མཛངས་པ་ཞེས་པའི་ཐ་སྙད་ཀྱི་ཁུངས་མདོར་ཙམ་བཤད་པ།

 མཛངས་པ་ཞེས་ཐ་སྙད་ཀྱི་ཁུངས་མདོར་ཙམ་བཤད་པ།

                 རྩོམ་པ་པོ།  དགེ་བཤེས་སྨོན་ལམ།( སྨོན་ལམ་ཚིག་མཛོད་རྩོམ་པ་པོ།)

དེང་སང་དྲ་ལམ་ན་མང་པོ་ཞིག་གིས་ཐ་སྙད་དེར་འགྲེལ་བཤད་འདྲ་མིན་དང་བདེ་མིན། རང་བཟོ་ཡིན་མིན་མིང་པོ་བརྗོད་བཞིན་འདུག སྤྱིར་ཐ་སྙད་དེ་བོད་ཀྱི་བཙན་པོའི་དུས་ནས་ད་བར་བེད་སྤྱོད་ཡོད་པའི་ཐ་སྙད་ཞིག་ཡིན་པ་མ་ཟད། ཡིག་ཚང་རྙིང་པ་ཁག་ན་རྒྱུན་ལྡན་གྱི་ཐ་སྙད་ཞིག་ལས་གཞན་མིན། འོན་ཀྱང་འདིར་ཐ་སྙད་དེ་ཚིག་མཛོད་དུ་བཀོད་པའི་ཁུངས་ལུང་འདྲི་མཁན་བྱུང་བས་མདོར་བསྡུས་ཤིག་དཔྱད་གཞིའི་ཚུལ་དུ་ཕུལ་བ་ལགས། བྱེ་བྲག་རྟོག་བྱེད་ལས་ “མཁས་པའམ་མཛངས་པ། མཁས་པའམ་རྟོགས་པ།”ལྡེའུ་ཆོས་འབྱུང་ལས་ “བསྟོད་པ་གསུམ། དཔའ་བོ་སྟག་གིས་མ་བསྟོད་ན། དཔའ་བོ་བྱས་པའི་དོན་མེད། མཛངས་པ་ལ་ཡིག་ཚང་གིས་མ་བསྟོད་ན། མཛངས་པ་ཡིད་ཞི་འགྲོ། ལེགས་པ་བྱ་དགས་མ་བསྟོད་ན། ལེགས་པ་བྱེད་པའི་རུ་མ་མེད་པའོ། །”  མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་གཉིས་པ་རིག་པའི་གནས་ལས་ས་ཆུ་ཤིང་གི་དཔྱད་པའི་སྐོར་ལས་བྱུང་བ་སྟེ། མདོ་རྒྱུད་མཛོད་ཧ་པ་ལས་ “ཕྱུག་པོ་ན་ལ་ཡོད། དཔའ་བོ་བྲག་ལ་ཡོད། འཕན་པོ་ཤང་ལ་ཡོད། མགྱོགས་པོ་ཆུ་ལ་ཡོད། མཛངས་པ་ཐང་ལ་ཡོད་པ” ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ལས་ “བརྒྱད་དུ་མཛངས་པ་རྒྱ་མོ་ཨོང་ཅོང་གིས། །གོས་ལ་ཕོ་ཆས་མོ་ཆས་སོ་སོར་ཕྱེ། །ལས་ལ་ཕོ་ལས་མོ་ལས་སོ་སོར་ཕྱེ། །”ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ “བཙན་པོའི་ཞལ་ནས་སང་ཤི་ལྟ་བུ་རྒྱ་ཕྲུག་མཛངས་པ་ཞོ་ཤ་ཕུལ་སྟེ་” ཞེས་དང་། ཡང་དེ་ཉིད་ལས། “ཁྱེད་བོད་འབངས་མཛངས་པ་རྣམས་གླེངས་ཅེས་གསུང་པས་བློན་ཆེན་མགོས་རྒན་ན་རེ།” ཞེས་སོགས་དང་། ཡང་དེ་ཉིད་ལས་ “བློན་ཆེན་པོའི་ཐབས་བསྩལ་མིང་ཡང་རྒྱ་ཕྲུག་མཛངས་པ་པོར་བཏགས།” ཡང་དེ་ཉིད་ལས། “མཛངས་པའི་རྐྱེན་དུ་ཡིག་ཚང་བསྐོས། ངན་པའི་རྐྱེན་དུ་སྟག་ཀྱ་བསྐོས།” ཡང་དེ་ཉིད་ལས། “དཔའ་བོའི་དགེ་དགྲ་མགོ་ནོན་པའོ། །མཛངས་པའི་དགེ་སྲིད་ཀྱི་མདུན་ས་ཟིན་པ།” ཡང་དེ་ཉིད་ལས། “མཛངས་པ་ལ་ཡིག་ཚང་གིས་མ་བསྟོད་ན། མཛངས་པ་ཡི་(ཡིད་)ཞི་འགྲོ།” འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས། “མཁས་བ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ཤེས་རབ་བོ། །མཛངས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་བོ། །” བསྟན་འགྱུར། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་ལས། “ཕན་པ་དང་གནོད་པའི་དམིགས་མི་ཤེས་པར་བྱེད་པ་ཡིན་ན་དེ་ལ་ལྟ་མཛངས་པ་སུ་ཞིག་བསྟེན་པར་བྱེད།” རྣམ་པར་བཤད་པ་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ་ལས། “ཞིབ་མོས་བརྟགས་པའི་མཁས་པ་དང༌། མཛངས་པས་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དང༌།” རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས། “མཛངས་པ་བློ་རྒྱ་ཅན་ནི་མི་ཆོས་ཀྱི་ཆོ་འབྲང་ཡིན་པས་ཏུགས་ལ་མངའ་ཞིང༌། གཞིག་པ་མཛད་ནས་དུས་ལ་བགྲངས་པ་ཡིན་ནོ། །” དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། “མཛངས་པའི་ཡོན་ཏན་གྱི་དུ་ཀཱུ་ལའི་བ་དན་དཀར་པོ་སྲིད་པའི་རྩེ་མོར་གཡོ་བའི་པཎ་གྲུབ་དམ་པ་དཱི་པཾ་ཀ་ར་ཤྲཱི་ཛྙ་ནའི་སྙན་གྲགས།” ཡང་དེ་ཉིད་ལས། “མཛངས་པའི་འཕྲུལ་གྱིས་རྒྱལ་ཐབས་ལེགས་སྒྲུབ་པ། མཛངས་པའི་ངང་ཚུལ་གཡར་དམ་གཅེས་པར་འཚལ།”

གསལ་བཤད། གོང་དུ་བརྗོད་པ་ནི་མཛངས་པ་ཞེས་པའི་ཐ་སྙད་ཀྱི་ཁུངས་བསྟན་པ་ཙམ་ལས་ཕོ་གསར་འགྲན་བསྡུར་ལ་ཐ་སྙད་དེ་སྦྱར་རུང་མིན་ལ་ཇུས་གཏོགས་རྩ་བ་ནས་མེད་དོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*