རྒྱལ་རོང་གི་ཆང་གི་རིག་གནས།

རྒྱལ་རོང་བྲག་སྟེང་གི་ཕྱོགས་འདི་ཡང་བོད་ས་ཆ་གཞན་དང་འདྲ་བའི་ཆང་ངམ་བོད་རག་བཙོ་ཕབ་ཀྱི་ཞིང་ས་ཞིག་ཡིན་པ་མ་ཟད།ས་གནས་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པས་བོད་མིའི་འཚོ་བའི་སྣ་མང་རྒྱས་སྤྲོས་ཀྱི་རང་བཞིན་གསལ་མཚོན་བྱེད་པ་དང་།བོད་ཀྱི་རིག་གནས་ལ་ཀུན་འཛོམས་གཅིག་ཆོག་གི་དགེ་མཚན་དང་ལྡན་པ་ཡང་གསལ་བཤད་བྱས་ཡོད།འདིར་རོང་བྲག་རྫོང་ནས་རྒྱལ་རོང་བྲག་སྟེང་གི་ཆང་ཕབ་ཚུལ་ཙམ་བསྟན་པས་ཀྱང་བོད་ཆང་ཇི་ལྟར་ཕབ་པའི་རིགས་ལམ་ངོ་སྤྲོད་ཙམ་ཡོང་ཐུབ་པ་དང་།རྗེས་སུ་བོད་ས་གནས་སོ་སོའི་ཆང་ཕབ་སྟངས་ཞིབ་འཇུག་གི་རྨང་གཞིར་བཟུང་ཆོག་པས་དེའི་སྐོར་གྱི་མཐོང་ཐོས་རྣམས་ཅུང་ཞིག་བཀོད་ན་འདི་ལྟར་ཏེ།
 1 ཆང་གི་ཕབས་རྟ།
ཆང་ནི་ཕབས་རྟ་དང་གྲོ།ནས།བྲ་བོ།མ་རྨོས་ལོ་ཏོག་སོགས་འབྲུ་རིགས་རྣམས་རྒྱུ་བྱས་ནས་སྙོལ་བ་ཞིག་ཡིན་པས།དང་པོ་ཕབས་རྟའམ་ཕབས་རྩི།ཆང་རྩི་སོགས་སུ་གྲགས་པ་ནི་བོད་ས་གནས་སོ་སོ་ལ་འདིའི་ཐོན་ཁུངས་མོད་པོ་དང་།ལག་རྩལ་བྱང་མ་ཡིན་པ་བཞིན།རྒྱལ་རོང་བྲག་སྟེང་ས་ཆ་འདིར་ཡང་སིན་ཅོ་བྱ་བའི་གྲོང་པ་ཁག་འདི་ཚོར་ཕབས་རྟ་བཟོ་རྒྱུའི་ལག་རྩལ་གྱི་རྒྱུན་སྲོལ་ཡོད་ལ་ས་ཆ་འདིའི་ཕབས་རྟའི་ཐོན་ཁུངས་གཙོ་བོ་ཞིག་ཀྱང་ཡིན།འདི་ཡང་གཞི་ནི་མེ་ཏོག་ཅིག་ཡིན་ཞིང་མིང་ལ་ཆང་རྩིའི་མེ་ཏོག་དང་བྲག་སྟེང་རང་སྐད་དུ་པལ་བ་ཞེས་ཀྱང་འབོད།ཟླ་བ་བདུན་པ་ནས་བརྒྱད་པའི་ནང་ཁྲུ་གང་ལ་ཉེ་བར་སྐྱེས་ནས་འཐུ་རན།མདོག་དཀར་པོ་དང་སྔོན་པོ།ཅུང་དམར་ཞད་ཅན་ཡང་ཡོད།བསྣམས་ན་ཆང་དྲི་འཐུལ།ཡུལ་རི་མཐོ་སྤང་སྒང་གི་འབྲོག་ས་དག་ཏུ་སྐྱེ་བའི་འདབ་མ་ཟླུམ་པོའི་དབྱིབས་ཅན་ཡོད།མེ་ཏོག་དེ་བཏུས་ནས་བསྐམས་ཏེ་ཞིབ་མོར་བཏུལ་བ་རྣམས་སླར་ཡང་ཆུས་བརྫིས་ཏེ་རྡོག་པོ་ཆུང་ཆུང་མང་པོ་བྱས་པས་ཕབས་རྟའམ་ཆང་རྩི་གྲུབ།
 2 ཆང་བཙོ་ཚུལ།
ཆང་ཕབ་པའི་ཚེ།དང་པོ་གྲོ་ནས་སོགས་འབྲུ་རིགས་གང་ཡིན་རྣམས་ཁྲོ་ཆེན་པོའི་ནང་ཚོས་པར་བཙོས་ནས་སླར་ཚགས་ཆེན་པོའི་ནང་ཐང་མར་བརྡལ་ཏེ་འཁྱག་ཚར་མཚམས་ཆང་ཕབས་བཏུལ་བའི་ཕྱེ་མ་བཏབ་སྟེ་འདྲེས་པར་བསྲེ།གོས་དྲོན་པོ་བཀབ་ནས་ཉིན་གཉིས་ཙམ་བསྙལ་བས་ཆང་དྲི་བྲོ་བ་ཡོང་།དེ་སླར་ཡང་ས་རྫ་ཆེན་པོ་སྦང་མ་རྒྱ་མ་བརྒྱད་ཅུ་ཙམ་འགྲོ་བར་བླུགས་ནས་གོས་རྙིང་གིས་གཅུས་ཏེ་དྲོ་བར་བསྙལ།དབྱར་ཁ་ཡིན་ན་ཉིན་བཅུ་ཙམ་དང་དགུན་དུས་ཉིན་བཅོ་ལྔ་ཡན་དེ་ལྟར་འཇོག་རྒྱུ་དང་།ཆང་རྩི་ཉུང་ཙམ་བསྲེས་ན་དགུན་དུས་ཟླ་བ་རེ་གཉིས་འཇོག་པ་ཡང་ཡོད་ཀྱང་།ཆང་རྩི་ཉུང་བའམ་དབྱར་དུས་ལ་ཁེལ་བ་དང་།དེ་མིན་དགུན་ཁ་ལྟ་བུར་ཡང་ཆེས་སྙོལ་ཡུན་རིང་ན་ཆང་སྐྱུར་འགྲོ་ཉེན་ཡོད་པ་རེད།

3 ཆང་ཕབ་ཚུལ།
གོང་གི་བརྒྱུད་རིམ་དེ་དག་ནི་ཆང་བཙོ་བའི་རིམ་པ་ཙམ་ལས་ཆང་ངམ་ཨ་རག་དངོས་སུ་ཐོན་མེད་ཅིང་།དེ་ནས་ཆང་ཕབས་པའི་བྱ་བ་ལ་འཇུག་དགོས་པ་ཡོད་དེ།སྔ་མའི་བྱ་བ་རྣམས་གྲུབ་ནས་དགོས་ངེས་ཀྱི་དུས་བཅད་ཡོང་བ་ན།སོ་སོའི་རང་ཁྱིམ་དུ་བཏུང་བྱ་དུས་ཡུན་ངེས་ཅན་ཞིག་འདང་དགོས་པའམ་ཡང་ན་འགྲུལ་པ་གལ་ཆེན་སླེབས་པ་དང་།དུས་སྟོན་སོགས་སུ་ཆེད་དམིགས་ཀྱིས་ཕབ་རྒྱུ་ཡིན་པས།ཐབ་ཐོག་ཏུ་ཁྲོ་ཆེན་པོ་བསྐྱོན་ཏེ་ཆུ་ཉུང་ཙམ་བླུགས་པའི་ནང་རུས་པ་ཡང་འཕེན།དེའི་ཁར་རྩྭ་སོག་བཀབ་ནས་ཤིང་ཁྲིའི་སྟེང་ཁོ་ཚོས་ཁ་ཟོ་ཟེར་བའི་ཟོམ་རྐུབ་མེད་ལྟ་བུ་ཞིག་འཇོག དེའི་ནང་བསྙལ་ཟིན་པའི་སྦང་མས་ཕྱེད་མཐོ་ཙམ་བཀང༼ལར་ཁ་ཟོ་རེའི་ནང་འབྲུ་རྒྱ་མ་བཞི་བཅུ་ཡས་མས་ཤོང་བ་དང་།སྙོལ་རྫ་ཆེན་པོའི་ནང་འབྲུ་རྒྱ་མ་བརྒྱད་ཅུ་ཙམ་འཇུག་ཆོག་པས་ཕབ་ཐེངས་གཉིས་རེས་སྙོལ་རྫ་གང་རེ་རྫོགས་ཐུབ།༽ཁ་ཟོའི་ལོགས་གཅིག་ཏུ་བུ་ག་ཡོད་ས་ནས་ཁོ་ཚོས་ཕྱི་རྡོལ་ཟེར་བའི་ཤིང་གི་སྦུ་གུ་ཞིག་ཐབ་ཀའི་ཕྱི་རུ་རྐྱོང་ཞིང་གོ་ཟུར་གྱི་ཆང་ལྟིར་ལ་མཆུ་གཏོད།དེའི་ཡར་སྣེ་ཁ་ཟོའི་ནང་གི་ཤིང་ལེབ་ཟླུམ་པོ་ཤུར་མོ་མང་པོ་ཅན་ཞིག་སྦང་མའི་ཅུང་མཐོ་ས་ནས་བསེགས་བུས་བཞག་པ་དང་ཐུག ཁ་ཟོའི་ཁ་ལ་ཁོ་ཚོས་པར་ཏེའམ་ཡམ་ཚེ་ཡང་ཟེར་བའི་ཁྲོ་ཆུང་ངུ་ཞིག་བཀབ་ནས།མཚམས་རྣམས་སུ་རས་ཀྱིས་དཀྲིས་པའམ་བྲ་བོའི་ལྗོན་གྱིས་ཞར་བ་བྱས་ཏེ་ཕྱིར་རླངས་པ་མི་གཏོང་ཞིང་འོག་གི་ཆུ་འཁོལ་བས་སྦང་མ་བསྲོས་ཏེ་སྦང་མའི་དྲོད་རླངས་ཕྱིར་མ་ཐར་པ་པར་ཏེའི་རྐུབ་ན་ཆགས་ཤིང་མར་ཟགས་པ་ཕྱིར་རྡོལ་ཡར་སྣེའི་ཤིང་ལེབ་ཀྱི་ཤུར་མོ་རེ་རེ་བཞིན་སྦུ་གུ་ལ་འདུས་ཏེ་ཕྱིར་གོ་ཟུར་གྱི་ཆང་ལྟིར་ལ་གཤར་བ་ནི་ཆང་ངམ་ཨ་རག་བྱ་བ་དེ་གཞི་ནས་བྱུང་བ་ཡིན།པར་ཏེའི་ནང་ངེས་པར་ཆུ་འཁྱག་པས་བཀང་ནས་འོག་གི་དྲོད་རླངས་ཀྱིས་ཚ་ཡོང་ན་སླར་ཡང་ཆུ་འཁྱག་ཏུ་བརྗེ་དགོས་པ་ལས་ཆང་ལ་དྲོད་ཕོག་ནས་སྐྱུར་འགྲོ་ཉེན་ཡོད།དེར་མཐུན་མེ་ཡང་ཆུང་ལ་རྒྱུན་མ་ཆད་པ་ཞིག་དགོས་པ་མ་གཏོགས་མེ་ཆེན་འབུད་པ་དང་བེ་ལོ་སོགས་ཤིང་ངར་ཆེ་བའི་རིགས་སྤྱད་ན་ཨ་རག་སྐྱུར་འགྲོ་བའམ་འཚིག་ཉེན་ཆེ་བ་ཡིན།ཆང་བཙོ་ཐེངས་རེ་ལ་ཆུ་ཚོད་གཉིས་ཙམ་ཐོགས།པར་ཏེའི་ནང་གི་ཆུ་འཁྱག་ལན་གསུམ་བཞི་ཞིག་བརྗེས་པའི་བར་བཙོ་ཆོག་ཀྱང་།ཐེངས་གསུམ་པ་བརྗེ་སྐོར་ནས་ཆང་ལ་ཁ་མྱོང་བྱེད་ཞོར་དུ་ཆང་དྲི་མེད་འགྲོ་ཚེ་བཙོ་མཚམས་འཇོག དབྱར་ཡིན་ན་འབྲུ་རྒྱ་མ་ཕྱེད་དོ་ལ་ཆང་རྒྱ་མ་གང་ཙམ་དང་།དགུན་ལ་འབྲུ་རྒྱ་མ་དོ་རེར་ཆང་རྒྱ་མ་གང་ཙམ་ལས་མི་ཐོན་པ་སོགས་ཡུལ་དུས་བྱེ་བྲག་གི་ཁྱད་པར་ལག་ལེན་ཉམས་མྱོང་ལས་ཐོན་པ་ཡིན་ནོ།
 4 ཆང་གི་དབྱེ་བ།
སྔར་བཤད་པ་ལྟར་སྦང་མ་ལ་ཆང་རྩི་བཏབ་ནས་སྙོལ་རྩ་ཆེན་པོའི་ནང་ལ་བསྙལ་བ་དེ།སླར་ཉིན་གཉིས་གསུམ་ལས་མ་འགོར་ནའང་ཆོག་པར་སྙོལ་རྫའི་གློ་ཟུར་དམའ་སའི་བུ་ག་ནས་ཁ་ཚང་ཕྱུང་སྟེ།སྦང་མའི་ཁུ་བ་ཕྱིར་བཙགས་ཐོན་བྱུང་བ་ནི་ཆང་སྐྱུར་རམ་ཁོ་ཚོའི་ཡུལ་སྐད་དུ་ཆ་ཟབ་ཀྱང་ཟེར།དེ་ཁོ་ན་བཏུངས་ན་ཅུང་གར་ཆེ་བས་བསྐོལ་གྲངས་གིས་སླ་བར་བཏང་ནས་འཐུང་བས་ཁ་ཞིམ་ཆེ་ལ་འབྲུ་རིགས་ཀྱི་སྙིང་བཅུད་དེ་མ་ཐག་པ་གཞན་སླད་སྐྱོན་ཅི་ཡང་མེད་པ་སོགས་དགེ་མཚན་ལྷག་པར་ཆེ།གཞན་ཡང་དུས་དེ་མཚུངས་སུ་སྤང་མ་ཚུར་ཆང་ལྟིར་ཆེ་བ་ཞིག་ཏུ་བླུགས་ནས་བསྐོལ་གྲངས་བསྣན་པས་ཀྱང་ཆང་སྐྱུར་རམ་ཆ་ཟབ་དེ་བཞིན་འགྲུབ་པ་ཡིན།དེ་མིན་སྦང་མ་བཙིར་བའི་ཁུ་བ་ལ་བྱ་སྒོང་དང་སྦྲང་རྩི་ལྷན་ཅིག་བསྲུབས་ནས་འཐུང་བ།ཨ་རག་མར་ཁུའི་ནང་བསྲེགས་ཏེ་ཆང་འདན་བསྐོལ་བས་རླུང་ནད་དང་གྲང་བ་སོགས་ལ་ཕན་པ་འབྱུང་།དེ་ནས་གོང་ལྟར་ཆང་ཕབ་པ་སོགས་ཀྱང་གལ་ཏེ་རྩ་ཆེན་པོས་ནན་ཏན་དུ་ཆང་བཟང་པོ་དགོས་འདོད་ན་ཆང་རྩི་ཉུང་ལ་ཡུན་རིང་བར་བསྙལ་ནས་ལོ་ལ་བསྙལ་བའི་ལོ་ཆང་དང་ཟླ་བར་བསྙལ་བའི་ཟླ་ཆང་ཞེས་སྔར་ནས་ཁ་དཔེ་ཡོད་པ་བཞིན་དུས་རིང་པོར་བསྒྲུབས་པས་རྩིས་ཆེན་པོར་ཡོད་ལ།ད་ལྟ་ཡང་ཟླ་བ་ཁ་ཤས་ལ་བསྙལ་བའི་ཟླ་ཆང་ཞེས་སྔར་ནས་ཁ་དཔེ་ཡོད་པ་བཞིན་དུས་རིང་པོར་བསྒྲུབས་པས་རྩིས་ཆེན་པོར་ཡོད་ལ།ད་ལྟ་ཡང་ཟླ་བ་ཁ་ཤས་ལ་བསྙལ་བའི་ཟླ་ཆང་ནི་ངེས་པར་ཡོད།དེང་སང་ཚོང་རར་ཉོ་རྒྱུ་ཡོད་པའི་ཆང་རྩི་ཕྱེ་མ་ཅན་ལ་ཁོ་ཚོས་རྒྱ་ཕབས་སུ་འབོད།འདི་ནོན་ཆེ་ལ་ཆང་ངར་ཅན་ཐོན་ཡང་།ལུས་པོ་ལ་གནོད་པས་བཟང་པོར་མི་བརྩི།དེ་བཞིན་དུ་གྲོ་དང་ནས་ལྟ་བུ་ཁར་འཇམ་ཞིང་ཞིམ་པ་ཡིན་ལ།མ་རྨོས་ལོ་ཏོག་ནི་ཅུང་ངར་ཆེ་བ་དང་།གཞན་འབྲུ་རིགས་ཕལ་ཆེར་གྱིས་ཆང་བཙོ་བ་ཡིན་ལ་དེ་དག་བསྲེས་ཀྱང་ཆོག་གོ

 5 ཆང་གི་སྣོད་སྤྱད།
གནའ་སྔ་མོ་ཡིན་ན་རྫ་མའི་རིགས་ལས་གྲུབ་པའི་ཆང་གི་སྣོད་སྤྱད་དེ་ཅུང་མང་ཞིང་བྲག་སྟེང་རི་པ་གྲོང་ནི་རྫ་ཆས་ཆེད་བཟོའི་ཐོན་ཁུངས་གཙོ་བོ་ཞིག་ཀྱང་ཡིན།དེ་ནས་ཐོན་པའི་ཆང་གི་སྙོལ་རྫ་ཆེན་པོ་དང་།ཆང་རྫ་འབྲིང་པོ།འཐུང་རྫ་ཆུང་བ་སོགས་རིགས་བཟོ་ལྟ་འདྲ་མིན་ཡོད།ད་ལྟའང་ལག་རྩལ་དེའི་རྒྱུན་འཛིན་པ་ཡོད་པར་བཤད།དེ་བཞིན་ལི་དང་ཟངས་རག་ལས་གྲུབ་པའང་ཧ་ཅང་མང་།ང་ཚོས་བྲག་སྟེང་རྗེས་གྲོང་ནས་སྣོད་ཆས་རྙིང་པ་འདི་རིགས་འདྲ་མིན་སུམ་ཅུ་ཙམ་མཐོང་བ་ན།ལི་དང་ཟངས་རག་ལས་གྲུབ་པ་འབྱོན་ལེགས་སྤུས་དག་ཁྱད་མཚར་ཅན་ཕྱེད་ཀ་རེད་འདུག དེ་མིན་གསེར་དང་དངུལ།གཡང་ཊི།རྫབ་ཡ་སོགས་ཀྱང་མང་ལ།ལྷག་པར་དུ་གནའ་ནས་ད་བར་བྲིན་ཆེ་ལ་ཁྱབ་ཆེ་བ་ནི་རྫབ་ཡ་དང་སེང་ལྡེང་ཤིང་ལ་དངུལ་གྱིས་ཤན་ཆ་བརྒྱབ་པ་དེ་ཡིན་ཞིང་།ཚད་མཐོའི་སྐྱེམས་བཞེས་སོགས་ལ་མེད་ཐབས་མེད།དཀར་ཡོལ་ཡང་བྲིན་ཆེ་སྟེ་རྟགས་བརྒྱད་སོགས་རི་མོའི་ཁྱད་པར་གྱིས་མཚོན་པའི་ནང་དོན་རྒྱ་ཆེན་པོ་ཡོད་དོ།། 

6 ཆང་གི་གུས་སྲོལ།
བོད་མི་རིགས་ལ་ཕུན་སུམ་ཚོགས་པའི་ཆང་གི་རིག་གནས་འདི་བཞིན་ཡོད་པ་ཡིན་ན།དེ་བཞིན་ཆང་དང་འབྲེལ་ཡོད་ཀྱི་འགྲོ་ལུགས་གུས་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་སྨོས་ཅི་དགོས།དེ་ཡང་ང་ཚོས་རྒྱལ་རོང་བྲག་སྟེང་ཕྱོགས་ཀྱི་ཆང་གི་གུས་སྲོལ་འདི་ཙམ་དཔེ་མཚོན་དུ་བཀོད་ན།ཐོག་མར་ཆང་ཕབ་མཁན་ཕལ་ཆེར་ཁྱིམ་བདག་མ་སོགས་བུད་མེད་རྣམས་ཡིན་ལ་ཆང་བཙོ་ཕབ་ཀྱི་སྔོན་དུ་ནམ་རྒྱུན་དང་མི་འདྲ་བར་ཁ་བཀྲུ་ལག་བཤལ་གཙང་མ་བྱེད།སྣོད་ཆས་དང་སྙོལ་རྫ་དཀྲི་བྱེད་ཀྱི་གོས་སོགས་ཀྱང་བཀྲུ་ཞིང་ཤུག་པའི་དུ་བས་བདུག དེ་འདྲ་གཙང་སྦྲ་ཁྱད་པར་བ་བྱེད་དོན་ཡང་ཆང་ལ་རྩ་ཆེན་འཛིན་པའི་བསམ་བློ་མཚོན་པ་དང་།གལ་ཏེ་བཙོག་སོང་ན་ཆང་ཡག་པོ་མི་ཡོང་བར་བཤད།ཆང་ཕབ་སའི་ཁྱིམ་ཚང་ལ་ལས་འགྲུལ་འཛེམ་ཡང་བྱེད་པ་མ་གཏོགས་འགྲུལ་སྣ་ཕོག་ནས་ཆང་སྐྱུར་འགྲོ་བ་དང་།ཚིག་དྲི་བྲོ་བ་སོགས་འབྱུང་སྲིད།ཆང་ཡག་པོ་མི་ཡོང་བ་ནི་ཆག་སྒོ་སོགས་ཀྱི་སྔ་ལྟས་སུ་བརྩིས་ཏེ་སྐུ་རིམ་ཡང་སྒྲུབ།དེའི་ཕྱིར་སྒོ་ཁར་དབྱུག་པ་རིང་པོའི་རྩེར་ཕྱགས་མ་བཅིངས་ནས་བཞག་ན་ཁྱིམ་ཚང་དེས་ཆང་ཕབ་བཞིན་ཡོད་པ་ཤེས་ནས་ནང་དུ་འཛུལ་མི་ཡོང་། ཆང་ནི་རྟེན་འབྲེལ་གྱི་ལེགས་སྐྱེས་དང་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཀྱང་ཡིན་ལ་ཞིམ་མངར་གྱི་འཚོ་བཅུད་དང་རྒྱས་སྤྲོས་ཀྱི་དགྱེས་སྐྱེམས་ཤིག་ཀྱང་ཡིན་པས་ལོ་གསར་རོལ་བ་དང་ཁྱིམ་གསར་འཛུགས་པ།ཁང་གསར་རྒྱག་པ་སོགས་ལ་མེད་ཐབས་མེད།ཤ་མར་ཐུད་གསུམ་སོགས་ཅི་འདྲའི་སྐྱེས་བཟང་པོ་འབུལ་རེས་བྱས་ཀྱང་།ཆང་དང་ཁ་བཏགས་ཀྱི་འབུལ་རྟེན་མེད་ན་རྟེན་འབྲེལ་གྱི་མཚན་རྟགས་སུ་མི་འགྲོ་བ་དང་།ཆང་ཤེལ་དམ་གང་དང་ཁ་བཏགས་ཤིག་ལས་མེད་ཀྱང་རྟེན་འབྲེལ་གྱི་ལེགས་སྐྱེས་ཕུན་སུམ་ཚོགས་པར་བརྩི་ཆོག དེ་བཞིན་མཛའ་གཅུགས་ཀྱི་སྙིང་གཏམ་བཤད་པ་དང་བློས་ཐུབ་ཀྱི་གྲོགས་པོ་སྒྲིག་པ།དོན་ཆེན་གྱི་གྲོས་ར་བསྡུ་བ།ངོ་ཆེན་གྱི་མགྲོན་སྣ་ལེན་པ་ལྟ་བུའི་བྱ་བ་སྤེལ་བའི་ལག་ཆ་ཞིག་ཀྱང་ཡིན།འགྲུལ་པ་གལ་ཆེན་ཞིག་སླེབས་ན།ཐོག་མར་ཆང་དཀར་ཡོལ་གང་དྲངས་ནས་སྣེ་ལེན་བྱེད་པ་དང་གྲོགས་པོ་རྩ་ཆེན་ཞིག་ཡིན་ན་ཐོག་མར་ཆང་དྲངས་ཏེ་གཞི་ནས་གཏམ་གླེང་རྩོམ།དེ་བཞིན་གྲོགས་པོ་སོགས་ཁྱིམ་དུ་དྲངས་ནས་འདུག་ལོངས་མ་བྱུང་ཚེ་སྣོད་དུ་ཆང་བླུགས་ནས་འབུལ་རྒྱུ་དང་།འགྲོ་བའི་ཚེ་ཡང་ལམ་ཆང་འཁྱེར་དུ་འཇུག་པ་སོགས་ཆང་གི་བྲིན་སྒོ་ཧ་ཅང་ཆེ་བས་ཁྱིམ་དུད་དཀྱུས་ས་ཞིག་ལ་མཚོན་ནའང་།ལོ་རེར་འབྲུ་རིགས་རྒྱ་མ་བཞི་བརྒྱ་ཡས་མས་ཀྱིས་ཆང་ཕབས་ནས་སྙོལ་ཐེངས་ལྔ་རེ་དང་།ཕབ་ཐེངས་བཅུ་ཙམ་དགོས་པར་གྲགས།གལ་ཏེ་དམིགས་བསལ་དུ་ཁང་གསར་རྒྱག་པ་དང་།བག་མ་ལེན་པ།སྐྱེས་སྟོན་བྱེད་པ༼ཁོ་ཚོའི་གོམས་སྲོལ་ཞིག་སྟེ།རྒན་རྒོན་ལོ་ལྔ་བཅུ་ཡས་མས་ལོན་པ་རྣམས་ཀྱིས་ཚེ་མཇུག་མཐར་ཕྱིན་པའི་རྟེན་འབྲེལ་མཛད་སྒོ་དམིགས་གསལ་ཅན་ཞིག་ཡིན།མི་ཚེ་གང་བོར་ཐེངས་གཅིག་ལས་མི་བྱེད༽སོགས་ལ་དེ་ལས་རྒྱ་ཆེ་བར་བཤད།དེ་སྔོན་བྲག་སྟེང་ཆ་ལུང་གྲོང་པའི་མི་རྒན་ཁ་ཏེ་ཐར་བཟའ་མི་གཉིས་ཀྱི་སྐྱེས་སྟོན་དུ་འབྲུ་རིགས་རྒྱ་མ་ཉིས་སྟོང་ལ་ཉེ་བས་ཆང་ཕབས་ནས་ཡུལ་གྲོང་ལྷན་རྒྱས་ཉིན་གསུམ་གྱི་རིང་དུ་དགའ་སྟོན་ལ་རོལ་བ་བཤད་པ་ལྟར་རེད། ཆང་གསོལ་འདྲེན་བྱེད་སྟངས་ཀྱང་རབ་ཡིན་ན་འདྲེན་མཁན་མདུན་དུ་ལངས་ཏེ་ལག་གཡས་ཀྱིས་དར་དཀར་བཅས་ཆང་རྫའི་ཡུ་བ་ནས་འཛིན།གཡོན་པས་ཞབས་ནས་སྐྱོར།ལག་པ་དཔུང་མཚམས་ནས་འདེགས།ལུས་སྟོད་ཏུའུ་དགུ་བཅུའི་ཚད་ཙམ་དུ་ཕབ།ངོ་ཅུང་ཙམ་ཡར་ཕྱོགས་ནས་འཛུམ་མདངས་བཅས་ཁ་ནས་རྟེན་འབྲེལ་གྱི་ཚིག་ཀྱང་སྒྲོག བླུག་སྣོད་གསེར་ཕོར་དངུལ་ཕོར་སོགས་སྤུས་བཟང་སྤྱོད་པ་ཡོད་ཀྱང་།རྒྱུན་ལྡན་དུ་ཤིང་ཕོར་དངུལ་ཤན་ཅན་དང་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད།མ་མཐར་ཡང་ཆག་སྐྱོན་སོགས་མེད་པའི་ཕོར་བ་དང་།ད་ལྟ་དཀར་ཡོལ་རིགས་དང་ཤེལ་སོགས་ལས་གྲུབ་པའི་ཆང་ཚུགས་ཀྱང་བྱེད་ཆོག ཆང་རྫ་ནང་དལ་བུས་ཆང་བླུགས་པ་ནས་འབྲུའི་དབྱིབས་སུ་ཐོན་པར་བྱས་ནས།གང་ཚད་ནི་ཆང་ཕོར་གྱི་ཕྱེད་མཐོ་ཙམ་ལས་གང་ཆེ་ནས་ཕྱིར་འཕོ་བར་མི་བྱ།གལ་ཏེ་འཐུང་མཁན་གྱིས་ཆང་ཕོར་བཟེད་མ་བྱུང་ན།ལག་གཡོན་པས་ཆང་ཕོར་བླངས་ནས་འདྲེན་དགོས།ཆང་གསོལ་མཁན་ཡང་རབ་ན་གདན་ལས་ལངས་པའམ་དེ་ལྟར་བྱེད་པ་མ་བྱུང་ཡང་གུས་ཚུལ་བཅས་ལག་གཉིས་ཀྱིས་ཆང་ཕོར་སྐྱོར་ནས།ལག་པའི་དཔུང་མཛམས་ནས་བཏེགས་ཏེ་འཛེད་ཅིང་།བཀའ་དྲིན་མཚོན་པའི་བརྡ་ཚིག་སྟོན།བླུགས་ནས་ཀྱང་དེ་མ་ཐག་རང་གིས་རང་དགར་མི་འཐུང་བར་ཕར་ལ་ཡང་བཞེས་སྐྲུལ་བྱེད། 

 དལ་བུས་འཇིབ་ནས་སྒྲ་མེད་པར་འཐུང་བ་ལས་ཤེས་ཀྱིས་ཧུབ་སྒྲ་མི་གཏོང་།འཐུང་སྐུལ་བྱེད་ཚེ་ཆང་ཕོར་ལག་པ་གཉིས་ཀས་སྐྱོར་ཏེ་ཕ་རོལ་པོའི་ཕྱོགས་སུ་བཀྱག་ཙམ་བྱེད་པའམ།ལག་གཡས་པས་ཆང་ཕོར་བཀྱག་སྟེ་གཡོན་པ་གྱེན་དུ་བསྟན་ནས་བཞེས་ཚིག་དངོས་སུ་སྨྲ་བའམ་ཤིས་ཚིག་དག་གིས་བཞེས་སྐུལ་གཏོང་བ་ལས་གནའ་དུས་སུ་ཆང་ཕོར་གཏུག་རེས་བྱེད་པ་མེད།དེ་ལ་ཕ་རོལ་པོའི་བརྡ་ལན་འབྱོར་ནས་ཧུབ་བྱེད་ཅིང་ཕ་རོལ་པོས་ཧུབ་བྱས་ཚར་ཚེ་གཞི་ནས་མར་ལ་འཇོག སྔ་སྲོལ་དུ་འཐུང་ཐེངས་རེར་ཞབས་དག་དགོས་པའི་བཙན་སྐུལ་སོགས་ཀྱང་མེད་པ་རང་ཉིད་གང་དགར་འཐུང་ཆོག་པ་ཡོད། སྐོར་བྲོ་འཁྲབ་པའི་ཞོར་དུ་ཆང་འཐུང་བར་ཆང་བསྐོས་ནས་ཚང་མས་ལྷན་ཅིག་ཏུ་འཐུང་སྲོལ་ཡོད་པ་བྲོ་ཆང་འཐུང་བར་གྲགས་ཤིང་རྒྱལ་རོང་གི་ཐུན་མིན་ཁྱད་ཆོས་ཤིག་ཀྱང་ཡིན།འདི་ལ་འཐུང་སྟངས་རྣམ་པ་གཉིས་ཡོད་དེ།གཅིག་ནི་སྦང་མ་དང་བཅས་པའི་ཆང་སྐྱུར་ཆང་རྫ་ཆེན་པོའི་ནང་བླངས་ནས་བྲོ་ར་ཆེན་པོའི་དབུས་སུ་ཁྱེར་ནས་དར་ཁ་བཅས་བྲོ་རྟེན་འཇོག དེ་ཡི་ནང་རྩྭ་སོག་མང་པོ་བཙུགས་པར་རང་གང་མོས་ལྟར་སོང་ནས་སོག་མའི་སྦུ་གུ་གཞིབས་ཏེ་ཞབས་བྲོ་འཆམ་མཁན་ཀུན་གྱིས་འཐུང་བ་དང་།གཉིས་ནི་ཕབ་ཟིན་པའི་ཆང་རག་ཆང་གི་དམ་འབི་ནང་བླུགས་ནས་ཁ་དར་དང་བཅས་མི་རྒན་ཁ་དྲོ་བ་ཞིག་གིས་ཁྱེར་ཏེ་དང་པོ་འཆམ་དཔོན་ནས་བཟུང་སྟེ་ཞབས་བྲོ་འཁྲབ་མཁན་ཛོ་ལ་རེ་རེ་བཞིན་འཐུང་བཅུག་ཅིང་ཡང་ཡང་དེ་ལྟར་བསྐོར་བས་ཉིན་མཚན་མང་པོར་དགའ་སྟོན་རྟེན་འབྲེལ་གྱི་ཞབས་བྲོ་བསྟུད་མར་འཆམ་མོ།།

ཁམས་པའི་བརྙན་འཕྲིན་དྲ་བ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*