མཁན་རིན་པོ་ཆེ་བསོད་ནམས་གྲགས་པ་མཆོག་གི་གྲུབ་མཐའི་སྐོར་བཞུགས་སོ།


 སྤྱིར་བཏང་གི་ས་གོ་ལའི་སྟེང་དུ་འགྲོ་བ་མི་ཡི་རིགས་དེར།
ཡུལ་དང་། དུས་དང་། སྤྱི་ཚོགས་མ་འདྲ་བར་བརྟེན་ནས། སོ་སོའི་ནང་སེམས་ཁམས་རིག་པས། བསམ་མནོ་གཏོང་སྟངས་དང་། མཐར་ཐུག་གི་དམིགས་ཡུལ་འཆར་སྟངས། གནས་སྐབས་ཀྱི་ལམ་འགག་དང་ཁས་ལེན་སྟངས་མ་འདྲ་བ་མང་པོ་ཞིག་བྱུང་བ་རེད། དེ་ནས་ཕྱི་ཡུལ་གྱི་རྣམ་གྲངས་ཐ་དད་པ་ལ་བརྟེན་ནས། དམིགས་པ་དང་། འཛིན་སྟངས་སོགས་ཀྱི་སྒོ་ནས་ཕྱེ་བའི། ལྟ་བ་དང་། གྲུབ་མཐའི་རྣམ་གྲངས་དེ་ཡང་། ཧ་ཅང་མང་པོ་ཞིག་བྱུང་བ་རེད། སློབ་དཔོན་སྨན་པའི་ཞབས་ཀྱིས་གསུངས་པ་ལྟར་ན་ལྟ་བ་ལྔ་བརྒྱ་བདུན་ཅུ་ཡོད་པ་དང་། དེ་བཞིན་དུ་ཕྱི་རོལ་མུ་སྟེགས་བྱེད་ཀྱི་ལྟ་བ་ལྟ་བུར་ཆ་མཚོན་ན། འཛམ་བུ་གླིང་དུ། ལྟ་བ་ལྔ་བརྒྱ་བདུན་ཅུ་བཤད་པ་དང་། དེ་ནས་སློབ་དཔོན་སྣང་བྲལ་གྱིས་ལྟ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་དང་། མདོ་སྡེ་ཚངས་པའི་དྲ་བའི་ནང་དུ། ལྟ་ངན་དྲུག་ཅུ་རྩ་གཉིས་དང་། དད་པ་ཆེར་འབྱུང་གི་མདོའི་ནང་དུ། དམ་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་དང་། མདོའི་ནང་དུ། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་དང་། ཕ་རོལ་སྨྲ་བའི་ལྟ་བ་བཅུ་དྲུག་དང། དབུ་མ་འཇུག་པ་དང་། མདོ་སྡེ་རྣམས་ཀྱི་སྐབས་སུ། འཇིག་ཚོགས་ལ་ལྟ་བའི་ལྟ་བ་ཉི་ཤུ་ཟེར་མཁན་དེ་འདྲ་མང་པོ་གསུང་འདུག ། དེ་ཚོ་སྤྱིར་བཏང་གི་ཕྱི་ཡུལ་གྱི་རྣམ་པ་དང་། ནང་འགྲོ་བ་མི་ཡི་བསམ་མནོའི་འཕོ་འགྱུར་དང་། འགྲོ་བ་མི་ཡི་ནང་ལ་བསམ་མནོ་གཏོང་སྟངས་ཀྱི་ཆ་ནས། ཚེ་འདི་དང་། ཕྱི་མ་ཕན་ཆོད་དང་། མཐར་ཐུག་དང་། གནས་སྐབས་ཀྱི་ཤེས་བྱ་རིག་པའི་གནས་ཟེར་བ་འདྲ། ཤེས་བྱའི་གནས་དེ་ཚོར་བསམ་མནོ་འཁོར་སྟངས། མ་འདྲ་བ་དང་། མཐར་ཐུག་གི་དམིགས་ཡུལ་མ་འདྲ་བ། མཐར་ཐུག་གི་ཐོབ་བྱ་མ་འདྲ་བ། དེ་འདྲའི་རྣམ་གྲངས་ལ་བརྟེན་ནས། དེ་ནས་ང་ཚོ་འཛམ་བུ་གླིང་པའི་འགྲོ་བ་མི་ཡི་རིགས་དེར་ལྟ་བ་མ་འདྲ་བ། གྲུབ་མཐའ་མ་འདྲ་བ། སྤྱོད་པ་མ་འདྲ་བ། རྣམ་གྲངས་མང་པོ་ཞིག་བྱུང་བ་རེད། དེ་ནས་ལྟ་བ་དེར་མ་འདྲ་བ། གྲུབ་མཐའ་དེར་མ་འདྲ་བ་མང་པོ་བྱུང་བ་རེད། རེད་དེ་ཡིན་ན་ཡང་། ཡེ་གདོད་མ་ནས། སྐད་གྲགས་ཆེ་ཤོས་འདྲ་དེ། ཕྱི་པ་རིག་བྱེད་པའི་གྲུབ་མཐའ་དང་། ནང་པའི་གསུང་རབ་ལས་འབྱུང་བའི་ནང་པ་སངས་རྒྱས་པའི་གྲུབ་མཐའ་རེད། རང་སྡེ་གཞན་སྡེ་གཉིས་ཀྱི་ཁོངས་སུ་འདུས་པ་རེད། སྔོན་མ་ཕྱི་པ་དང་། ནང་པ་ཟེར་ན། གདོད་ནས་གྲུབ་པའི་གྲུབ་མཐར་ཟེར་བ་རེད། ཆོས་ཀྱིས་གྲགས་པས་ཀྱང་། ཕྱོགས་ཞེས་པའི་སྒྲ་དེ། འདི་ནི་མཁས་པ་རྣམས་ལ་གདོད་ནས་གྲུབ། ཟེར་བ་ལྟ་བུ། གདོད་མ་ནས་བྱུང་བའི་གྲུབ་མཐའ་དང་། གྲགས་པའི་གྲུབ་མཐའ་ཡིན་གསུངས་པ་རེད། དེའི་གྲུབ་མཐའ་དེ། ཕྱི་པ་དང་ནང་པ་གཉིས་ཀྱི་ཁོངས་སུ་འདུས་རེད།
གཉིས་ཀྱི་ཁོངས་སུ་འདུས་པའི་རྒྱུ་མཚན་དེ། གཉིས་ཡིན་གྱི་གྲུབ་མཐའ་དང་། ཕྱི་པ་ནང་པ་གཉིས་ཀ་ཡིན་མཁན་འདྲ་དང་། ཕྱི་པ་ནང་པ་གཉིས་ཀ་མ་ཡིན་པའི་གྲུབ་མཐའ། ཕུང་པོ་གསུམ་པ་དེ་འདྲ་ཡོད་མ་རེད། སྟག་ཚང་ལོ་ཙྭ་བ་ཆེན་པོས་གསུངས་པ་རེད། རྒྱ་གར་ན་ལྷ་མིན་ཆོས་དེ། ཕྱི་པ་ནང་པ་གཉིས་ཀའི་གྲུབ་མཐའ་མ་ཡིན་པ་སྤྱན་རས་གཟིགས་ཀྱིས་གསུངས་པ་དེ་གདོད་མ་ནས་ཡོད་པའི་གྲུབ་མཐའ་མ་རེད། རཱ་མ་ཎ་ལ་སོགས་པས་གསར་དུ་སྦྱར་པའི་གྲུབ་མཐའ་རེད་གསུངས། སྟག་ཚང་ལོ་ཙྭ་བས་གསུངས་ཡོད་རེད། བོད་ལ་ཡང་ནང་པ་སངས་རྒྱས་པ་མི་གཏོགས་པ་དང་། གཏོགས་ཀྱང་ལུང་རིགས་ལྟར་སྣང་གིས་བྲན་དུ་བཀོལ་ཏེ། གྲུབ་མཐའ་བཞི་གང་གི་ཁོངས་སུ་མ་འདུས་པ། མང་དུ་བྱུང་བ་རྣམས། གདོད་མའི་གྲུབ་མཐའ་མ་རེད་གསུངས། དེ་ཕྱིས་སུ་གསར་དུ་བྱུང་བའི་གྲུབ་མཐའ་རེད་གསུངས། གདོད་མའི་གྲུབ་མཐའ་མ་རེད་གསུངས་པ་རེད། གྲུབ་མཐའ་དེར་ཕྱི་པ་དང་ནང་པ་གཉིས་ཀྱི་ཁོངས་སུ་འདུས་པ་ཡིན་གསུངས། ཁས་ལེན་ཆོག་པ་རེད། དེ་ནས་གྲུབ་མཐའ་ཟེར་ན། གྲུབ་མཐའ་ཞེས་པ་དེར། ཟིན་མཚམས་འཇོག་སྟངས་འདྲ་དེ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྱེ་ན། དེ་ཡང་རིགས་པས་དཔྱད་པར་བརྟེན་ནས་གྲུབ་ཅིང་། དེ་ལས་ཕར་འདའ་ས་མེད་མཁན། འདའ་དུ་མེད་པ་དེ་འདྲའི་བདེན་དོན་ཞིག་ལ་གྲུབ་མཐའ་ཟེར་རེད། དེ་འདྲའི་བདེན་དོན་དེ་ཁས་ལེན་པའི་ཞེ་འདོད་ཀྱི་དམ་བཅའ་ཟེར་མཁན་དེ་ལ་ཡང་གྲུབ་མཐའ་ཟེར་ཆོག་པ་རེད། དཔེར་ན་ཚད་མ་མདོ་ལས། ངོ་བོ་ཁོ་ན་བསྟན་བྱ་བ། །བདག་ཉིད་འདོད་དང་མ་བསལ་བ། ། ཞེས་གསུངས་པ་བཞིན། དེ་ནས་ཁ་ནས་སྨྲས་པ་ལས་ཀྱང་། རྒོལ་བ་དེ་ཉིད་ཀྱིས་ཞེ་ནས་འདོད་པ་དེ་གལ་ཆེ་བ་གསུངས་པ་རེད། གྲུབ་མཐའ་ཟེར་རྒྱུ་དེར། རིགས་པས་གྲུབ་ཅིང་དེ་ལས་འདའ་ས་མེད་པ། རིགས་པས་ཀྱང་དེ་ལས་ཕར་འདའ་ས་མེད་པ་དེ། ཁ་ཚོན་འདྲ་ཞིག་གཅོད་གཞག་ན། ཆོས་ཉིད་ཀྱི་ཆ་དང་། ཆོས་ཅན་གྱི་ཆ་གཉིས་ཡོད་པ་རེད། ཆོས་ཅན་ཆ་དེ། དཔེར་ན། ཕྱི་དང་ནང་གི་འབྲས་བུ་གང་དང་གང་ཡིན་ན། རང་སྐྱེ་བྱེད་ཀྱི་རྒྱུ་ལ་ལྟོས་པ་དང་། རྒྱུ་སྔོན་དུ་འགྲོ་དགོས་པ། སྐྱེ་བྱེད་ཀྱི་རྒྱུ་མེད་ན། གཏན་ནས་འབྱུང་མི་སྲིད་པ་ལྟ་བུ། དེ་འདྲ་དེ་ཆོས་ཅན་གྱི་ཆ་ནས། རིགས་པས་དཔྱད་པར་བརྟེན་ནས། གྲུབ་ཅིང་དེ་ལས་ཕར་འདའ་ས་མེད་མཁན་ཟེར་བ་ལྟ་བུ་དེ་འདྲ་རེད། ཆོས་ཉིད་ཀྱི་ཆར་བསམ་མནོ་གཏོང་པ་ཡིན་ན། ཆོས་དང་གང་ཟག་བདག་མེད་པ་ལྟ་བུ་སྟེ། དོན་དམ་རིགས་པས་དཔྱད་ཡོང་དུས། ཆོས་དང་། གང་ཟག་གི་བདག བདེན་གྲུབ་ཏུ་ཡོད་མཁན། འདུས་བྱས་རྟག་པ་ཟེར་མཁན་འདྲ། དེ་འདྲ་བ་དེར། རིགས་པས་གནོད་ཅིང་། དེ་ནས་རིགས་པ་གང་གིས་ཀྱང་གྲུབ་མི་བཏུབ་པ། དེ་ནས། ཡུལ་དུས་གྲུབ་མཐའ་སྤྱི་ཚོགས་ག་འདྲའི་དུས་ཡིན་ན། འདུས་བྱས་ཀྱི་དངོས་པོ་ཟེར་རྒྱུ་དེ། མི་རྟག་པ་ངེས་པ་ཅན་དུ་འགྲོ་བ་མ་གཏོགས། ཁོ་རང་རྟག་པ་ཟེར་མཁན་འདྲ། ཁོ་རང་གནའ་སྔ་མོ་རྟག་པ་ཡིན་པ། ད་ལྟ་ཡང་མི་རྟག་པ་འགྱུར་སོང་བ་འདྲ། དེ་འདྲ་རྩ་བ་རྐང་ནས་མ་རེད་བ། དེ་ནས། དེ་མི་རྟག་སྡུག་བསྔལ་སྟོང་བདག་མེད་ཟེར་མཁན་འདྲ། ཆོས་དང་གང་ཟག་གི་བདག་མེད་པ་ཟེར་མཁན་འདྲ། དེ་འདྲ་དེར་རིགས་པས་གྲུབ་ཅིང་དེ་ལས་ཕར་འདའ་ས་མེད་མཁན་ཆགས་བསྡད་པ་དེར་དོན་དམ་གྱི་ཆ་གྱུར་པའི་གྲུབ་མཐའ་དང་། ཆོས་ཉིད་ཀྱི་ཆ་གྱུར་པའི་གྲུབ་མཐའ་ཟེར་བ་རེད། དེ་འདྲ་ཡིན་དུས། ང་ཚོའི་གྲུབ་མཐའ་ཟེར་རྒྱུ་དེ་རིགས་པས་གྲུབ་པའི་བསྟན་དོན་དང་། རིགས་པས་གྲུབ་པའི་བསྟན་དོན་དམ་བཅའ་བའི། དམ་བཅའ་གང་རུང་གིས་བསྡུས་པ་དེར་གྲུབ་མཐའ་མཚན་ཉིད་པའི་ཚད་དེ་ཡིན་ཟེར་དགོས་པ་རེད། དེ་ནས་གྲུབ་མཐའ་བཏགས་པ་བ་དེར། སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྱེ་ན། དཔེར་ན། བདག་རྟག་པ་ཁས་ལེན་མཁན། གཙོ་བོ་རྟག་པ་ཁས་ལེན་མཁན། སྣོད་བཅུད་བྱེད་པ་པོ། དབང་ཕྱུགས་རྟག་པ་ཁས་ལེན་མཁན་འདྲ་འདྲ། དེ་འདྲ་བ་ཁས་ལེན་མཁན་མང་པོ་བྱུང་བར།
ཁས་བླངས་པ་ཁོ་རང་ཚོས་མཐའ་གཅིག་ཏུ། རྟགས་དང་རྒྱུ་མཚན་མ་ངེས་པར་བརྟེན་པ་དང་། རྟགས་དང་རྒྱུ་མཚན་འགལ་བར་བརྟེན་ནས། མཐའ་གཅིག་ཏུ་དེའི་བསྒྲུབ་བྱ་དེར་དམ་བཅའ། མཐའ་གཅིག་ཏུ་བདེན་དོན་དུ་འཛིན་འདུག་པ། དེའི་ཆ་ནས་གྲུབ་མཐའ་ཟེར་བཤད་པ་ཙམ་རེད། རེད་དེ་ཡིན་ན་ཡང་། དེ་གྲུབ་མཐའ་མཚན་ཉིད་པ་འགྲོ་ཐུབ་མ་རེད། སྒྲས་བརྗོད་རིགས་ཀྱི་རིགས་པས་གྲུབ་པའི་རྟེན་འབྲེལ་ལྟ་བུ། རིགས་པས་མ་གྲུབ་པ་རྟག་བརྟན་ཐེར་ཟུག་རང་རྐྱ་ཐུབ་པའི་ཆོས་ཟེར་མཁན་དེ་འདྲའི་ཕྱི་པ་དང་ནང་པའི་གྲུབ་མཐའ་ཟེར་མཁན་འདྲ། སྒྲས་བརྗོད་རིགས་སྒོ་ནས་ཕྱེ་ན། གྲུབ་མཐའ་དེར་དེ་འདྲ་ཕྱེ་ཆོག་རེད། རེད་དེ་ཡིན་ན་ཡང་། གྲུབ་མཐའ་དངོས་བཏགས་ཕྱེ་བའི་དབང་དུ་བྱས་ན། གྲུབ་མཐའ་ཡིན་ན་རིགས་པས་གྲུབ་པའི་ཆོས་ཡིན་པས་ཁྱབ་ཟེར་ནས་ཁས་ལེན་དགོས་རེད་གསུངས། གྲུབ་མཐའ་དེར་ཡང་གྲགས་ལ་ནང་པ་དང་། ཕྱི་པའི་གྲུབ་མཐའ་གཉིས་ལ་སྐད་གྲགས་ཆེ་ཤོས་དང་། གསུང་རབ་ཐམས་ཅད་ཀྱི་ནང་དུ། གླེང་གྲས་ཡོད་རྒྱུ། རྩོད་གྲས་ཡོད་རྒྱུ། བཤད་གྲས་ཡོད་འདུག་པ་ལྟ་བུ་དེ། ཕྱི་པ་དང་། ནང་པའི་གྲུབ་མཐའ་གཉིས་རེད། འོ་ན་ཕྱི་པ་དང་། ནང་པའི་གྲུབ་མཐའ་དེ་དག་གི་ཁྱད་པར་ག་འདྲ་བཞག ནང་པའི་གྲུབ་མཐའི་ཚད་དང་། ཕྱི་པའི་གྲུབ་མཐའི་ཚད་གང་ཡིན་ཟེར་ན། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། ཐེག་པ་ཆེ་ཆུང་སེམས་སྐྱེད་ཁྱད། ཟེར་བ་ལྟ་བུ། སྐྱབས་འགྲོའི་སྒོ་ནས། ཕྱི་པ་དང་། ནང་པའི་གྲུབ་མཐའ་གཉིས་རྣམ་པ་འབྱེད་འགྲོ་རྒྱུ་གཅིག་བྱུང་བ་རེད། ནང་པའི་གྲུབ་མཐའ་སྨྲ་བ་དང་། གྲུབ་མཐའ་ཁས་ལེན་མཁན་དང་། གྲུབ་མཐར་ཞུགས་མཁན་གྱི་གང་ཟག་གི་ཁྱད་པ་དེ་འབྱེད་རེད། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མི་འགྲོ་བ་ཟེར་བ་ལྟ་བུ། དེའི་ཐོག་ལ། དེ་ནས་ཕྱི་པ་དང་། ནང་པ་ཟེར་བ་ལྟ་བུ་ཁྱད་པ་འབྱེད་ཐུབ་མ་རེད། མ་རེད་དེ་ཡིན་ན་ཡང་། དཀོན་མཆོག་གསུམ་མཐར་ཐུག་གི་སྐྱབས་གནས་སུ་ཁས་ལེན་མཁན་གྱི་འགྲོ་བ་དེ། ང་ཚོ་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་དང་། ནང་པ་སངས་རྒྱས་པའི་གྲུབ་མཐར་ཞུགས་པའི་གང་ཟག་དེ་རེད། དཀོན་མཆོག་གསུམ་སྐྱབས་གནས་སུ་ཁས་མི་ལེན་མཁན་དང་། མཐར་ཐུག་གི་སྐྱབས་གནས་སུ་དམ་མི་བཅའ་མཁན་དེ། ཕྱི་པའི་གྲུབ་མཐའ་ལ་ཟེར་རེད། དཀོན་གསུམ་ལ་སྐྱབས་སུ་མི་འགྲོ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་ཁས་མི་ལེན་པ་མ་ཟད། དཀོན་མཆོག་གསུམ་མཐར་ཐུག་གི་སྐྱབས་གནས་དེར་རྒྱབ་ཀྱིས་ཕྱོགས་པའི་ལྟ་གྲུབ་འཛིན་མཁན་དེ་ཕྱི་པའི་གྲུབ་མཐའ་རེད།
ཡིག་འགོད་པ་བདེན་སྲས་སམ་ཡེ་ན་བསྟན་འཛིན་ཆོས་འཕེལ་གྱིས་སྒྲ་འཇུག་ལས་བཤུས་པ་དགེའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*