་པོའི་སྒྱུ་འཕྲུལ་གར། །ཀླ་ཀློ་མཐའ་དམག་བདུད་བཀའ་འདུལ་བའི་གཉེན། །དམ་སྲི་རྒྱལ་འགོང་གདུག་པའི་གཤེད་གཅིག་པུ། །གེ་སར་དགྲ་འདུལ་རྒྱལ་པོའི་ཤིག་པ་སྩོལ། །དེ་འང་འཛམ་བུ་གླིང་གི་སྐྱེས་མཆོག བོད་ཁ་བ་ཅན་གྱི་ལྷ་སྐལ། །གདོང་རིགས་སྲིད་པའི་དགྲ་ལྷ། རིགས་འཛིན་ཀུན་གྱི་རྒྱབ་བརྟེན། དགྲ་ལྷ་ཡོངས་ཀྱི་རྒྱལ་པོ། ཝེར་མ་ཡོངས་ཀྱི་སྤྱི་རྗེ། བདུད་རིགས་ཡོངས་ཀྱི་གཤེད་མ། དམ་ཉམས་ཀུན་གྱི་སྲོད་གཅོད། མཐའ་དམག་གདུག་པའི་ཁ་གནོན། རིགས་གསུམ་པདྨའི་སྒྱུ་འཕྲུལ། སེང་ཆེན་ནོར་བུ་དགྲ་འདུལ་ཞེས་མཚན་སྙན་གྱི་བ་དན་ས་གསུམ་དུ་མངོན་པར་གྲགས་ཤིང་མཐའ་ཀླས་བསྟན་འགྲོ་ཡོངས་ཀྱི་དཔལ་མགོན་དུ་གྱུར་པ་འདི་ཉིད་ཀྱི་རྣམ་པར་ཐར་པ་ཁུང་ལྡན་ཡོངས་སུ་གྲགས་པ་རྒྱ་མཚོ་ལྟ་བུ་ལས། འདིར་ཤིན་ཏུ་ཉུང་བསྡུས་རྟེན་འབྲེལ་གྱི་ཆ་ཤས་ཙམ་མཚོན་བྱེད་ནོར་བུའི་དོ་ཤལ་ཞེས་བྱ་བ་འཆད་པ་ལ། དེའང་སྤྱིར་སྔོན་བོད་ཁ་བ་ཅན་གྱི་མཚོ་བྲི་ནས་ཡུལ་ལྗོངས་ཀྱི་རྣམ་པ་ཞིག་ཏུ་གྱུར་པའི་སྐབས། གངས་རིའི་ཞོལ་མལ་གྲོའི་མཚོ་ནང་དུ་གཡུ་སྦས་སྔོན་པོ་ཞིག་བྱུང་། དེ་ཉིད་ལྷ་ཚངས་པའི་ཕྱག་གིས་བཟུང་ནས་ནམ་མཁའི་དབྱིངས་སུ་བོར་བས་སར་ལྷུང་ཏེ་འཐོར་བ་ལས། མདོ་ཁམས་རྨ་ཡུལ་གྱི་ས་ཆགས་ཚུལ་དང་། ཡང་གདོང་ཡེ་སྨོན་ནམ་མཁའི་རྒྱལ་པོ་ནས་བཟུང་གླིང་གདུང་རབས་བཅུ་ཙམ་སོང་རྗེས། གདོང་གི་སྲས་ར་ཁྲ་བཙན་པོའི་དུས་སུ། འོ་འཐུང་སྟག་མོ་མི་ཟན་དེ། དཔའ་རྒོད་དཔུང་པའི་མཐེབ་ཀྱི་བརྟུལ། ཞེས་རྨ་སྤོམ་རའི་འཕྲུལ་ལས་བྱུང་བའི་སྟག་མོ་དེ་ར་ཁྲས་བརྟུལ་ནས་དེའི་བཤད་པ་བཞིན། མགོ་དང་ཡན་ལག་ནང་ཁྲོལ་རྣམས་ཕྱིར་ཕྱུངས་ཏེ་སོ་སོར་བཀྲམ་ནས་སྨོན་ལམ་བཏབས་ནས་ཉལ་བསྡད་པས། སེའི་རྒྱུ་རྐྱེན་གྱི་རྨ་ཁམས་གླེང་སྡེ་ཁྲ་མོ་ཆགས་པའི་ཚུལ་བྱེ་བྲག་དུ་བཤད་པ་ལྟར་རོ།

ཐོག་མར་ས་ཆགས་པའི་ཚུལ་དེ་ལྟར་ལ། ཁྱད་པར་གདུང་རབས་དང་། རྒྱལ་རྒྱུད་སོགས་གང་ནས་བྱུང་བ་བཤད་པ་ནི། བོད་ཀྱི་མིའུ་གདུང་དྲུག་གི་ནང་ཚན་དགའ་འགྲུ་གདོང་གསུམ་གྱི་བརྒྱུད་པ་ལས་གླིང་ཚོ་དྲུག་བྱུང་། བྱེ་བྲག་སྨུག་པོ་གདོང་ལས་ཐོག་མར་སྨར་ཁམས་གླིང་གི་ས་ཆར་གདོོང་ཡེ་མན་ནམ་མཁའི་རྒྱལ་པོ་ཞེས་བྱ་བ་བྱུང་། དེ་ལས་རིམ་པར་གླིང་གི་གདུང་རབས་བཅུ་ཙམ་སོང་རྗེས། གདོང་གི་ར་ཁྲ་བཙན་པོ་ཞེས་བྱ་བ་བྱུང་། དེའི་སྲས་རུ་ཁྲི་བཙན་པོའམ། རུ་ཁྲི་ནོར་བུ་ཞེས་སུ་གྲགས། དེས་རྨ་སྤོམ་རའི་སྟག་ལྕམ་ཁབ་ཏུ་བཞེས། དེ་ལ་སྲས་གསུམ་བྱུང་བ་ནི། བླ་མ་འཕེན། ཆོས་ལ་འཕེན། ཆོས་འཕེན་ནག་པོ་གསུམ་དུ་གྲགས། སྲས་གསུམ་གྱིས་སོ་སོར་རྒྱལ་སྲིད་བཟུང་བ་ནི། སྲས་ཆེ་བ་བླ་མ་འཕེན་གྱི་བརྒྱུད་པ་ལ་ཆེ་རྒྱུད་ཞེས་དང་། བུ་འབྲིང་བ་ཆོས་ལ་འཕེན་གྱི་བརྒྱུད་པ་ལ་འབྲིང་རྒྱུད་ཞེས་དང་། ཆུང་བ་ཆོས་འཕེན་ནག་པོའི་བརྒྱུད་པ་ལ་ཆུང་རྒྱུད་ཞེས་གྲགས། དེའང་སྲས་གསུམ་སྐྱེ་སྔ་ཕྱིའི་བརྒྱུད་པ་ལས་ཆེ་འབྲིང་ཆུང་གསུམ་དུ་འདོགས་པ་ལས། གོ་གནས་ཆེ་ཆུང་ལྟ་བུའི་མིང་བཏགས་པ་ནི་མ་ཡིན། ལ་ལས་ཆེེ་འབྲིང་ཆུང་གསུམ་གྱི་བརྒྱུད་པ་སྔ་མ་ལྟར་ལ། གོང་གི་སྲས་གསུམ་ལས་མཆེད་པ་ཡིན་ཅེས་དང་། ཕལ་ཆེན་ཆོས་འཕེན་ནག་པོ་རང་གི་བརྒྱུད་པ་ལས་ཆེ་འབྲིང་ཆུང་གསུམ་དུ་བྱུང་ཞེས་གྲགས།

སྐབས་འདིར་ཆོས་འཕེན་ནག་པོ་རང་གི་བརྒྱུད་པ་ལས་བྱུང་ཚུལ་བཤད་པ་ནི། ཆོས་འཕེན་ནག་པོ་ལ། ལྕམ་གསེར་གཟའ། འོམ་གཟའ། སྤྱང་གཟའ་གསུམ་བསུས་པས། གསེར་གཟའི་སྲས་གསེར་བུ་ལྷ་ཡག་ངང་དཀར། འོམ་གཟའི་སྲས་འོམ་བུ་ཁྲི་སྤྱང་དཔལ་རྒྱལ། སྤྱང་གཟའི་སྲས་སྤྱང་བུ་དགྲ་རྒྱལ་འབུམ་མེ། འདི་གསུམ་གྱི་བརྒྱུད་པ་ལ་གླིང་ཆེ་འབྲིང་ཆུང་གསུམ་དུ་གྲགས། ཆུང་བརྒྱུད་དགྲ་རྒྱལ་འབུལ་མེའི་སྲས། ཐོག་ལྷ་འབུམ། དའི་སྲས་ཐོག་འབུམ། ཐོག་འབུམ་ལ་རོང་གཟའ། སྒ་གཟའ། རྨུ་གཟའ་གསུམ་བསུས། རོང་གཟའི་སྲས་སྤྱི་དཔོན་རོང་ཚ་ཁྲ་རྒན། སྒ་གཟའི་སྲས་གཡུལ་རྒྱལ། རྨུ་གཟའི་སྲས་སེང་བློན། སེང་བློན་ལ་རྒྱ་གཟའ། འགོག་གཟའ། རོང་གཟའ་གསུམ་བསུས། རྒྱ་གཟའི་སྲས་རྒྱ་ཚ་ཞལ་དཀར། འགོག་གཟའི་སྲས་གླིང་རྗེ་གེ་སར། རོང་གཟའི་སྲས་རོང་ཚ་ནོར་བུ་གསུམ་དུ་འཁྲུངས། འབྲིང་བ་གླིང་རྗེ་གེ་སར་ནི། སྟོན་པ་སངས་རྒྱས་ཀྱི་ལུང་ལས་ཟིན་ཚུལ་དང་འཇིག་རྟེན་གྱི་ཁམས་འདིར་འགྲོ་དོན་མཛད་ཚུལ། གདུལ་བྱ་བསྐྱངས་ཚུལ་སོགས་ཅུང་ཟད་གཅིག་བཤད་ན། སྟོན་མཆོག་ཐུབ་པའི་དབང་པོས་འཇམ་དཔལ་རྩ་རྒྱུད་ལས། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། ཉོན་མོངས་མི་ཤེས་གཡུལ་ངོ་སེལ། དཔའ་བོ་བདུད་དགྲ་བདུད་འདུལ་བ། བདུད་བཞིའི་འཇིགས་པ་སེལ་བར་བྱེད། བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། ཞེས་དང་། གུ་རུ་རིན་པོ་ཆེའི་དངོས་སློབ་རླང་ཆེན་དཔལ་གྱི་སེང་གེ་གདུང་རྒྱུད། རླང་སྟོན་བྱང་ཆུབ་འདྲེ་བཀོལ་གྱི་རླང་གི་པོ་ཏི་བསེ་རུ་ལས། རླང་སྟོན་བྱང་ཆུབ་འདྲེ་ཁོལ་ང་། གུ་རུ་པདྨའི་རྣམ་འཕྲུལ་ཡིན། ཡོན་བདག་གླིང་རྗེ་གེ་སར་འདི། ཁྲི་སྲོང་ལྡེའུ་བཙན་སྒྱུ་འཕྲུལ་ཡིན། ཞེས་ཁྲི་སྲོང་གི་སྤྲུལ་པ་ཡིན་པ་དངོས་སུ་བསྟན་པ་དང་། རླང་སྟོན་དང་ཕལ་ཆེར་དུས་མཉམ་ཡིན་པར་བཞེད་དོ། གཞན་ཡང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སྟག་ཤམས་ནུས་ལྡན་རྡོ་རྗེའམ་བསམ་གཏན་གླིང་པའི་ཟབ་གཏེར་ཡི་དམ་དགོངས་འདུས་ཁོག་དབུབ་སྲིད་པའི་ཆོས་འབྱུང་ལོ་རྒྱུས་བླ་མའི་རྣམ་ཐར་སྐོར་ལས། མངའ་བདག་རྒྱལ་པོ་མ་འོང་སྙིངས་མའི་དུས། སེ་སར་བྱ་བའི་རྒྱ་ནག་ལས་སྒོ་ཕྱེ། ཞེས་གསུངས་པ་དང་། ཡང་སྟག་ཤམས་ནུས་ལྡན་རྡོ་རྗེའི་གཏེར་ལུང་ལས། མངའ་བདག་སྤྲུལ་པ་གླིང་གི་ཕྱོགས་སུ་འབྱུང་། ཞེས་དང་། ལྷ་རིགས་བདེ་ཆེན་རོལ་པ་རྩལ་གྱི་དགོངས་གཏེར་རྡོ་རྗེའི་ཚིག་རྐང་ལས། གེ་སར་སྐྱེས་བུ་རྡོ་རྗེ་ཚེ་ཡི་རྒྱལ། འདི་ཡི་ངོ་བོ་འཕགས་མཆོག་ཐུགས་རྗེའི་གཏེར། ཁྲོ་ལ་ཁྲོ་བོས་འདུ་ཕྱི་རྟ་མཆོག་དཔལ། ཁྱད་པར་མ་འོངས་ཉི་ཤུའི་མཐའ་ཐུག་སྐབས། དྲེགས་པའི་ཚུལ་སྟོན་སྐྱེས་བུ་གེ་སར་ཞེས། ཕྱི་རུ་འ་ཞིང་རྩལ་མྱུར་དགྲ་ལྷའི་རྒྱལ། ནང་དུ་སྙིང་ཉེ་བཀྲ་ཤིས་འཁུ་ལྡོག་ཆུང་། ཁྱད་པར་དམ་སྲི་རྒྱ་འདྲེ་འདུལ་བའི་གཉེན། དེང་སང་དུས་སུ་བབས་པའི་ལྡག་ལྷ་སྟེ། ཞེས་གསུངས་པ་དང་། འཇམ་དཔལ་དབྱངས་དངོས་མི་ཕམ་རྣམ་རྒྱལ་རྒྱ་མཚོས་དགོངས་གཏེར་དགྲ་འདུལ་ནོར་བུའི་སྙིང་ཐིག་ལས། །ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ཉིད། །རྣམ་པར་སྣང་སྲིད་དགྲ་བླའི་རྒྱལ་པོའི་ཚུལ། །སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཏེ། །ད་ལྟ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །མ་འོངས་རིགས་ལྡན་དྲག་པོ་འཁོར་ལོ་ཅན། ཞེས་དང་། གར་དབང་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གསང་བའི་རྣམ་ཐར་ལས། སློབ་དཔོན་ཆེན་པོས། །ང་ཉིད་གེ་སར་རྒྱལ་པོ་སྤྲུལ། །ཕྱོགས་བཞིའི་བསྟན་དགྲ་ཆམ་ལ་འབེབས། ཞེས་དང་། པདྨ་ཀློང་ཡངས་རྣམ་དག་རོལ་པ་རྩལ་ལམ་བདེ་ཆེན་རྡོ་རྗེ་གཟི་བརྗིད་རྩལ་གྱིས་དགོངས་གཏེར་རྡོ་རྗེ་ཚིག་རྐང་ལས། ཤར་ཕྱོགས་རྨ་ཆུའི་ཡུལ་གྲུ་དེ། །རྟགས་ཙམ་འཛིན་པ་ལྷ་ཡི་སྲས། །བདུད་འདུལ་གེ་སར་རྒྱལ་པོ་ཞེས། །རྔ་ཡབ་གླིང་ལ་གྲགས་པ་འབྱུང་། །ལྷ་བུ་ཐོས་པ་དགའ་ཞེས་འདི། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་གར། །པདྨ་འབྱུང་གནས་ཕྲིན་ལས་པ། །བདུད་དཔུང་འདུལ་ཕྱིར་དགྲ་ལྷའི་ཚུལ། །གེ་སར་ནོར་བུ་དགྲ་འདུལ་ཞེས། །འཛམ་གླིང་ཡོངས་ལ་སྙན་པས་ཁྱབ། །རིག་གསུམ་པདྨ་ཐོད་ཕྲེང་རྩལ། །དྲག་པོའི་སྐུ་སྟོན་བདུད་རིགས་འདུལ། །ཕྱོགས་མཚམས་བསྟན་དགྲ་མ་ལུས་འཇོམས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་། །མ་འོངས་སྙིགས་མའི་ཡང་ཐ་རུ། །བསྟན་མཇུག་ཀླ་ཀློས་སྡུད་པའི་ཚེ། །རིགས་ལྡན་དྲག་པོའི་སྐུར་བཞེངས་ནས། །ཀླ་ཀློས་དཔུང་ཚོགས་འཇོམས་པར་འགྱུར། ཞེས་གསུངས་པ་ལྟར་གཏེར་ལུང་སྔ་ཕྱི་དུ་མ་དང་། རྗེ་ཀརྨ་པཀྴི་ནས་གཟུང་བཀའ་བརྒྱུད་པའི་གྲུབ་བརྙེས་སྐྱེས་ཆེན་དམ་པ་རྣམས་དང་། རྙིང་མའི་གཏེར་ཆེན་མང་པོ་ཞིག་ལ་གེ་སར་རྗེའི་ཞལ་གཟིགས་པ་དང་། སྐྱེས་ཆེན་དེ་རྣམས་ཀྱིས་རིགས་གསུམ་པདྨའི་རྣམ་འཕྲུལ་ཡིན་པར་བཞེད་ཅིང་སྒྲུབ་ཐབས། ལས་ཕྲན་གསོལ་མཆོད་སོགས་ཅི་རིགས་སུ་མཛད་པ་དང་། གཞན་ཡང་གངས་ཅན་གྱི་ལྗོངས་འདིར་རིས་སུ་མ་ཆད་པའི་མཁས་པ་དང་གྲུབ་པའི་དབང་ཕྱུག་བསྟན་འཛིན་སྐྱེས་ཆེན་དམ་པ་དུ་མས་བསྔགས་བརྗོད་མཛད་པ་ཁོ་ནའོ། དེ་ལྟར་ན་གླིང་རྗེ་གེ་སར་ནི། སྐུ་མཆོག་འཇལ་དཔལ་དབྱངས། གསུང་མཆོག་སྤྱན་རས་གཟིགས། ཐུགས་མཆོག་ཕྱག་ན་རྡོ་རྗེ་སྟེ་རིགས་གསུམ་སེམས་དཔའི་སྤྲུལ་པ། ཁྱད་པར་གུ་རུ་པདྨ་འབྱུང་གནས་ཀྱི་ཕྲིན་ལས་རང་གཟུགས། བྱེ་བྲག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བཞེད་ཕྲིན་ལས་རྨད་དུ་བྱུང་བའི་གདུལ་བྱའི་ལྷག་མ་སྐྱོང་དགོས་པ་སོགས་ཀྱི། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་སྐྱེ་དེ་མ་ཐག་པར་སྟེང་ཕྱོགས་འདོད་ཁམས་ལྷའི་ཡུལ་སུམ་བཅུ་རྩ་གསུམ་གནས་མཆོག་རྣམ་རྒྱལ་ཁང་བཟང་ཉམས་དགའ་བར། ལྷ་ཚོངས་པ་དཀར་པོའི་སྐྱེ་བ་བཞེས་མཚན་དུ་ཐོས་པ་དགའ་ཞེས་གསོལ། སྔོན་གུ་རུ་པདྨ་བོད་དུ་ཕེབས་ཏེ་བསམ་ཡས་སུ་བཞུགས་སྐབས། ཁྲི་སྲོང་ལྡེའི་བཙན་གྱི་ལྷ་སྲིན་དམ་བསྒྲགས་གསུམ་པ་དེ་ཞུ་གྲུབ་ན། བོད་དུ་བསྟན་པ་དར་ཞིང་བདེ་སྐྱིད་ཡུན་རིང་འབྱུང་ངེས་ཤིང་ནག་ཕྱོགས་བདུད་སྡེ་རྣམས་ཕྱིར་བསྙེབས་པར་འགྱུར་ཡང་། བོད་ཀྱི་བློན་པོ་ཕྲག་དོག་ཅན་རྣམས་ཀྱིས་སློབ་དཔོན་དང་རྗེ་འབངས་དབར་དཀྲུགས་ཤིང་སྣ་ཚོགས་བྱས་རྐྱེན་གྱིས་དམ་བཞག་གཉིས་པ་ལས་མ་གྲུབ། མ་ཟད་མཁན་སློབ་ཆོས་གསུམ་གྱིས་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོད་ལ་མདོ་སྔགས་ཀྱི་བསྟན་པ་ཉིན་མོ་བཞིན་དུ་གསལ་བར་མཛད་པས། བདུད་རིགས་ཀྱི་བློན་པོ་རྣམས་སེམས་ལ་འཁུ་འཁྲིགས་ཞུགས་ཏེ། སློབ་དཔོན་གྱི་སྐུ་ཟིལ་ལ་དངོས་སུ་བདོ་བར་མ་ནུས་ཀྱང་། སྨོན་ལམ་ལོག་པ་བཏབ་པའི་ལས་འབྲས། ཆོས་རྒྱལ་གདུང་བརྒྱུད་ལ་དུད་འགྲོའི་མིང་ཅན་གྱིས་བདུད་སྤྲུལ་བྱུང་ནས་གསང་བདག་སྤྲུལ་པ་ཁྲིི་རལ་བཀྲོངས་རྗེས། རྒྱལ་སྲིད་དར་མས་བཟུང་སྐབས། སྟེང་ལྷ། འོག་ཀླུ། བར་གྱི་གཉན་རྣམས་འཁྲུགས་ཤིང་། བདུད་རྒྱལ་དགའ་རབ་དབང་ཕྱུག་དང་། ནག་པོ་བཀྲག་མེད་སོགས་བདུད་ཀྱི་སྤྲུལ་པ་སྣ་ཚོགས་ཕྱོགས་བཅུ་བཀྱེས་སོ། བདུད་ཧོར་མོན་འགྱང་བཞི་སོགས་བདུད་ཀྱི་སྡེ་ཆེན་པོ་བཞི། གཞན་ཡང་སྟག་གཟིག སོག་སྟོད་སྨད་བར་གསུམ། བྱེ་རི་ཨ་གྲགས། ཁ་ཆེ། གྲུ་གུ ཞང་ཞུང་། མེ་ཉག བྷེ་ར། རྒྱ་ནག རི་ནུབ་སོགས་རྒྱལ་ཆེན་དང་། རྒྱལ་ཕྲན་སོགས་མང་པོ་ཞིག་ཏུ་གྱུར་ཅིང་ནང་པའི་བསྟན་པ་ནི་བསྣུབས། ཕྱི་བོན་མུ་སྟེགས་ཀྱི་བསྟན་པ་ཤིན་ཏུ་དར་བར་གྱུར་པའི་ཚེ། བྱང་སེམས་ཞི་བས་འདུལ་བཀའ་བ་རྣམས་དྲག་པོ་ཚར་གཅོད་པའི་ཕྱིར། འོད་དཔག་མེད་དང་། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ། པདྨ་འབྱུང་གནས་སོགས་རྒྱལ་བ་རྣམས་བཀའི་བགྲོ་བ་གཅིག་ཏུ་མཛད་ཅིང་། ཡེ་ཤེས་ཀྱི་སྤྱན་གྱི་གཟིགས་པར། རིགས་གསུམ་པདྨའི་སྒྱུ་འཕྲུལ་གཅིག་ཏུ་བསྡུས་པ་མངའ་བདག་སྐྱེ་བ་ཚངས་སྲས་ཐོས་པ་དགའ་བའི་འདུལ་སྐལ་དུ་མཁྱེན་ནས་མགྲིན་གཅིག་གིས་ལྷ་བུ་ལ་འཇིག་རྟེན་ཁམས་ཀྱི་གདུལ་བྱ་སྐྱོང་རན་པ་དུས་ལ་བབས་པས་འབྱོན་དགོས་པ་རྡོ་རྗེའི་བཀའ་ཡང་ཡང་བསྐུལ་ཞིང་། མ་ཟད་གདུལ་བྱའི་ཆ་རྐྱེན་དུ་གནས་ཡུལ་གྲོགས་དང་འཁོར་འབངས་སོགས་ཀྱི་ལེགས་དགུའི་ཡོན་ཏན་མཐའ་དག་ཁྲ་མོ་གླིང་དཀར་སྟོད་དུ་ཚང་བར་དགོངས་ནས་ཡབ་ཡུམ་གྱི་རིགས་རུས། རིག་མ་དང་བཅས་པར་ལུང་བསྟན་ཅིང་། ལྷ་བུ་ཡང་སྔོན་གྱི་སྨོན་ལམ་དང་བཅས་པའི་བདུད་རིགས་འདུལ་བ་ལ་འབྱོན་པར་ཞལ་གྱིས་བཞེས་ཤིང་། ཞི་བའི་མི་ཐུབ་བའི་གདུད་སྡེ་རྣམས་དྲག་པོའི་ཚར་བཅད་པའི་ཕྱིར། འཛམ་གླིང་སའི་ཁོངས། བོད་ཆེན་པོའི་ལྗོངས། ཤར་ཕྱོགས་མདོ་ཁམས་ས་ཡི་ཐིག་ལེ། ཁྲ་མོ་གླིང་དཀར་སྟོད་པ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ། རྨ་རྫ་སྒང་གི་ཞོལ། རྫ་འབྲི་ཆུ་ཡི་བར་ཁམས། ལྕི་སོས་ཡག་གི་སུམ་མདོ། བྲག་སྦལ་བ་འདྲ་བའི་ཞབས། ཀླུ་གཙུག་ནའི་ཆུ་མིག་ཡོད་པའི་ཉེ་འགྲམ། ན་འབུར་ཁྲལ་ཁྲོལ་ཡོད་པའི་སར། ཡབ་གཉེན་རྗེ་གེར་མཛོད་དང་། རུས་སྨུག་པོ་གདོང་ལས་ཆད་པའི་སེང་བློན། ཡུམ་སློབ་དཔོན་པདྨའི་བྱིན་གྱིས་བརླབས་པའི་ཀླུ་གཙུག་ནའི་སྲས་མོ་ཡ་ག་མཛེས་ལྡན་ནམ། འགོག་བཟའ་ལྷ་མོ་ཡབ་ཡུམ་གཉིས་གླང་ལོ་ནག་པ་ཟླ་བའི་ཚེས་བརྒྱད་དགུང་མོར་བདེ་སྟོང་རྩེད་འཇོར་རོལ་པའི་འཕྲུལ་ལས། ཕྱི་ལོ་ ༡༠༣༨ རབ་བྱུང་དང་པོའི་ས་ཕོ་སྟག་གི་ལོར་རྒྱལ་ཟླའི་ཚེས་བཅོ་ལྔའི་ཉིན་ཉི་མ་ཤར་བ་དང་དུས་མཚུངས་པར་མ་ལ་ཟུག་རྔུ་གང་ཡང་མེད་པར་ཁྱེའུ་ལོ་གསུམ་གྱི་ན་ཚོད་ཅན་ངོ་མཚར་དུ་མའི་ལྟས་དང་བཅས་སྐུ་བལྟམས་སོ། དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས། བར་སྣང་ནས་མེ་ཏོག་གི་ཆར་པ་དང་། འཇའ་འོད་ཀྱི་གུར་ཕུབ། དྲི་བཟང་གི་ངད་ལྡང་། མཁའ་ལས་ལྷ་མོ་མང་པོས་བཀྲ་ཤིས་པའི་གླུ་དབྱངས་བླངས། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་ཤིས་པ་བརྗོད་ཅིང་རབ་གནས་ཀྱི་མེ་ཏོག་འཐོར། དཀའ་ཕྱོགས་ཀྱི་ལྷ་རྣམས་དང་དགྲ་ལྷ་ཝེར་མ་རྣམས་ཀྱིས་དགྱེས་པའི་གད་རྒྱང་ སྒྲོགས། ཨོ་རྒྱན་རིན་པོ་ཆེས་བདེན་ཚིག་བཀྲ་ཤིས་པའི་མགུར་གླུ་གསུངས་ཤིས་ཚེ་ཡི་བུམ་པས་དབང་བསྐུར། ཚེ་ཆུ་རྐན་མར་གྱི་ཚབ་ཏུ་བྱིན། ལུས་ལ་མི་འཇིག་པའི་རྡོ་རྗེའི་གོ་བསྒོས། རྨ་སྤོམ་རས་བདུད་རྩའི་བཏུང་བ་དྲངས། གཉེན་གེར་མཛོད་ཀྱིས་དར་ཁྲ་བོའི་ན་བཟའ་གསོལ། དེ་ལ་སོགས་པའི་དགེ་མཚན་བརྗོད་ཀྱིས་མི་ལང་པའི་གྲགས་སྙན་ཕྱོགས་བཅུ་ཁྱབ། གུ་རུ་རིན་པོ་ཆེས་ལྷ་བུ་ལ་མཚན་འཛམ་བུ་གླིང་གི་སྐྱེས་མཆོག་གེ་སར་ནོར་བུ་དགྲ་འདུལ་ཞེས་གསོལ། རེ་ཞིག་གི་བར་མཚན་དང་མཚན་དཔེའི་སྣང་བ་ཀུན་གསང་བའི་རྒྱས་བཏབས་ནས་དགོས་པའི་དབང་གིས་སྦས་ཚུལ་བརྟུལ་ཞུགས་ཀྱི་སྤྱོད་པ་ཁོ་ན་བརྐྱངས། སྐུ་འཁྲུངས་ནས་དགུང་ལོ་དྲུག་བར་རྫུ་འཕྲུལ་བརྟུལ་ཞུགས་ཀྱི་རོལ་རྩེད་ཁོ་ནར་མཛད་པ་ལ། འཕགས་པ་རྣམས་ཀྱིས་བཤད་ཀྱང་རྫོགས་པར་མི་འགྱུར་ན། གང་ཟག་སོ་སྐྱེ་རྣམས་ཀྱིས་བཤད་པར་ག་བ་ནུས། དོན་དུ་སྐུ་མཆོག་སྦས་ཚུལ་གྱི་སྤྲུལ་པ་སྣ་ཚོགས་མཛད་པ་ལ། སྤྲུལ་པ་གཅིག་གི་ནི་མ་ཡུམ་འགོག་གཟའི་རྩར་བཞུགས་ཏེ། མ་ལ་ཞབས་ཞུ་སྒྲུབ་ཁུལ་དུ་མཛད། སྤྲུལ་པ་གཅིག་ནི་རྔ་ཡབ་གླིང་དུ་ཕེབས་ཏེ། གུ་རུའི་མདུན་ཆོས་ཀྱི་ཉམས་བཞེས་གནང་སྟེ་རེས་འགའ་རྗེ་འབངས་གྲུབ་བརྙེས་རྒྱ་མཚོའི་ཚོགས་གྲལ་དུ་ཕེབས་ཏེ་ཚོགས་འཁོར་དང་། ཐབས་མཆོག་བདེ་བ་ཆེན་པོ་ལ་སྟོང་པ་དབྱིངས་ཀྱི་ཡུམ་དུ་སྦྱོར་བའི་བདེ་སྟོང་གི་རོལ་རྩེད་དང་། མ་རིག་པའི་འཁྲུལ་སྣང་རྣམ་རྟོག་བག་ཉལ་དང་བཅས་པའི་གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་རིག་པ་ཡེ་ཤེས་ཀྱི་སྟོང་དབྱིངས་སྙིང་རྗེ་ཆེན་པོའི་ཀློང་དུ་དམིགས་པ་མེད་པར་བསྒྲལ་བ་སོགས་སྦྱོར་སྒྲོལ་གྱི་སྤྱོད་པ་སྣ་ཚོགས་སུ་མཛད་ཅིང་བཞུགས་རེས་འགའ་མདོ་ཁམས་གནས་ཆེན་གནས་ཕྲན་གངས་བྲག་ལ་སོགས་སྒྲུབ་གནས་རྣམས་སུ་སྒྲུབ་པ་མཛད་ཅིང་རྩ་གསུམ་ལྷ་དང་སྲུང་མ་གྲུབ་བསྙེས་རིག་འཛིན་རྒྱ་མཚོའི་ཞལ་ཡང་ཡང་གཟིགས་ཤིང་ལུང་བསྟན་སོགས་དུ་མ་གནང་བ་དང་། ཁྲེགས་ཆོད་ཐོད་རྒལ་འོད་གསལ་གྱི་ལམ་ལ་རྩལ་སྦྱངས་ཏེ་གྲུབ་པའི་གོ་འཕང་མཐོན་པོར་བརྙེས་པའི་ཚུལ་བསྟན། སྤྲུལ་པ་གཅིག་ནི་རྫུ་འཕྲུལ་གྱི་མཐུས་སྐད་ཅིག་རེར་འཛམ་བུ་གླིང་དུ་བསྐོར་ཞིང་བོད་ཁམས་ལྷ་འདྲེ་ཡོངས་ལ་བཀའ་བསྒོས་ཐ་ཚིག་བསྒྲགས་ཤིང་རྡོ་རྗེའི་དམ་འོག་ལ་བཙུད་ནས། ཀུན་ཀྱང་སྨིན་གྲོལ་གྱི་ལམ་ལ་བཀོད། གནས་ཡུལ་ཀུན་ཏུ་ཕྱག་ཞབས་ཀྱི་རྗེས་སོགས་ངོ་མཚར་དད་རྟེན་དུ་འཇོག་པར་མཛད་ཅིང་ཞབས་ཀྱིས་མ་བཅགས་པ་མེད་པ་ལྟ་བུར་གནང་། བདུད་སྒོམ་པ་རཱ་ཛ་གཙོས་པའི་ཕྱི་བོན་མུ་སྟེགས་ངན་སྔགས་ཅན་ཐམས་ཅད་བརྟུལ་ཞུགས་ཀྱི་སྤྱོད་པས་བསྒྲལ། སྲིན་མོ་ཕྲ་མེན་ཐམས་ཅད་ཆམ་ལ་ཕབས། ཁྱད་པར་གློ་བུར་ལྷག་པའི་འབྱུང་པོ། འབྲི་ཀླུང་གི་གཟུགས་ཅན་གཟུགས་མེད་ལྷ་འདྲེ་རྣམས་དམ་ལ་བཙུད་ཅིང་སྲུང་མར་བསྐོས། དེ་ནས་དགུང་ལོ་དྲུག་ལ་ཕེབས་པར་ཆུ་ལུག་གི་ལོ་རྒྱལ་ཟླའི་ཚེས་བཅོ་ལྔ་ཉིན་རྨ་ཁོག་ཏུ་ས་བཟུང་། གཟུགས་ཅན་གྱི་མི་དང་གཟུགས་མེད་ལྷ་འདྲེས་བརྩེགས་པའི་སྐུ་མཁར་སེང་ཕྲུག་སྟག་རྫོང་བཞེངས། གླིང་གི་དཔའ་བརྟུལ་སུམ་ཅུ་ལ་སྐུ་མཁར་སུམ་ཅུ་ཐམ་པ་བཞེངས། དེ་སྐབས་སྔོན་སྨོན་རྟེན་འབྲེལ་ལས་དབང་གིས་གླིང་ཆེ་འབྲིང་ཆུང་གསུམ་རྨ་ཁོག་ཏུ་གནས་སྤོས་བྱས། དགུང་ལོ་བཅུ་གཅིག་བར་བརྟུལ་ཞུགས་རྫུ་འཕྲུལ་གྱི་རོལ་རྩེད་ཁོ་ན་མཛད། དགུང་ལོ་བཅུ་གཉིས་ལ་ཕེབས་སྐབས་ཅང་ཤེས་རྟའི་རྒྱལ་པོ། རྟ་མགྲིན་དབང་གི་སྤྲུལ་པ། འཕྲུལ་གྱི་འདོ་རྗེ་རྐྱང་རྒོད་འཕེལ་པོ་ཞེས་ཕ་རྟ་ལྷ་ཚངས་པའི་ཆིབས་རྟ་ཡིན་པ་ལ་ཤར་རྨ་ཆེན་སྤོམ་རའི་འདོ་བའི་རུས་ལས་ཆད། མ་ནི་བྱང་གི་རྐྱང་མོ་ཡིན་པའི་ལྷ་རྟ་དེ་བཟུང་མི་མ་ཡུམ་འགོག་གཟའ་དང་། སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་གྲོགས་སུ་ལྷ་ཀླུ་གཉན་གསུམ་གྱི་འཕྲུལ་གྱི་ཞགས་པས་བཟུང་བའི་ཆིབས་རྟ་དེ་ལ། སྒ་ཆས་ཡང་ལྷ་ཀླུ་གཉན་གསུམ་གྱི་ལས་ཟོག་རང་གྲུབ་ཏུ་ཡོད་པའི་མི་རྟ་གཉིས་གླིང་དཔའ་བརྟུལ་སུམ་ཅུའི་གྲལ་དུ་ཕེབས་ཏེ་རྟ་རྒྱུགས་གི་རྩལ་འགྲན་བྱས་པར། འདོ་ཆེན་རྐྱང་བུའི་རྫུ་འཕྲུལ་གྱིས་འཕུར་བ་སོགས་མ་ཡིན་པར་མངོན་སུམ་མགྱོགས་པའི་བང་གིས་རྟ་རྒྱུགས་གི་གོང་བ་མནན་ཅིང་། དགུང་ལོ་བཅུ་གཉིས་གླང་ལོའི་དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ཉིན་ཕྱི་ལོ་༡༠༥༠ ཤར་མདོ་ཁམས་ཚོ་དྲུག་གླིང་གི་སྤྱི་རྗེར་གསེར་ཁྲིར་མངའ་གསོལ་ཞུས། དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས། ནམ་མཁའ་ནས་ལྷ་རྣམས་ཀྱིས་རོལ་མོ་འཁྲོལ་ཞིང་འཇའ་འོད་ཀྱི་གུར་ཕུབ། བར་སྣང་ནས་དྲི་བཟང་པོའི་ངད་ལྡང་། ས་གཞི་འཇའ་འོད་ཀྱི་ཁེངས་ཤིང་། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་དགྱེས་པའི་གད་མོ་སྒྲོགས། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་ཤིག་པ་བརྗོད་ཅིང་མངའ་གསོལ་བར་མཛད། སྐུ་མཆོག་མཚན་དཔེའི་དཀྱིལ་འཁོར་ཉི་མ་གཞོན་ནུ་བཞིན་མངོན་སུམ་དུ་སྣང་བར་མཛད་པས། ནག་ཕྱོགས་བདུད་རིགས་ཀྱི་སེམས་ལ་མི་བཟོད་པའི་ཟུག་རྔུ་སྐྱེས་ཤིང་ཕམ་པའི་ཆོ་ངེས་བསྒྲགས དཀར་ཕྱོགས་རྣམ་པར་རྒྱལ་བའི་དགེ་མཚན་ནུབ་པ་མེད་པར་བསྒྲེངས་པའི་ལྟས་ཁྱད་པར་ཅན་བྱུང་། དེའི་ཚེ་འདོ་ཆེན་རྐྱང་བུའི་བཞད་པ་བརྒྱད་ཀྱི་འཚེར་དབྱངས་དང་བཅས་ཏེ་ལག་བྲོ་ཞིག་བརྡུང་པས་ས་རྣམ་པ་དྲུག་ཏུ་གཡོས་ཤིང་བྲག་རལ་བའི་རྐྱེན་གྱིས། རྨ་ཤེལ་བྲག་གི་གཏེར་སྒོ་རང་བྱེ་རུ་སོང་ནས། བྱུ་རུའི་ཚེ་དཔག་མེད། གསེར་གྱི་ཤཱཀྱ་ཐུབ་པ། དུང་གི་སྤྱན་རས་གཟིགས། གཡུའི་སྒྲོལ་མ་སྔོན་མོ། ཁྲོའི་ལས་མགོན་ནག་པོ་སོགས་ཀྱིས་གཙོས་སྐུ་གསུང་ཐུགས་རྟེན་ཁྱད་པར་ཅན་རྣམས་དང་། གཞན་ཡང་ཚེ་གོས་སྟོད་བེར་འཇིགས་མེད། ཟ་འོག་གི་བེར་ཆེན་སྨུག་པོ། རྨོག་རྗེ་རྒྱལ་བ་ཐོད་དཀར། ཁྲབ་རྗེ་ཁྲོ་ནག་ཟིལ་པ། དར་འཕྲུ་ཉི་མ་རང་ཤར། ཁྱུང་འཕྲུ་ཁམས་གསུམ་ཟིལ་གནོན། རྒྱལ་མཚན་བཀྲ་ཤིས་དགུ་བརྩེགས། སྭག་ལྷམ་སྡེ་བརྒྱད་ཟིལ་གནོན། རལ་གྲི་བཏབ་པ་ལན་མེད། མགུལ་གྭ་མ་མོའི་བླ་རྡོ། གྲུབ་པའི་རྒྱལ་མོའི་ཚེ་མདུད། སྟག་དོང་དགྲ་བླའི་རྫོང་ཆེན། གཟིག་ཤུབ་ཝེར་མའི་བླ་གནས། མདའ་རབ་དགུ་བཅུ་གོ་དགུ གཞུ་མོ་ར་རྒོད་འཁྱིལ་བ། མདུང་མོ་ཁམས་གསུམ་དགྲ་འདུལ། སྟྭ་ཆེན་བྲག་རི་ཧབ་བཤིགས། ཕུབ་མོ་རྦ་དཀར་གླིང་དྲུག ཞགས་པ་ཁམས་གསུམ་རང་འགུགས་སོགས་དགྲ་བླའི་གོ་མཚོན་རྣམས་སྔོན་སློབ་དཔོན་པདྨས་ལྷ་ཀླུ་གཉན་གསུམ་དང་། དྲེགས་པ་སྡེ་བརྒྱད་སོགས་ལ་བཅོལ་དམ་གནང་བ་རྣམས་སོ་སོའི་རིགས་ཀྱི་བདག་པོའི་དཀྱིལ་འཁོར་གྱི་གཙོ་བོར་མཐོང་ནས་མཛོད་དར་གྱིས་བཏེགས་ནས་ཕུལ། གླིང་གི་དཔའ་བརྟུལ་རྣམས་ཀྱང་ལས་ཅན་དག་པའི་འཁོར་ཡིན་སྟབས་རང་དབང་མེད་པར་དད་པ་ལྡོག་མེད་དུ་ཤར་ཞིང་ཚོ་དྲུག་གླིང་སྡེ་ཁྲ་མོའི་རྒྱལ་པོ་ལོས་ཡིན་སྙམས་པ་བྱུང་ནས་རྗེས་སུ་ཡིད་རང་གྱུར།

དེ་ནས་རིགས་གསུམ་གཅིག་བསྡུས་མིའི་ཟོལ་དུ་སྣང་བ་གེ་སར་ནོར་བུ་དགྲ་འདུལ་གྱིས་ཚོ་དྲུག་གླིང་སྡེ་ཁྲ་མོ་ལ་གསུང་གླུ་ཁྲོམ་ཆེན་ཟིལ་གནོན་བཀའ་སྩལ་ཞིང་ཁྲིམས་ཀྱི་སྒྲ་བསྒྲགས། ཞག་བདུན་ཕྲག་གསུམ་གྱི་རིང་གླིང་གི་དགའ་སྟོན་རྟེན་འབྲེལ་ཆེད་དུ་བཞུགས། དེ་ནས་གཏེར་རྫས་རྣམས་གདན་དྲངས་ནས། ལྷ་ཀླུ་གཉན་གསུམ་གྱི་སྤྲུལ་པའི་དམག་དཔུང་དང་། དཔའ་བརྟུལ་ཕུ་ནུ་སུམ་ཅུ་བཅས་ཏེ་སུམ་རྩེན་ལྷའི་དགའ་ཚལ་ནས་ལྷ་དབང་གཞོན་ནུ་གཡུལ་དུ་ཆས་པ་བཞིན་སྐུ་མཁར་སེང་ཕྲུག་སྟག་རྫོངས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར། རབ་སྔགས་བཙུན་གསུམ། མ་སྲུ་མོ་སྨན་སོགས་ཀྱིས་ཕེབས་ཞུས་གྲུབ་ནས། གཏེར་རྫས་རྣམས་ཕོ་བྲང་གི་ཡང་ཐོག་སྐྱིད་ཀྱི་ལྷ་མཁར་ལྡེམ་པ་ཞེས་ཚོམ་ཆེན་ནང་དུ་གདན་དྲངས་ནས་བཞུགས་སུ་གསོལ། དེ་ནས་བཟུང་མདོ་ཁམས་གླིང་གི་རྒྱལ་པོར་གྲགས།

དེ་ཉིད་ཀྱི་གྲོགས་སུ་ཛམ་ལྷའི་རྣམ་སྤྲུལ་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་སྲས་མོ་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཞེས་རྗེ་བཙུན་སྒྲོལ་མ་དཀར་མོའི་རྣམ་འཕུལ་དེ་ཉིད་ཁབ་ཏུ་བཞེས་ནས་གསང་བའི་གཟུང་མར་མངའ་གསོལ། དེ་ནས་ཕ་ཁུ་མཆེད་གསུམ་དང་། གར་པ་མཆེད་གསུམ། ཁྲ་གླག་སྤྱང་གསུམ། ཐུལ་ཕྲན་མི་བདུན། ཕུ་ནུ་སུམ་ཅུ་ཐམ་པ་བཅས་སྔར་རྒྱུན་བཞིན་སོ་སོར་དཔོན་ཐོབ་གོ་གནས་རང་འཇགས་ཐོག་ཕྱོགས་བཞིའི་ས་མཚམས་སུ་སྲུང་དམག་དང་བཅས་པ་འཇོག་པར་མཛད་ཅིང་དྲག་པོས་དམག་གི་བསྟན་པ་སྤེལ། རེ་ཞིག་གི་བར་ཟ་མཁར་རིང་མོའི་ནང་དུ་རྩ་གསུམ་བསྙེན་བསྒྲུབ་བཅད་རྒྱལ་བཞུགས། དགུང་ལོ་བཅོ་ལྔ་ལ་ཕེབས་པ་ཆུ་ཕོ་འབྲུག་གི་ལོར། རྩ་གསུམ་ལྷ་དང་ཌ་ཀིའི་ཐུགས་རྒྱུད་བསྐུར་ཞིང་བྱང་བདུད་ཀླུ་བཙན་འདུལ་བར་ཕེབས། ཡར་ལམ་བདུད་ཀྱི་སྒོ་སྲུང་གཟུགས་ཅན་གཟུགས་མེད་ཀྱི་བདུད་རིགས་རྣམས་བརྟུལ་ཞིང་ལམ་དུ་ཟླ་བ་གསུམ། བདུད་ཡུལ་དུ་ཕེབས་ནས་སྤྲུལ་པའི་ངང་ཟླ་བ་གསུམ་བཞུགས། ཞག་པོ་དགུ་བཅུ་གོ་དགུའི་སྟེང་བདུད་རྗེ་བརྟུལ། བདུད་ཡུལ་ཆོས་ལ་བསྒྱུར་ཞིང་། ཁ་གནོན་མཆོད་རྟེན་བཞེངས་རྒྱུ་སོགས་ཀྱི་སླར་ཡང་ལོ་གཅིག་བཞུགས་རྒྱུའི་ཐུགས་བཞེད་གནང་། འོན་ཀྱང་ལས་ཀྱི་མཁའ་འགྲོའམ། རྡོ་རྗེ་ཁྲོས་མ་ནག་མོའི་སྐྱེ་མཐའ་མེར་གཟའ་ནས་རྟེན་འབྲེལ་ཅུང་འཆུག་པའི་དབང་གིས་བདུད་ཀྱི་དམ་གྲིབ་དང་། བརྩོག་མནོལ་ཟས་གྲིབ་ཀྱི་རྣམ་པའི་རྐྱེན་གྱིས་ཟག་མེད་ཀྱི་ཏིང་ངེ་འཛིན་གྱི་ངང་དུ་ལོ་བདུན་རིང་བཞུགས། ཆོས་ལ་བསྒྱུར་བ་ལོ་གཅིག་ཙམ་འགོར། ཡར་ལམ་མར་ལམ་ཟླ་བ་དྲུག་བཅས་ཁྱོན་བདུད་ཡུལ་ལ་ཕེབས་ནས་གླིང་ཡུལ་མ་ཕེབས་བར་ལོ་དགུ་རིང་འགོར། གེ་སར་བདུད་ཡུལ་དུ་ཕེབས་ནས་ལོ་གཅིག་སོང་རྗེས་སེར་པོ་ཧོར་གྱི་དམག་སྣ་གླིང་ཕྱོགས་སུ་བསྟན་ཅིང་ཧོར་གླིང་གཡུལ་འགྱེད་ཀྱི་འགོ་ཚུགས། ལོ་དྲུག་གི་རིང་དམག་འཁྲུག་བྱས་པས་མཐར་ཧོར་གྱི་རྒྱལ་ཁ་ཐོབ། གེ་སར་གླིང་ཡུལ་དུ་ཕེབས་ནས་ལོ་གཅིག་གི་རྗེས་ཧོར་ཡུལ་དུ་ཕེབས་ནས་ཧོར་གྱི་རྒྱལ་བློན་ཚང་མ་བརྟུལ། ཧོར་ཡུལ་ཆོས་ལ་བསྒྱུར། དེ་ནས་བཟུང་། འཇང་དང་། ཤིང་ཁྲི། སྟག་གཟིགས་སོགས་བདུད་ཀྱི་སྡེ་ཆེན་པོ་བཞི། བྱེ་རི། ཨ་གྲགས། སོག་སྟོད་སྨད་བར་གསུམ། ཁ་ཆེ། གྲུ་གུ་ཞང་ཞུང་། མི་ཉག རྒྱ་ནག རི་ནུབ་སོགས་བོད་ཀྱི་མཐའ་མཚམས་བདུད་རྒྱལ་ཁག་དང་། གཞན་ཡང་ཕྱིའི་རྒྱལ་ཁག་སོགས་རྫོང་ཆེན་བཅོ་བརྒྱད། རྫོང་ཕྲན་བཅུ་གཉིས་དང་བཅས་པ་ལ་ཐབས་ཞི་བའི་སྒོ་ནས་དབང་དུ་བསྡུ་བ་དང་། ཕལ་ཆེར་མངོན་སྤྱོད་དྲག་པོའི་ནག་ཕྱོགས་བདུད་ཀྱི་རྗེ་འབངས་འཁོར་དང་བཅས་པ་མིང་མེད་རྩ་བརླག་ཏུ་བཏང་ནས། སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་ཡུལ་གྲུ་མཐའ་དབུས་ཀུན་ཏུ་ཁྱབ་བརྡལ་དུ་སྤེལ་ཞིང་། དཀར་ཕྱོགས་ཀྱི་དབུ་འཕང་དགུང་ལ་བསྟོད། འགྲོ་རྣམས་གནས་སྐབས་སྡུག་བསྔལ་དང་བྲལ་ཞིང་བདེ་སྐྱིད་ཆོས་གསུམ་ལ་ལོངས་སུ་སྤྱོད། སྐུ་ཚེ་སྨད་ལ་འཇིག་རྟེན་ཁམས་ཀྱི་གདུལ་བྱའི་བསམ་དབང་དང་མཐུན་པར། ངེས་དོན་རྫོགས་པ་ཆེན་པོའི་ཆོས་འཁོར་བླ་ན་མེད་པ་བསྐོར་བར་མཛད། དེ་ནས་བོད་ཁམས་བསོད་སྐལ་དམན་པ་དང་གདུལ་བྱ་གཞན་དོན་ལ་དགོངས་ཏེ་དགུང་ལོ་གཅིག་བརྒྱ་ལྔ་བཅུ་ཐམ་པར་བཞེས་པའི་སྐབས་སྤྱིར་གངས་ཅན་བོད། སྒོས་གླིང་པ་དཀར་པོའི་སྲས་བརྒྱུད་རྣམས་ལ་ལུང་བསྟན་བརྩེ་བའི་ཞལ་ཆེམས་རིམ་པར་སྩལ་ཏེ། ས་གཡོ་བ་དང་། སྒྲ་གྲགས་པ། སེང་ཕྲུག་སྟག་རྩེའི་ཕོ་བྲང་ཕྱི་ནང་ཚང་མ་འཇའ་འོད་ཀྱིས་ཁེངས་ཤིང་ལྷག་པར་འོད་ཀྱི་ཐིག་ལེ་རྔ་ཆེན་ཙམ་དང་། ཕུབ་ཙམ་གྱིས་ལྟེམ་མེར་གང་། དེ་དང་ལྷན་ཅིག་གདུལ་བྱའི་ཁམས་དབང་མོས་སྐལ་དང་མཐུན་པར་གཤེགས་ཚུལ་མི་འདྲ་བ་ བཅུ་གཉིས་མཛད་ཀྱང་། ངེས་པ་ལྟར་ན་སྐུ་འཇའ་འོད་ཀྱི་ཕུང་པོར་གྱུར་ཏེ། སྐྲ་སེན་བྱིན་བརླབས་ཆེད་འཇོག་པར་མཛད་སྟེ། ཕུང་པོ་ལྷག་མ་མེད་པར་འཇའ་ལུས་ཆོས་སྐུའི་གོ་འཕང་མངོན་དུ་གཤེགས་པར་མཛད་པའོ། སྤྲུལ་གཞི་འོད་དཔག་མེད། རིགས་གསུམ་མགོན་པོ། གུ་རུ་པདྨ་འབྱུང་གནས་སོགས་ཀྱི་ཐུགས་ཀར་བསྡུས། སྤྲུལ་པ་སྣ་ཚོགས་ཀྱིས་སྐུ་གསུམ་ཞིང་ཁམས་རྣམས་སུ་སླར་ཡང་འགྲོ་བའི་དོན་མཛད་བཞིན་པའོ། དེར་མ་ཟད་དཔའ་བརྟུལ་ཕུ་ནུ་རྣམས་ཀྱང་སྔ་ཕྱི་ཅུང་ཟད་ཙམ་ལས་ངོ་མཚར་བའི་ལྟས་དང་བཅས་འཇའ་ལུས་སུ་གཤེགས། གླིང་གི་འདན་མས་དཔའ་བརྟུལ་རྣམས་ཀྱི་དགོངས་རྫོགས་མཆོད་འབུལ་སོགས་གྲུས་ནས་བལ་ ཡུལ་བརྒྱུད་བྲག་ཕུག་མ་ར་ཏི་ཀར་ཡུད་ཙམ་བཞུགས། མཐར་རྒྱ་གར་ཕྱོགས་དཔལ་གྱི་རི་བོར་སྤྱོད་པ་ལ་གཤེགས་ཤིང་ཆོས་སྐུའི་གོ་འཕང་མངོན་དུ་མཛད་པའོ། ལྷ་རྟ་རྐྱང་རྒོད་ཕེར་པོ་ཡང་བཞད་པ་བརྒྱད་ཀྱི་འཚེར་དབྱངས་དང་བཅས་ཏེ་འཇའ་འོད་དཔུང་ངེར་བདེ་བ་ཅན་གྱི་ཞིང་ཁམས་སུ་སྤྲུལ་གཞི་རྟ་མགྲིན་གྱི་ཐུགས་ཀར་བསྡུས། སྤྱི་དཔོན་རོང་ཚ་ཁྲ་རྒན་ནི་དགུང་ལོ་ཉིས་བརྒྱ་བཅུ་ལ་བཞུགས་ནས་མཐར་འཇའ་ལུས་ཆོས་སྐུའི་གོ་འཕང་མངོན་དུ་གཤེགས་པར་མཛད། ངེས་པ་ལྟར་ན་འཆི་མེད་ཚེའི་རིག་འཛིན་ལ་མངའ་བརྙེས་པས་གཤེགས་བཞུད་ཀྱི་མཚན་མ་བྲལ། གདུལ་བྱ་ཁ་གཅིག་གི་ངོར་ད་ལྟའང་མདོ་ཁམས་རྨ་སྤོན་རའི་མགུར་དུ་བཞུགས་བཞིན་པ་ལས་ལྡན་དག་གིས་དངོས་སུ་མཇལ་བ་དང་། གླིང་གི་རྒྱལ་སྲིད་འཛིན་པའི་ལྷ་སྲས་ནི། གེ་སར་རྒྱལ་པོའི་ཕུ་བོ་གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་གདུང་སྲས། རྒྱལ་སྲས་ཀུན་ཏུ་བཟང་པོའི་རྣམ་རོལ་ཚངས་སྲས་དོན་གྲུབ་གཟི་ལྡན་རྩལ་ཉིད་མིའི་སྲིད་པ་བཟུང་བ་རྒྱལ་སྲས་དགྲ་ལྷ་རྩེ་རྒྱལ་ཏེ་དེ་ཉིད་སྤྱི་ལོ་༡ ༠༥༠ རབ་བྱུང་དང་པོའི་ལྕགས་སྟག་ལོར་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། གཞན་གྱི་ལོ་སྐྱེད་ལས་ཀྱང་ཟླ་སྐྱེད་ཆེ་བར་གྱུར་ནས། ཆུང་ངུའི་དུས་ནས་ཕྱི་ནང་གི་དགྲ་ཐབས་ལ་མཁས་ཤིང་དཔའ་བརྟུལ་དཔའ་བོའི་ཚོགས་ཀྱི་གཙོ་བོར་མངའ་གསོལ། ཁུ་བོ་གེ་སར་རྒྱལ་པོས་ཚོ་དྲུག་གླིང་གི་རྒྱལ་པོའི་དབང་བསྒྱུར་ནས་བཟུང་སྟེ་རྒྱལ་ཐབས་ཕྲིན་ལས་ཀྱི་ཁུར་འཛིན་གནང་སྟེ། ནག་ཕྱོགས་བདུད་ཀྱི་བསྟན་པ་རྩད་ནས་བསྣུབས། དཀར་ཕྱོགས་སངས་རྒྱས་ཀྱི་དབུ་འཕང་དགུང་ལ་བསྟོད་ནས་སྐུ་ཚེ་དང་མཛད་ཕྲིན་མཐར་ཕྱིན། རྗེ་འདིའི་སྲས་ལྷ་ལྡན་འོད་དཀར་ནས་བཟུང་རྒྱལ་བརྒྱུད་འཛིན་པའི་གདུང་བརྒྱུད་རིམ་པར་བྱོན་པ་གླིང་དཀར་རྒྱལ་པོའི་གདན་སར་དབང་བསྒྱུར་ཞིང་གདུང་བརྒྱུད་བར་མ་ཆད་པ་ད་ལྟའང་གླིང་ཚང་རྒྱལ་པོ་ཞེས་ལྷ་སྲས་རྒྱལ་བརྒྱུད་རྩོད་མེད་དུ་བཞུགས་པ་དང་། མ་ཟད་ལྷ་སྲས་དགྲ་ལྷའི་སྲས་བརྒྱུད་ཞིག་གདུལ་བྱའི་དབང་གིས་གཙང་དུ་ཕེབས་ཏེ་རིན་ཆེན་སྒང་དུ་གཏན་ཆགས་པའི་གདུང་བརྒྱུད་ལས་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་སྐུ་བལྟམས་པའི་ཚུལ་རྣམ་ཐར་ལས་གསལ་བ་དང་། གཞན་དཔའ་བརྟུལ་རྣམས་ཀྱི་གདུང་རིགས་ཀྱང་བཀའ་བློན་ཚ་ཞང་འདན་མའི་སྲས་བརྒྱུད་ལས་བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་༧ རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་སྐུ་བལྟམས་པའི་ཚུལ་རྗེ་ཉིད་ཀྱི་གསུང་མགུར་ལས་གསལ་བ་དང་། འབྲུ་རྒ་བདེའི་བརྒྱུད་པ་ནང་ཆེན་རྒྱལ་པོ་རིམ་བྱོན། སྟག་རོང་གདུང་བརྒྱུད་སྡེ་དགེ་ནང་ཆེན་བཅས་ཁག་གཉིས་སུ་ཡོད་པ་ད་ལྟའང་ཡོངས་གྲགས་ལྟར་ལ། རྣམ་ཐར་རྒྱས་པ་ནི་སྐུ་འཁྲུངས་ནས་མྱ་ངན་ལས་མ་འདས་བར་གྱི་མཛད་པ་ཁུངས་ལྡན་སྒྲུང་ཡིག་དག་ལས་ཤེས་པར་བྱའོ། ཞེས་པའང་སུད་སི་ལན་ཁམས་རི་བོ་ཆེ་བློ་བཟང་རྡོ་རྗེ་མཆོག་ནས་འདི་ལྟར་འབྲི་དགོས་ཞེས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཤར་མདོ་ཁམས་པ་དཔའ་བོ་གླིང་གི་སྐྱེ་སྤྲུལ་རི་བླའི་གདུང་འཛིན་ནམ་མཁའ་དྲི་མེད་རབ་འབྱམས་པས་རྒྱ་གར་ལྷོ་ཕྱོགས་ཨོ་རིས་ཐུབ་བསྟན་སྨིན་གྲོལ་གླིང་དགོན་དུ་ས་རྟ་ལོ་རྒྱལ་ཟླའི་བཅོ་ལྔ་ཉིན་བྲིས་པ་དགེ་ལེགས་འཕེལ

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*