མིའི་སྤུས་ཚད་མཐོར་འདེགས་ལ་མེད་དུ་མི་རུང་བའི་སྤྱོད་ལམ་བཅོ་ལྔ།

 


མཁས་པའི་དབང་པོ་ཚུལ་ཁྲིམས་བློ་གྲོས།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་གསེར་ཐང་བླ་རུང་དུ་རྒྱལ་བོ་ལུགས་ཀྱི་བསྟན་བཅོས་བཀའ་ཁྲིད་གནང་སྐབས་མིའི་སྤུས་ཚད་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་ཀུན་སྤྱོད་དང་འགྲོ་སྟངས་ལས་ཤེས་ཐུབ་པས་ང་ཚོས་ཡང་སྤྱོད་ལམ་བཅོ་ལྔ་པོ་འདི་སློབ་སྦྱོང་བྱས་ནས་ངེས་པར་དུ་འཚོ་བའི་ནང་དུ་ལྡན་དགོས་ཞེས་གསུངས་སོང་།

དེང་སང་འཛམ་བུ་གླིང་གི་མིའི་རིགས་དང་རྒྱལ་ཁབ་བར་གྱི་མི་ཡི་སྤུས་ཚད་ཐོག་ནས་ཨང་རིམ་གྱི་ཁྱད་པར་ཞིག་བཤད་ཡོད་པ་རེད། ཉི་ཧོང་ཚང་ནི་ཨང་དང་པོ་རེད་འདུག ཨ་མི་རི་ཀ་ཨང་གཉིས་པ་རེད། རྒྱ་ནག་ཚང་ཨང་ ༡༦༨ པ་རེད་འདུག ང་ཚོ་བོད་པ་ཚང་ཡིན་ནའང་ཨང་ ༡༦༨ མིན་ནའང་ ༡༦༥ དང་ཡང་ན༡༦༦ ཙམ་ཞིག་ངེད་པར་ཡིན་རྒྱུ་རེད། དེས་ན་མི་ཡི་སྤུས་ཚད་དེ་ཇི་ལྟར་མཐོར་འདེགས་སུ་གཏོང་དགོས་པ་རེད་ཟེར་ན།

༡༽ རྒྱུན་པར་ཁ་པར་གཏོང་དུས་སྐད་ཆེན་པོས་ཉེ་འཁོར་གྱི་མི་རྣམས་ལ་བར་ཆད་དང་སུན་པོ་བཟོ་མི་རུང་།

༢༽ མི་གཞན་ལ་སྐད་ཆ་བཤད་སྐབས་སྐད་གདངས་ཅུང་དམའ་མོ་དང་ངག་ཚིག་འཇམ་ལ་གུས་ཚིག་ལྡན་པའི་སྒོ་ནས་སྐད་ཆ་བཤད་དགོས།

༣༽ མི་གཞན་གྱིས་ཁྱོད་ལ་འགྲོ་ལམ་དང་ས་གནས་སོགས་འདྲི་སྐབས་ངག་འཇམ་པོ་དང་རྣམ་འགྱུར་ལེགས་པའི་སྒོ་ནས་ལན་འདེབས་དགོས།

༤༽ ཟས་བཟའ་དུས་འུར་ཆེན་པོ་བརྒྱབས་ཏེ་གཞན་དག་ལ་བར་ཆད་དང་སུན་པོ་མ་བཟོ་ཁོར་ཡུག་དང་བསྟུན་ཤེས་དགོས།

༥༽ ཟ་ཁང་ནང་ནས་ཟ་མ་འཁྱེར་སྔ་ཕྱི་ཙམ་ལ་ཁོང་ཁྲོ་ལངས་ཏེ་ཅོག་ཙེའི་ཐོག་ཏུ་ཁུ་ཚུར་བསྣུན་པ་དང་ཞབས་ཕྱི་བར་ཚིག་རྩུབ་སྨྲ་བ་སོགས་མི་རུང་།

༦༽ ཟ་ཁང་ནང་ནས་ཟ་མ་ཟ་སྐབས་ཟས་ལྷག་འཐུང་ལྷག་བྱུང་ན་ཁུག་མའི་ནང་བླུགས་ཏེ་ངེས་པར་དུ་ཕྱིར་ཁྱིམ་ནང་དུ་འཁྱེར་དགོས།

༧ ༽ ཟ་ཁང་ནང་ནས་ཟ་མ་ཟ་སྐབས་ཟས་རིན་རང་རང་གིས་སྟེར་དགོས་ཀྱང་ཞབས་ཕྱི་བར་བཀའ་དྲིན་ཞུ་བ་དང་ཚིག་འཇམ་པོ་སྨྲ་ཞིང་བརྙས་བཅོས་མི་བྱ་བའི་སྤྱོད་ལམ་བཟང་པོ་ལྡན་དགོས།

༨༽ ཆོས་འཇིག་རྟེན་གང་གི་ངོས་ནས་བཤད་ན་དོན་མེད་ཀྱི་མི་ལ་བརྙས་བཅོས་དང་དམའ་འབེབ་ཚིག་ངན་སྨྲ་བ་ནི་ཧ་ཅང་མི་ལེགས་པའི་སྤྱོད་ལམ་ཞིག་ཡིན་པས་དེ་དག་ལ་ངེས་པར་དུ་གཟབ་དགོས།

༩ ༽ ལམ་ནང་དང་ཁོར་ཡུག་སོགས་ག་ས་གང་དུ་བཏུང་ཁུའི་ཤུབས་དང་ཆུ་ཤོག་སོགས་གད་སྙིགས་འཕེན་པ་ནི་སྤྱི་སེམས་མེད་པའི་བྱ་བ་ཡིན་པས་གང་བྱུང་དུ་གད་སྙིགས་མ་འཕེན།

༡༠ ༽ སྤྱི་སྒེར་གྱི་ལམ་དང་ཁོར་ཡུག་ལ་གང་བྱུང་དུ་གཏོར་བརླག་བྱེད་པ་ནི་ཚད་ལས་བརྒལ་བའི་ཁྲིམས་འགལ་གྱི་ལས་ཀ་ཡིན་པས་དེ་ལ་སྲུང་སྐྱོབས་བྱེད་པ་ལས་གཏོར་བརླག་གཏན་ནས་གཏོང་མི་རུང་།

༡༡ ༽ དེང་སང་མིའི་རིགས་དང་རྒྱལ་ཁབ་གང་ཡིན་རུང་སྤུས་ཚད་ཡོད་མེད་ཀྱི་ཁྱད་པར་གཙོ་བོ་དེ་གཙང་སྦྲ་བཟང་ངན་གྱིས་འབྱེད་ཀྱིན་ཡོད་པས། རང་གི་ལུས་དང་གྱོན་པ་གནས་ཁང་། ད་དུང་ཁོར་ཡུག་སོགས་ལ་གཙང་སྦྲ་ལེགས་པོ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེ་བ་ཡིན།དེ་ལྟར་བྱས་ན་རང་གཞན་ལ་ནད་མི་འབྱུང་བ་སེམས་ཁམས་དྭངས་ཤིང་རྣམ་རིག་བཀྲ་བ་སོགས་ཕན་ཐོག་རྒྱ་ཆེན་པོ་ཡོད་པ་རེད།

༡༢ ༽ ནམ་ཡང་རང་གིས་ཤེས་རྟོགས་དང་བརྟགས་དཔྱད་ཞིབ་དུ་མ་བཏང་བའི་སྐད་ཆ་གང་འདོད་དུ་བཤད་པ་ནི་རང་གིས་སྐད་ཆ་ལ་རང་གིས་འགན་མ་ཁུར་བ་ཡིན་པས་ཅིས་ཀྱང་གཟབ་དགོས།

༡༣༽ སྤྱི་ཚོགས་ཀྱི་སྒྲིག་ལམ་སྟེ་མི་ཚོགས་ཀྱི་བྱ་བའི་རིམ་པ་ལ་འཕྲེང་བསྒྲིག་རྒྱུ་དང་འགྲིམ་འགྲུལ་གྱི་སྒྲིག་ལམ་ཚང་མ་རང་མོས་ཀྱིས་བསྲུང་དགོས། ང་ཚོ་བོད་ལ་མི་ཚོགས་མང་པོ་འཛོམས་དུས་འཕྲེང་མི་སྒྲིག་པར་འཚང་ག་ཧ་ཅང་རྒྱག་པ་རེད། འགྲིམ་འགྲུལ་གྱི་སྒྲིག་ལམ་ཡང་མི་བསྲུང་བ་རེད། དེ་ནི་སྐྱོན་ཧ་ཅང་ཆེ་བ་དང་གོམས་གཤིས་ངན་པ་ཡིན་པས་ཅིས་ཀྱང་འགྱུར་བ་བཏང་སྟེ་སྤྱིའི་སྒྲིག་ལམ་ལ་རང་བརྩི་ལྡན་དགོས།

༡༤༽ མི་གཞན་གྱིས་རང་ལ་མི་ལེགས་པའི་བྱ་བ་ཅུང་ཟད་རེ་བྱས་ཚེ་དེ་མ་ཐག་ཁོང་ཁྲོ་མི་ལངས་བར་ཁོག་རྒྱ་ཆེ་དགོས།

༡༥༽ ཞེ་སྡང་དང་ཁོང་ཁྲོས་ནི་གནས་ལུགས་ལྟ་བྱེད་ཀྱིས་མིག་བསྒྲིབས་སྲིད་པས། སྐབས་དེར་གཞན་དག་ལ་སྐད་ཆ་མ་བཤད་ན་བཟང་། དེ་ཙམ་མ་ཐུབ་ནའང་ལག་གཏན་ནས་ཕྱུང་མི་རུང་། ཞེ་སྡང་ལངས་སྐབས་བཟོད་སྲན་མ་ཐུབ་པར་གཞན་ལ་ལག་ཕྱུང་བ་ཡིན་ན་མཐར་ཁྱོད་ལ་ཕམ་ཁ་མ་གཏོགས་རྒྱལ་ཁ་ཞིག་གཏན་ནས་མེད།

ཅེས་སོགས་མིའི་ཀུན་སྤྱོད་མཐོར་འདེགས་ལ་མཁོ་གལ་ཆེ་བའི་སློབ་སྟོན་མང་དུ་གནང་སོང་།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*