རྫོང་གསར་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་ཞལ་གསུངས་ཕྱག་བྲིས་མ།


ཤངས་ཐོ་ཆོས་གླིང་སྤྲུལ་སྐུ་དང་ཞབས་ཕྱི་ཀརྨ་ཚུལ་ཁྲིམས་གཉིས་ལ་འཕགས་ཡུལ་ནས་མཁན་ཆེན་༧ཀུན་དགའ་དབང་ཕྱུག་མཆོག་གིས་བསྐུར་མཛད་པའི་ནང་མཆིད་ཞལ་གདམས་བཞུགས་སོ། །

མཁྱེན་ལྡན་བརྩེ་སྙིང་ཆོས་གླིང་དང་། ཀརྨ་ཚུལ་ཁྲིམས་དཔོན་ཏོག་ལྷན་ཕྱག་ཏུ་ཕུལ་ཞུས། ཁྱེད་དཔོན་ཏོག་བསྟན་དོན་ལ་འགན་ཁུར་ཆེར་བཞེས་གནང་མུས་ནས། འདིར་ནང་བརྩེའི་མཚོན་རྟེན་དུ་དར་དང་། གྲོ་མ་རས་ཁུག བཟང་ཇ་བག་གཉིས་བཅས་གནང་འབྱོར་བྱུང་བར་དངོས་མཇལ་ལྟར་དགའ་སྤྲོ་སྐྱེས། འདིར་གནས་ཕྲན་ཡང་འདུ་ཕུང་བདེ་ཞིང་། ན་ལོར་སྔོན་ཞུས་རྒྱུན་ལྟར་ཡང་སྲིད་རིན་པོ་ཆེའི་ཐུགས་བཞེད་བཞིན་ཕྱོགས་འདུས་བཅོ་ལྔ་ཡན་མན་ལ་གཞུང་བཤད་བགྱིད་ཁུལ་གནས།
མཚམས་ཞུ། དེར་ཁྱེད་རྣམ་གཉིས་ཡང་སྐུ་ཚེ་མཐར་ཕྱིན་གྱིས་ཐུགས་བཞེད་གེགས་མེད་འགྲུབ་པའི་དམིགས་འདུན་རྒྱུན་མར་བགྱིད། ན་ལོར་ཀླུ་ལྡིང་མཁན་རིན་པོ་ཆེ་དེར་ཕྱོགས་ཕེབས་པའི་བཀའ་དྲིན་ལ་བརྟེན། གཙོ་བོར་དགེ་ཚུལ་སློང་དང་། གཞན་སེམས་བསྐྱེད། གསང་སྔགས་ཀྱི་དབང་བསྐུར་བཅས་ཐོབ་མཁན་མང་པོར་བྱུང་ཐོས་ཀྱིས་དགའ་སྤྲོ་ཚད་མེད་སྐྱེས། དེའང་སངས་རྒྱས་ཀྱི་བསྟན་པ་ངོ་མ་ནི། ལུང་རྟོགས་གཉིས་ཡིན་པ་དང་། དེ་འཛིན་པའང་ལུང་གི་ཆོས་ལ་འཆད་ཉན་བྱེད་རྒྱུ་དང་། རྟོགས་པའི་ཆོས་ལ་སྒྲུབ་པ་བྱེད་རྒྱུ་དེ་ཡིན་ཞིང་། བསྒྲུབ་བྱའང་བསླབ་པ་གསུམ་ལས་གཙོ་བོ་ཚུལ་ཁྲིམས་ཀྱི་བསླབ་པ་སྟེ། དགེ་ཚུལ་སློང་གི་སྡོམ་པ་རྣམ་དག་སྲུང་རྒྱུ་དེ་ཡིན་སྟབས། དེའི་སྲུང་བྱ་གཙོ་བོ་ནི། གསོད་སེམས་ཀྱིས་ཀུན་ནས་བསློངས་ཏེ་མི་གསོད་པ་དང་། བརྐུ་བའི་སེམས་ཀྱིས་གཞན་གྱི་རྒྱུ་ནོར་བརྐུ་འཕྲོག་བྱེད་པ། ཆགས་སེམས་ཀྱིས་བུད་མེད་ལ་མི་ཚངས་པ་སྤྱོད་པ། བདེན་པའི་འདུ་ཤེས་གཞན་དུ་བསྒྱུར་ཏེ་ལྷ་དང་འདྲེ་སོགས་མཐོང་ཐོས་དང་། འདས་མ་འོངས་ལུང་བསྟན་གྱིས་མངོན་ཤེས་བཤད་པ་སྟེ། མི་ཆོས་བླ་མའི་བརྫུན་དང་བཅས་བཞི་པོ་དེ་གང་དང་འགལ་ན་སྡོམ་པ་རྩ་བ་ནས་ཉམས་པའི་རྒྱུ་ཡིན་པ་དང་། དེའི་ཐོག་ཆང་གི་བཏུང་བ་བཅས་ལྔ་པོ་དེ་ནི། རང་གི་སྲོག་དང་བསྡོས་ཏེ་སྲུང་དགོས་པའི་བསླབ་བྱ་ཤིན་ཏུ་མདོར་བསྡུས་ཡིན་པས་དེ་དང་། བྱང་ཆུབ་སེམས་བསྐྱེད་ཀྱི་བསླབ་བྱ་ལ། ལུས་ངག་ཡིད་གསུམ་གྱི་དགེ་བ་ཆེ་ཕྲ་ཅི་སྒྲུབ་ཚང་མ་ལ་སེམས་ཅན་ཐམས་ཅད་ཕ་མ་ཡིན་སྟབས། དེའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བསམ་པ་སེམས་བསྐྱེད་ཀྱིས་ཟིན་པ་དང་། དངོས་གཞིར་མ་ཡེངས་པ། རྗེས་དགེ་རྩ་དེ་ཡང་བྱང་ཆུབ་ཏུ་བསྔོ་བ་རྣམ་དག་བྱེད་རྒྱུ་དེ་རྣམས་གཙོ་བོ་ཡིན་པ་དང་། གསང་སྔགས་ཀྱི་དབང་གི་དམ་ཚིག་ཏུ་ལམ་དུས་སོགས་རབ་ཐུན་བཞི་མ་ཆགས་པ་དང་། འབྲིང་ཐུན་གཉིས། ཐ་མར་ཐུན་རེ། དབང་དུས་ལས་མ་ཡོལ་བར་ཉམས་ལེན་གལ་ཆེ་བ་དང་། དེ་ཐམས་ཅད་ཀྱི་རྩ་བ་ནི། རང་གི་རྩ་བའི་བླ་མ་དེ་སངས་རྒྱས་དངོས་མཐོང་གི་འདུ་ཤེས་ཀྱིས་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་ནི། གསང་སྔགས་ཀྱི་ཉམས་ལེན་གྱི་གཙོ་བོར་གསུངས་པས་མཁྱེན་གལ་ཆེ། དེ་ལས་གཞན་དུ་གྱུར་ཚེ། ཆོས་རྗེ་ས་པཎ་གྱི་ཞལ་ནས། དགེ་སྦྱོང་སྡོམ་པ་མེད་པ་དང་། །རྒྱལ་སྲས་སེམས་བསྐྱེད་མ་ཐོབ་པ། །སྔགས་པ་དབང་བསྐུར་མེད་པ་གསུམ། །སངས་རྒྱས་བསྟན་པའི་ཆོམ་རྐུན་ཡིན། །ཅེས་གསུངས། དེ་སྔར་སངས་རྒྱས་ཀྱི་བསྟན་པ་ཉམས་པ་ནི། གཙོ་བོ་འདུལ་བའི་བསྟན་པ་དེ་ཉམས་སོང་བ་རེད་འདུག ཡར་གསོ་རྒྱུའང་གཙོ་བོ་དེ་ཉམས་གསོ་བྱེད་ཐུབ་པ་གལ་ཤིན་ཏུ་ཆེ། བསྟན་པ་གནས་སྟོང་གི་རྩ་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཕན་བདེའི་རྩ་བ་ནི། དམ་ཆོས་འདུལ་བའི་བསྟན་པ་ཡིན་ཞིང་། དེ་ནི་དགེ་ཚུལ་སློང་གི་སྡོམ་པ་ཡིན་པར་བརྟེན། དེ་མི་ཉམས་པར་སྲུང་བ་དང་། ཉམས་པ་ཕྱིར་བཅོས་པ། གོང་འཕེལ་དུ་གཏོང་བ་བཅས་ལ་ནི། ཟླ་ཕྱེད་ཀྱི་གསོ་སྦྱོང་དང་། དབྱར་གནས། དེ་མཐར་དགག་དབྱེ་བཅས་ལ་རགས་ལས་པར་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པས། དེ་རྣམས་གནས་དུས་དང་བསྟུན་ཏེ་རིམ་དཔྱད་གནང་རྒྱུ་དང་། རྒྱུན་དུ་དད་ཅན་གྱི་མང་ཚོགས་ལ་འབྲེལ་འཇོག་ནི་གཙོ་བོར་སངས་རྒྱས། ཆོས། དགེ་འདུན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བཅུག་པ་དང་། དེའི་བསླབ་སྡོམ་གནང་བ་བཅས་ཀྱིས་རྐང་བཙུགས་ནས། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སུ་བཅུག དེས་ཐར་པའི་ས་བོན་བཏབས། དེ་ནས་འཁོར་བ་ལ་བློ་ལྡོག་གི་རིམ་པ་འདྲ་བྱུང་ན་ལེགས། གང་ལྟར་སེམས་ཅན་ཐམས་ཅད་ཕ་མར་ཡིན་པར་བརྟེན། དེའི་ཆེད་དུ་དམིགས་པ་བྱེད་དུ་བཅུག་སྟེ། སངས་རྒྱས་ཀྱི་གོ་འཕངས་ཐོབ་པའི་ཕྱིར་དུ། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཆོ་གའི་སྒོ་ནས་སྦྱིན་པའི་ཆ་རྐྱེན་བྱུང་ན་སྦྱིན་ཏེ། སངས་རྒྱས་ཀྱི་ས་བོན་བཏབས། གཞན་ཡང་དགེ་བསྙེན་གྱི་སྡོམ་པ་འདྲ་ཅི་རིགས་དང་། གསོ་སྦྱོང་ངམ། སྨྱུང་གནས་ཀྱི་སྡོམ་པ་སྦྱིན་པ་བཅས་དང་། བླ་མ་དང་དབྱེར་མེད་ཀྱིས། གུ་རུ་པད་འབྱུང་དང་། སྤྱན་རས་གཟིགས། རྗེ་བཙུན་སྒྲོལ་མ་རྣམས་ལ་གསོལ་བ་འདེབས། སྐྱབས་འགྲོ། མ་ཎི་དང་། སིདྡྷི། སྒྲོལ་མ་སོགས་ཅི་ཤེས་མི་སྒེར་དང་། མང་ཚོགས་ཀྱིས་མཉམ་སྒྲུབ་བཅས་གང་ནུས་བྱ། དེ་ཐམས་ཅད་ཀྱི་རྩ་བ་ནི། ཚེ་སྔ་ཕྱི་ཡོད་ངེས་པ་དང་། ལས་དགེ་སྡིག་དང་དེའི་འབྲས་བུ་བདེ་སྡུག མཐོ་རིས་དང་ངན་སོང་། འཁོར་བ་དང་མྱང་འདས་སོགས་ཡོད་ངེས་ལ་བློ་དྲངས་དགོས་ཤིང་། དེའི་ཐོག་ཏུ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བཟང་པོ་བཅས་བསྐྱེད་པ་གལ་ཆེ། མདོར་ན་ཆོས་ཐམས་ཅད་ཀྱི་རྩ་བ་ནི་སེམས་ཡིན་པར་གསུངས་པས། འཆི་གསོན་ཐུན་མོང་གི་དགེ་བསྐུལ་དེ་ཚོ་གནད་ཆེ་སྙམ། གཞན་ཅ་དངོས་ཀྱིས་བསྟན་རྩ་གང་མཛད་ཁྱེད་ལ་ཞུ་འོས་མ་མཆིས། ནང་སྟབས་སུ་ཕུལ་བར་སོང་བས་ཐུགས་ཁྲེལ་མི་བཞེས་འཚལ། བསམ་བཟང་ཚུལ་གྱིས། ཀུན་དགའ་དབང་ཕྱུག་ཅེས་པའི་བྱ་བཏང་བན་ཧྲུལ་དེས་བོད་ཤིང་བྱི་ཟླ་༣ཚེས་ལ་གུས་པས་ཕུལ། །

ཆོས་གླིང་མཆོག་སྤྲུལ་འཇམ་དབྱངས་བསྟན་པ་རབ་རྒྱས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*