སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག


རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ནི་སྤྱི་ལོ1961ལོའི་ཟླ7པའི་ཚེས6ཉིན་འབྲུག་རྒྱལ་ཁབ་ཏུ་དགེ་ལུགས་དང་རྙིང་མ། འབྲུག་པ་བཀའ་བརྒྱུད་སོགས་ཀྱི་ཆོས་བརྒྱུད་སྣ་ཚོགས་འདུས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་སྐུ་འཁྲུངས། ཁོང་ཉིད་དགུང་ལོ་བདུན་ཐོག་ས་སྐྱ་གོང་མ། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་གསུམ་གྱིས་ས་སྐྱ་བའི་བླ་མ་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྤྲུལ་དུ་ངོས་བཟུང་ཞིང་ཁྲིར་འཁོད། ཁོང་གིས་སྙིང་རུས་ཆེན་པོས་ནང་པའི་སངས་རྒྱས་ཆོས་ལུགས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དགོངས་དོན་མཛད་ནས་མ་རུ་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པའི་སེམས་བསྐྱེད་ཆེན་པོས་འགྲོ་བ་ཀུན་ལ་མ་ཡུམ་ལྟར་བྱམས་ཤིང་བརྩེ་བས་འཛམ་གླིང་གི་ཕྱོགས་མཚམས་ཀུན་ན་མཚན་སྙན་ཡོངས་སུ་གྲགས།

རྒྱ་ཡིག་གི་མིང་། 宗萨钦哲仁波切
ཕྱི་ཡིག་གི་མིང་། Dzongsar Khyentse Rinpoche
སྐྱེས་ལོ། སྤྱི་ལོ1961ལོའི་ཟླ7པའི་ཚེས6ཉིན།
རྒྱལ་ཁབ། འབྲུག་ཡུལ།
མི་རིགས། འབྲུག་པ།
སྐྱེས་ཡུལ། འབྲུལ་ཡུལ།
ལས་རིགས། ནང་པའི་བླ་མ། འཁྲབ་ཁྲིད་པ།
འཐུས་ཚབ་བརྩམས་ཆོས། 《གནས་སྐོར་བ་དང་སྒྱུ་མ་མཁན》《ཕོར་པ》《ཧེ་མ། ཧེ་མ》སོགས།
གྲུབ་འབྲས་གཙོ་བོ། 《གནས་སྐོར་བ་དང་སྒྱུ་མ་མཁན》《གསེར་གྱི་གཟེངས་རྟགས་ནོར་བུ》《ཕོར་པ》《ཧེ་མ། ཧེ་མ》སོགས།

1ངོ་སྤྲོད་མདོར་བསྡུས།
རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ནི་སྤྱི་ལོ1961ལོའི་ཟླ7པའི་ཚེས6ཉིན་འབྲུག་རྒྱལ་ཁབ་ཏུ་དགེ་ལུགས་དང་རྙིང་མ། འབྲུག་པ་བཀའ་བརྒྱུད་སོགས་ཀྱི་ཆོས་བརྒྱུད་སྣ་ཚོགས་འདུས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་སྐུ་འཁྲུངས། ཁོང་ཉིད་དགུང་ལོ་བདུན་ཐོག་ས་སྐྱ་གོང་མ། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་གསུམ་གྱིས་ས་སྐྱ་བའི་བླ་མ་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྤྲུལ་དུ་ངོས་བཟུང་ཞིང་ཁྲིར་འཁོད། ཁོང་གིས་སྙིང་རུས་ཆེན་པོས་ནང་པའི་སངས་རྒྱས་ཆོས་ལུགས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དགོངས་དོན་མཛད་ནས་མ་རུ་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པའི་སེམས་བསྐྱེད་ཆེན་པོས་འགྲོ་བ་ཀུན་ལ་མ་ཡུམ་ལྟར་བྱམས་ཤིང་བརྩེ་བས་འཛམ་གླིང་གི་ཕྱོགས་མཚམས་ཀུན་ན་མཚན་སྙན་ཡོངས་སུ་གྲགས།
ལྷག་པར་དུ་ཁོང་ནི་འཛམ་གླིང་ས་གནས་སོ་སོ་ན་མང་པོ་མང་པོ་ཞིག་གིས་ཁས་ལེན་དང་དང་ལེན་མཛད་ཀྱིན་པའི་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་རླབས་ཆེ་བའི་ནང་པའི་བླ་མ་དག་གི་གྲས་ཤིག་ཡིན། སྔ་ཕྱིར་ཨ་རི་དང་ཨོ་སི་ཁྲུ་རི་ལི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་ཆོས་ལུགས་སློབ་གཉེར་ཁང་དང་སྒོམ་གྲྭ་མང་པོ་བཙུགས་ཏེ་བསྟན་པའི་མཛད་པ་རླབས་ཆེར་བསྐྱངས།
ཁོང་ཉིད་ཀྱིས་སངས་རྒྱས་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་མང་པོ་གནང་བའི་ཞོར་དུ་གློག་བརྙན་ལས་དོན་ཕྱོགས་ལ་ཕྱག་ལེན་གནང་འགོ་བརྩམས། དགུང་ལོ་བཅུ་གསུམ་ཐོག་བརྙན་འཕྲིན་ལ་ལྟ་རྒྱུའི་གོ་སྐབས་བྱུང་ཞིང་། དགུང་ལོ་བཅུ་བདུན་བཞེས་སྒང་ནས་གློག་བརྙན་ལ་མོས་པ་ཆེར་འཕེལ། དགུང་ལོ་བཅུ་དགུ་སོན་དུས་གློག་བརྙན་ལ་ཕྱག་ལེན་དངོས་སུ་མཛད། ཉིའུ་ཡོག་གློག་བརྙན་སློབ་གླིང་སོགས་ནས་གློག་བརྙན་སྐོར་གྱི་ཆེད་ལས་ལ་སྦྱངས་མྱོང་། དེ་མ་ཟད་ད་དུང་དབྱི་ཐ་ལིའི་འཁྲབ་ཁྲིད་པ་གྲགས་ཅན་པེ་ཐོའུ་ལུའུ་ཆིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《སྤྲུལ་སྐུ་ཆུང་ཆུང》ཞེས་པའི་ནང་དུ་ཁོང་ཉིད་བློ་འདྲི་ས་དང་འཁྲབ་སྟོན་པ་གནང་ཡོད། གཞན་ཡང་ཁོང་གིས་འབྲུག་ཡུལ་དུ་ཕབ་ལེན་བྱས་པའི་གློག་བརྙན《གནས་སྐོར་བ་དང་སྒྱུ་མ་མཁན》འཁྲབ་ཁྲིད་མཛད་ལ། དེ་ནི་འབྲུག་ཡུལ་གྱི་སྤྱིན་ལྷེབ་གློག་བརྙན་ཐེངས་དང་པོ་ཡིན། གཞན་ཁོང་གིས་སྐད་གྲགས་ཆེ་བའི་འཁྲབ་ཁྲིད་པ་ཏུའུ་ཁུ་ཧྥེང་དང་མཉམ་འབྲེལ་བྱས་ཏེ《ཝ་ར》ཞེས་པའི་གློག་བརྙན་ཀྱང་བསྒྲིགས་ཚར་བར་གྲགས་ཤིང་། ཁོང་གིས་ད་དུང་མིང་དུ་གྲགས་པའི་གློག་བརྙན《གསེར་གྱི་གཟེངས་རྟགས་ནོར་བུ》འཁྲབ་ཁྲིད་མཛད། དེ་ནས་བཟུང་ཁོང་ཉིད་ཀྱི་གློག་བརྙན་ལས་དོན་ཡར་ངོའི་ཟླ་གསར་གྱི་ཚུལ་གྱིས་གོང་ནས་གོང་དུ་འཕེལ་ཞིང་འཛམ་གླིང་ཡོངས་ལ་ཁྱབ་པར་མཛད།

2གྲུབ་འབྲས་གཙོ་བོ།
སྤྱི་ལོ2003ལོར། 《གནས་སྐོར་བ་དང་སྒྱུ་མ་མཁན》ཞེས་པའི་གློག་བརྙན་ཁ་ན་ཏར་བསྟན།
སྤྱི་ལོ1999ལོར། 《གསེར་གྱི་གཟེངས་རྟགས་ནོར་བུ》ཞེས་པའི་གློག་བརྙན་ཁ་ན་ཏར་བསྟན་ཞིང་། དེར་སྐབས12པའི་འཛམ་གླིང་དངུལ་གྱི་བརྙན་ཡོལ་གཟེངས་རྟགས་དང་སྐབས་བཞི་བའི་རྒྱལ་སྤྱིའི་གློག་བརྙན་དཔྱད་གཏམ་མཐུན་ཚོགས་གཟེངས་རྟགས། སྐབས་བཞི་བའི་རྦ་རླབས་གསར་བའི་གཟེངས་རྟགས་བཅས་ཐོབ།
སྤྱི་ལོ1999ལོར།《ཕོར་པ》ཞེས་པའི་གློག་བརྙན་ཁ་ན་ཏ་དང་འཇར་མན། དབྱི་ཐ་ལི། དབྱིན་ཇི། ཨ་རི། ཧྥ་རན་སི་སོགས་རྒྱལ་ཁབ་མང་པོར་བསྟན།
སྤྱི་ལོ2013ལོར།《ཝ་ར། བྱིན་རླབས་ཤིག》ཞེས་པའི་གློག་བརྙན་འདི་འབྲུག་ཡུལ་དང་སི་རི་ལན་ཁ་སོགས་རྒྱལ་ཁབ་ཏུ་བསྟན།

3བརྩམས་ཆོས་ཀྱི་ཁྱད་ཆོས།
རྫོང་སར་མཁྱེན་བརྩེ་མཆོག་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ལ་འཁྲབ་ཁྲིད་པ་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ། ཁོང་གི་བརྩམས་གནང་མཛད་པའི་བརྩམས་ཆོས་ཚང་མར་ནང་པའི་ཆོས་ལུགས་གྱི་དགོངས་དོན་དང་བསམ་ཕྱོགས་མང་པོ་ཞིག་མངོན་ལྐོག་གང་རུང་དུ་ཡོད་པ་མ་ཟད། དགོངས་དོན་དང་བསམ་བློ་དེ་དག་གིས་ནི་གློག་བརྙན་གྱི་བརྗོད་བྱ་གཙོ་བོའམ་སྲོག་ཤིང་ལྟ་བུའི་གོ་གནས་གལ་ཆེན་བཟུང་ཡོད་ལ། དེ་ནི་མ་རྩོལ་ལྷུན་འགྲུབ་ཞིག་དང་ལྷའི་བཀའ་བཀོད་སོགས་མ་ཡིན་པར། རྩ་བའི་ཆ་ནས་རྒྱུ་དང་རྐྱེན་གཉིས་ཡོད་དེ། ཐོག་མར་ཁོང་ཉིད་ནི་ནང་པ་སངས་རྒྱས་པའི་བླ་སྤྲུལ་ཞིག་ཡིན་པའི་ངོས་ཐད་ནས་ཁོང་གི་གློག་བརྙན་ལ་ཡང་ནང་ཆོས་ཀྱི་དགོངས་དོན་དང་འབྲེལ་བ་ཟབ་མོ་ཡོད་པ་ནི་སྨྲོས་ཅི་དགོས། ཁོང་གིས་གློག་བརྙན་ཉིད་དེང་རབས་ཀྱི་ཐང་ག་ཡིན་པར་འདོད་པ་ནང་བཞིན། དངོས་ཡོད་ཀྱི་འཇིག་རྟེན་སྲིད་ལུགས་དང་དམ་པའི་ལྷ་ཆོས་ཀྱི་ལུགས་དེ་གཉིས་བར་ཕན་ཚུན་བསྣོལ་འདུག་པའི་ཆ་དག་ལ་འཚོལ་ཞིབ་བྱས་ནས་མཐར་འཇིག་རྟེན་གྱི་བྱ་གཞག་མང་པོར་བརྟེན་ནས་ནང་ཆོས་ཀྱི་རིག་གནས་སྙིང་སྟོབས་སོགས་དར་སྤེལ་གཏོང་བའི་དགོངས་པར་གཞིགས་ཡོད། རྒྱུ་མཚན་གཞན་ཞིག་ནི་ད་སྔོན་གྱི་གློག་བརྙན་འཕེལ་རིམ་ནང་དུ་གྱ་ནོམ་པའི་བརྗོད་བྱ་ཕུན་སུམ་ཚོགས་མོད། འོན་ཀྱང་ནང་ཆོས་དང་དེའི་བསམ་བློའི་རིག་གནས་སྐོར་ནི་བསེ་རུའི་རྭ་དང་མཁའ་ཡི་པདྨོ་ནང་བཞིན་དཀོན་པས་ཁོང་ཉིད་ཀྱི་བརྩམས་ཆོས་འདི་དག་ཕྱོགས་ངེས་ཅན་ཞིག་གི་ཐད་ནས་བཤད་ན་གསར་གཏོད་རང་བཞིན་གྱི་ཆ་ཡང་ལྡན་ནོ། །
གཅིག 《གནས་སྐོར་བ་དང་སྒྱུ་མ་མཁན》ཞེས་པའི་གློག་བརྙན་ནང་དུ་མངའ་བའི་ནང་བསྟན་གྱི་ཤེས་རབ།
གློག་བརྙན་འདིའི་མགོ་མཇུག་བར་གསུམ་ཀུན་དུ་ཆོས་ལུགས་ཀྱི་ཚོན་མདོག་བཀྲ་ལ་ཤན་ཤུགས་ཀྱང་མི་དམན་པ་ཐེབས་ཡོད་དེ། མི་སྣ་འགའི་མི་ཚེ་ཧྲིལ་བོའི་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་ཕྲ་རགས་ཀྱིས་འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་དུག་གིས་གང་བའི་བཅུད་ཀྱི་སེམས་ཅན་དག་གི་སྡུག་བསྔལ་དག་རྗེན་བུར་བསྟན་ཡོད་ལ་། ཡང་ཚུལ་ལྡན་གྱི་དགེ་འདུན་པ་ཞིག་གི་འགྲོ་འདུག་སྤྱོད་གསུམ་ལ་བརྟེན་ནས་ཆོས་མི་རྟག་རྩྭ་ཐོག་ཟིལ་བ་འདྲ་བའི་འཇིག་པའི་རྟེན་འདིར་དལ་འབྱོར་རྙེད་དཀའི་མི་ལུས་འདི་ཐོབ་ཀྱང་འཁོར་བའི་བདེ་བའང་སྡུག་བསྔལ་གྱི་ངོ་བོ་ཉིད་ཡིན་པའི་བདེན་ལུགས་གསལ་བོར་བསྟན་ནོ།
གཉིས། 《གསེར་གྱི་གཟེངས་རྟགས་ནོར་བུ》ཞེས་པའི་གློག་བརྙན་ནང་གི་གྱ་ནོམ་པའི་མི་ཚུལ་བསམ་བློ།
གློག་བརྙན་འདི་ནི་འཚོ་བའི་ཁྲོད་དངོས་སུ་བྱུང་མྱོང་བའི་འདས་དོན་ཕྱིར་དྲན་བྱས་ནས་གྲུབ་པ་ཞིག་ཡིན་ཏེ། གྲྭ་བཙུན་ཆུང་ཆུང་འགའ་རྐང་རྩེད་སྤོ་ལོ་ལ་དགའ་མོས་ཆེན་པོ་བྱུང་བས། སྔར་ཡོད་པའི་དབེན་འཇགས་ཀྱི་སྒོམས་གནས་ཤ་སྟག་དེའང་དབེན་འཇགས་མིན་པར་བཏང་། ཡིན་ཡང་ཕྱི་ནང་གང་གི་ཆ་རྐྱེན་ཡང་མེད་པའི་གྲྭ་སར་སྐབས་དེར་ཧྥ་རན་སིར་རྩེད་བཞིན་ཡོད་པའི་འཛམ་གླིང་རང་བཞིན་ཅན་གྱི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་དེ་ཁོ་ཚོས་ལྟ་གླགས་དབོར། དེའི་ཕྱིར་གྲྭ་བཙུན་དེ་དག་གིས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་ཆ་རྐྱེན་བསྐྲུན་པའི་གོ་རིམ་ཁྲོད་དུ་ཕན་ཚུན་བར་གྱི་མཛའ་གཅུགས་དང་འཆམ་མཐུན། བསྟན་བཤིག་དང་ཤེས་རབ་སོགས་ཀྱི་མི་གཤིས་དེ་མངོན་གསལ་དོད་པོར་མཚོན་ཡོད་དོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*