རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་མཁན་ཆེན་རྣམ་གཉིས་གླེང་།


༧རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་རྣམ་གཉིས་གླེང་བ།
སྒྱུར་བ་པོ། རྫ་ཚེ་རིང་བཀྲ་ཤིས།

(དེ་ཡང་༼མཁྱེན་བརྩེའི་རོགས་རེས欽哲互動༽ཞེས་པའི་འཛམ་གླིང་ས་ཁུལ་འདྲ་མིན་གྱི་སློབ་མས་རང་དབང་གིས་དྲི་བ་བཀོད་པར་མཁྱེན་བརྩེ་རིན་པོ་ཆེ་སྐུ་དངོས་ཀྱིས་དྲ་ལམ་བརྒྱུད་ལན་འདེབས་གནང་སའི་དྲ་ལམ་གླེང་སྟེགས་ཞིག་གིས་སྤྱི་ལོ་༢༠༡༧ ཟླ་༡ ཚེས་༢༢ ཉིན་སྤེལ་བའི་ནང་དོན་འདི་བཞིན། ཆོས་གྲོགས་དབང་སྟོད་སྤྲུལ་སྐུ་ཐུབ་ནོར་མཆོག་ནས་བཀའ་གནང་བཞིན་འཕྲལ་དུ་སྒྱུར་བ་ཡིན་པས་ཡིག་ནོར་དོན་ནོར་གང་མཆིས་ཀློག་པ་པོར་འཆགས)

སློབ་མའི་དྲི་བ།༽
རིན་པོ་ཆེ་ལགས། ཁྱེད་ཀྱིས་དགོངས་ན། ནང་པ་སངས་རྒྱས་པའི་མ་འོངས་པའི་ཆེས་སྔོན་སྐྱོད་མི་སྣ(領軍人物)ར་འགྱུར་རྒྱུའི་རེ་བ་ཆེ་ཤོས་དེ་སུ་ཡིན་པར་གཟིགས་ཀྱི་འདུག

རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་ལན།
ཁྱེད་ཀྱིས་དྲི་བ་འདི་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། གནས་བརྟན་སྡེ་པ་དང་། བསམ་གཏན་ཆོས་ལུགས་སམ། རྒྱ་ནག་ཐེག་ཆེན་གྱི་བརྒྱུད་པའི་ད་ཡོད་གནས་བབ་སྐོར་མང་པོ་ངས་ཤེས་ཀྱི་མེད། བོད་བརྒྱུད་ནང་བསྟན་གྱི་གནས་སྟངས་ཡང་ཉུང་ཉུང་མ་གཏོགས་ཤེས་ཀྱི་མེད། མདོར་ན་ངས་གང་བཤད་པ་དེ་རང་ཉིད་ཀྱི་བློ་རྒྱ་ཆུང་ཆུང་དང་ཕྱོགས་ལྷུང་ཅན་གྱི་གུ་དོག་གི་མཐོང་ཚུལ་ཙམ་རེད།

འོན་ཀྱང་། སངས་རྒྱས་ཀྱི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས། ནང་པ་སངས་རྒྱས་པའི་མ་འོངས་པའི་ཕྱོགས་ལ་སེམས་ཁྲལ་དང་དངངས་སྐྲག་རེ་ང་ལ་ཡང་ཏན་ཏན་འདུག
མི་རབས་རྗེས་མའི་ལོ་ན་གཞོན་པའི་བོད་བརྒྱུད་ནང་བསྟན་གྱི་སྣེ་ཁྲིད་མི་སྣ་དེ་ཚོས་མ་འོངས་པའི་ནང་ཆོས་ཀྱི་ཕྱོགས་ལ་འགན་འཁྲི་འཁུར་ཐུབ་པ་ཞིག་དགོས་ན་ལས་དོན་མང་པོ་ཞིག་ད་ལྟ་ནས་སྒྲུབ་དགོས་པ་ཞིག་རེད། ངས་ལབ་བཞིན་པའི་ན་གཞོན་ནི་ལོ་ཚད་ང་ཚོ་ལས་གཞོན་པ་ཚོར་ཟེར་གྱི་ཡོད།

བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ལ་མིག་སྐོར་ཞིག་རྒྱག་སྐབས། ངས་བསམ་ན་གསེར་རྟ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། མཁན་པོ་བསོད་དར་རྒྱས་རྣམ་པ་གཉིས་ཧ་ཅང་ཁྱད་དུ་འཕགས་པ་རེད་འདུག ང་ཁོང་གཉིས་དང་མཉམ་དུ་མཚར་ལོངས་བྱུང་བ་མ་རེད་ལ། ཁོང་གཉིས་ནི་ངའི་འདྲིས་ཞིབ་ཆེ་བའི་མི་ཡང་མ་རེད། འོན་ཀྱང་ལོ་འདི་ཀའི་རིང་ལ། ངའི་དོ་སྣང་དེ་རྟག་པར་ཁོང་གཉིས་ཀྱི་ཕྱོགས་སུ་དྲངས་སོང་།

དངོས་གནས་བྱས་ན། ཁོང་རྣམ་པ་གཉིས་ཀྱི་སྐོར་ལ་གླེང་སྐབས། བཤད་མཁན་ང་ལྟ་བུ་བློ་རྒྱ་ཆུང་ཆུང་དང་ཕྱོགས་རེའི་མིག་ཅན་ཞིག་ཡིན་མིན་ལ་མ་ལྟོས་པར་ངས་གང་བཤད་བཞིན་པའི་སྐད་ཆ་འདི་དག་ལ་དོ་སྣང་དང་མཐོང་ཆེན་གནང་རྒྱུའི་རེ་བ་ཡོད།
ང་ནི་རང་མཐོང་ང་རྒྱལ། ཕྲག་དོག་དང་འགྲན་སེམས་ཆེ་ཐག་ཆོད་བསྡད་མཁན་ཞིག་ཡིན་སྟབས། ངས་འདི་ལྟར་ང་ཡིས་གུས་ཞབས་ཆེ་ཤོས་ཞུ་ཡུལ་ཁོང་རྣམ་པ་གཉིས་ཡིན་ཞེས་ལབ་ཡོང་དུས་ཁྱེད་ཚོས་སེམས་ནང་དུ་བཞག་ན་འགྲིག་གི་རེད། རྒྱུ་མཚན་གང་ཡིན་ཟེར་ན། ང་ནི་ལས་སླ་པོས་སྐད་ཆ་འདི་འདྲ་བཤད་ཐུབ་མཁན་ཞིག་མིན།

དེང་སང་གི་དུས་སྐབས་འདིར། ངས་ན་གཞོན་མང་པོ་ཞིག་གི་སྐོར་ལ་གོ་ཐོས་བྱུང་ཞིང་། གསར་སྐྱེས་སྤྲུལ་སྐུ་དེ་ཚོའི་ལས་ལུགས་བཅའ་སྟངས་ཐད། དང་ཐོག་ང་ཚོས་ཁོང་ཚོར་རེ་བ་ཆེན་པོ་བརྒྱབ་ན་ཡང་། རྗེས་མ་ཁོང་ཚོ་དང་འབྲེལ་བའི་དོན་དག་འདྲ་མི་འདྲ་མང་པོ་གོ་ཡོང་དུས། ཐ་ན་ཁོང་ཚོ་ཡང་བསྐྱར་མཐོང་འདོད་ཀྱང་མེད་པ་ཞིག་ཆགས་ཀྱི་ཡོད།

དེ་ལས་ལྡོག་སྟེ། ཁོང་རྣམ་པ་གཉིས་ཀྱི་ཡོན་ཏན་དེ་ཚོ་གསར་པོར་ཤར་ནས་དུས་ཚོད་གང་འཚམས་རིང་པོ་ཞིག་ཕྱིན་ཟིན་པ་དང་། ཁོང་གཉིས་ཀྱི་ད་ལྟའི་མཚན་སྙན་གྲགས་དང་། ཐ་ན་རྗེས་འཇུག་པའི་གྲངས་ཀ་ཁོ་ནས་བསམ་ན་ཡང་། སྤྱིར་བཏང་བ་ངན་རུལ་བ་ཞིག་ཡིན་ན་རུལ་སུངས་སུ་འགྱུར་རྒྱུའི་རྒྱུ་རྐྱེན་ཡོངས་སུ་ཚང་བསྡད་ཡོད། འོན་ཀྱང་། དེ་འདྲའི་དོན་རྐྱེན་གང་ཡང་ཐོན་མ་སོང་།
ཁོང་གཉིས་ལ་ཕྲག་དོག་བྱེད་མཁན་ཉུང་ཤས་ཤིག་གིས་ཕྲག་དོག་གི་སྐད་ཆ་དེ་ཚོ་ལས་གཞན། ཐ་ན་མཁན་པོ་ཁོང་རྣམ་པ་གཉིས་ཀྱིས་མ་འོས་པའི་བྱ་བ་འདི་འདྲ་ཞིག་བྱས་པ་རེད་ཅེས་ལབ་པ་ཙམ་ཡང་གོ་མ་མྱོང་།

ཁོང་གཉིས་ཀྱི་མཁྱེན་པའི་ཡོན་ཏན་མི་ཚང་མས་ཤེས་པ་ཞིག་རེད། དེ་ཙམ་མ་རེད། ཁོང་གཉིས་ཕར་ལྟས་ན་ཡང་། ཁ་ཞེ་གཉིས་མེད་ཀྱིས་གཏམ་སྤྱོད་གཅིག་མཐུན་གནང་མཁན་ཞིག་ཆགས་བསྡད་ཡོད། ད་དུང་། ཁོང་གཉིས་ལ་ཆོས་རྗེས་ཆེ་གེ་མོ་དང་། རིམ་པ་མཐོ་བའི་བླ་མ་ཆེ་གེ་མོའི་ཡང་སྲིད་ཀྱི་མིང་མེད་ལ། དམིགས་བསལ་ལམ་དམིགས་བསལ་དབང་ཚད་མངའ་བའི་ཁྱིམ་རྒྱུད་དུ་སྐྱེས་པའི་རྒྱབ་ལྗོངས་ཡང་མེད། འོན་ཀྱང་། ཁོང་གཉིས་ཀྱིས་ཁོང་རང་ཉིད་ཀྱི་དཀའ་ངལ་ཁྱད་བསད་ཀྱི་འབད་བརྩོན་དང་། ཐོས་བསམ་སྒོམ་གསུམ་དང་སངས་རྒྱས་ཀྱི་ཆོས་དར་སྤེལ་གནང་བ་སོགས་ཀྱི་ཆ་ནས་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་བསྡད་པ་ཞིག་རེད།

ངས་ལྷག་བསམ་ཟོལ་མེད་ཀྱིས་ཁོང་རྣམ་པ་གཉིས་སྐུ་ཚེ་རིང་པོ་ཡོང་བར་སྨོན་ལམ་འདེབས་ཀྱི་ཡོད། ཁོང་གཉིས་སྐུ་གཟུགས་བདེ་ཐང་ཡོང་བ་དང་། ཁོང་གཉིས་ཀྱི་ཆོས་ཀྱི་མཛད་ཕྲིན་དར་རྒྱས་ཡོང་བར་གསོལ་བ་འདེབས་ཀྱི་ཡོད། ཁོང་གཉིས་ལྟ་བུ་དེ་ཚོས། གཞན་གྱིས་གཅེས་ལངས་བཏང་བ་དང་། ཡང་དག་པའི་སློབ་གསོས་ཕོངས་པ། ཀླད་པ་འཚང་ནས་མགོ་ཐོག་ལ་ཆོས་ཀྱི་རྒྱལ་པོའི་མཚན་གནས་ཁུར་མཁན། བྱ་བ་གང་ཡང་མི་ཐོན་མཁན་གྱི་སྐྱེེ་སྤྲུལ་དེ་ཚོའི་སེམས་ལ་གཏོར་སྐྱོན་ཆེན་པོ་བཏང་ཡོད།

ཡིད་སྐྱོ་བ་ཞིག་ནི། དུས་རྒྱུན་ཁོང་གཉིས་ལ་བསྟོད་བསྔགས་བྱེད་མཁན་ཡོད་ས་དེར་ཕྲག་དོག་དང་བརྣབ་སེམས་བྱེད་མཁན་ཡང་ཡོད། དཔེར་ན། ངས་ཉེ་ཆར་བོད་ཡིག་གི་དྲ་ཚིགས་ཤིག་གི་ཐོག་ནས་བོད་མི་ཞིག་གིས་བླ་རུང་གི་ཁང་པ་གཏོར་བའི་དོན་རྐྱེན་དང་འབྲེལ་བའི་ཨ་ལན་སློག་པ་ཞིག་མཐོང་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ། དེ་ནི་ཟུར་ཟའི་ཚིག་གིས། བླ་རུང་སྒར་གྱི་རླབས་ཆེན་གྱི་སྲུང་མ་གེ་སར་རྒྱལ་པོ་གང་དུ་ཕྱིན་པ་རེད། ཆང་འཐུང་མང་དྲགས་པ་རེད་དམ། ཆང་འཐུང་བ་མང་དྲགས་ནས་རོགས་པ་མི་ཐུབ་པ་རེད་དམ་ཞེས་འཕྱ་སྨོད་བྱས་པ་ཞིག་རེད།

གེ་སར་དང་མཁན་པོ་རྣམ་པ་གཉིས་ལ་ཕྲག་དོག་གིས་ཟུར་ཟ་བྱེད་མཁན་དེ་དག་རྒྱུ་རྐྱེན་གང་འདྲ་ཞིག་གིས་ཡིན་ནའང་ཡིན། གང་ལྟར་བླ་རུང་སྒར་གྱི་ཁང་པ་གཏོར་སྐབས། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་རྣམ་པ་གཉིས་ཀྱི་ངོས་ནས་བློ་བརྟན་འགྱུར་མེད་ཀྱིས་ཁོང་གི་རྗེས་འཇུག་དག་ལ་ཡ་ལན་གང་ཡང་བྱེད་མི་ཉན་ཞེས་གསུངས་པ་རེད། རྒྱུ་མཚན་དེས་གཏོར་བཤིག་གི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་དུ་ཁོང་ཁྲོའི་འབོད་སྒྲ་གཅིག་ཀྱང་ཐོས་རྒྱུ་མེད་པར་མ་ཟད། རྣ་ལ་གཟན་པའི་ཚིག་གཅིག་ཀྱང་མེད།

དེ་ནི་ཤཱཀྱ་ཐུབ་པར་འབོད་པའི་སངས་རྒྱས་དེས་གང་ཞིག་བསླབ་པའི་དགེ་སྦྱོང་གི་ཆོས་བཞི་སྟེ། ངན་སྨས་དང་འཕྱ་སྨོད་སྤྱད་ནས་ངན་སྨྲས་དང་འཕྱ་སྨོད་ལ་ཡ་ལན་མི་སྤྲོད་པ་དང་། ཚིག་གཟེར་པོ་སྤྱད་ནས་ཚིག་གཟེར་པོ་ལ་ཡ་ལན་མི་སྤྲོད་པ། གཞན་གྱིས་བརྡུང་རྡེག་བྱས་པར་བརྡུང་བརྡེགས་ཀྱི་ཡ་ལན་སློག་རྒྱུ་མེད་ཅེས་གསུངས་པའི་དགོངས་དོན་རེད། སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས། དེ་བཞིན་ཁོང་གཉིས་ཀྱི་རྗེས་སུ་འབྲངས་མཁན་གྱི་གསེར་རྟ་བླ་རུང་གིས་ད་ཐེངས་བཀའ་སློབ་སྒྲུབ་ཐུབ་སོང་བ་རེད།

གལ་ཏེ། འདི་ཡང་སྲུང་མ་གེ་སར་གྱི་སྲུང་སྐྱོབ་མིན་ན། འོ་ན་ག་འདྲ་ཞིག་ལ་ཆོས་སྐྱོང་བའི་སྲུང་མ་ལབ་དགོས་པ་ངས་ཤེས་མ་སོང་། འོན་ཀྱང་ངས་བལྟས་ན། གྲུབ་འབྲས་འདི་གཅིག་པུའི་ཆ་ནས་ཀྱང་གེ་སར་རྒྱལ་པོ་ལ་ཆོས་སྐྱོང་ཚང་མའི་ནང་ནས་གནས་རིམ་མཐོ་ཤོས་ཀྱི་ཆོས་སྐྱོང་གི་མཚན་གསོལ་ནའང་འགྲིག་ས་རེད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*