མཆོད་སྤྲིན་བདེན་པའི་རང་སྒྲ།


༧དཔལ་ལྡན༧ས་སྐྱའི་གདན་ས་མ་དགོན་ཆེན་མོའི་མཁན་ཆེན་འཇམ་དབྱངས་ཀུན་བཟང་རྒྱལ་ མཚན་མཆོག་ལ་མཆོད་སྤྲིན་བདེན་པའི་རང་སྒྲ།

རྩོམ་པ་པོ།—ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས།

བརྩེ་ཆེན་ཀུན་ཁྱབ་ཐུགས་རྗེ་མ་དྲོས་མཚོ་ཆེན་ལས། །
འདོད་འཇོའི་བུམ་བཟང་བྱིན་རླབས་དངོས་གྲུབ་ཀླུང་ཆེན་ལས།།
རང་བྱུང་དྭངས་གཙང་འབབ་པས་རྒུད་པ་ཀུན་ཞི་དཔལ། །
སྟེར་མཛད་འགྲོ་ཀུན་དཔལ་མགོན་༧སྟོན་པས་དགེ་ལེགས་སྩོལ། །
རྨད་བྱུང་ཐུགས་བསྐྱེད་བསོད་ནམས་རི་དབང་སྤོར། །
བསླབ་གསུམ་རྣམ་དག་མཚམས་སྤྲིན་བླ་བྲེས་འཁྱུད། །
བསྟན་འགྲོའི་ཕྲིན་ལས་ཉི་ཟླའི་འོད་སྣང་འབར། །
མཁན་ཆེན་འཇམ་དབྱངས་ཀུན་བཟང་རྒྱལ་མཚན་རྒྱལ།།
ཀུན་སྤྱོད་རིན་ཆེན་གསེར་ནག་རང་གཤིས་ངང་། །
སྐྱེས་ཆེན་དམ་པའི་མཛད་འཕྲིན་ཡོངས་ཁྱབ་དང་། །
འགྲོ་བར་ཕན་ཕྱིར་བསྟན་སྤེལ་དགྱེས་སྟོན་ལ།།
ས་དཀར་གདོང་མཁན་མིང་པས་བསྟོད་ཚིག་བཀུར།།
བཀའ་པོད་དྲུག་གི་ཟབ་གནད་མདུན་རྒྱབ་གྲོལ།།
རྒྱ་བོད་གཞུང་བརྒྱའི་མཁྱེན་རྩལ་རབ་ཏུ་མྱུར།།
མན་ངག་བདུད་རྩིའི་ཐིག་པ་འབུམ་སྡེའི་རྒྱུན།།
སྙིགས་དུས་འགྲོ་བའི་མུན་སེལ་སྒྲོན་མེད་བཞིན།།
དཔལ་ལྡན༧ས་སྐྱའི་གདན་ས་མ་དགོན་དཀྱིལ།།
འཆད་ཉན་སྒོམ་སྒྲུབ་སྲོལ་བཟང་རྒྱ་ཆེར་སྤེལ། །
བརྩེ་ཆེན་མདོ་སྔགས་ཡར་ངོའི་ཟླ་ལྟར་རྒྱས། །
འཁོར་བཞིའི་སློབ་བརྒྱུད་སྐར་ཚོགས་བཞིན་དུ་འཕེལ་། །
ཆོས་དང་འཇིག་རྟེན་གནས་ལུགས་བླང་དོར་གནད།།
ཐབས་ཤེས་ཟུང་འཇུག་གདུལ་བྱའི་འཇུག་སྒོར་ལམ།།
མ་ནོར་དྲི་མེད་ཆོས་མཐུན་གདམས་པར་དང་།།
བསླབ་གསུམ་ཀུན་གཞིའི་རྩ་བ་ལེགས་པར་མཛད།།
མཁས་དང་བཙུན་པའི་འབྱུང་གནས་ས་དགོན་ནས།།
ཕན་བདེའི་དཔལ་གྱུར་བསྟན་འགྲོར་ཉིན་མོ་བྱེད།།
འགྲོ་ཀུན་ཞི་བདེའི་མཉམ་པའི་ཞིང་ས་རུ།།
ཕྱོགས་ཀུན་འགྲིམས་ནས་བསྟན་པའི་རྨང་ནས་གསོས།།
རྒྱ་ཆེ་ལུང་དང་རབ་ཟབ་རྟོགས་པའི་བསྟན། །
བཤད་སྒྲུབ་འཁོར་ལོ་གསུམ་གྱིས་འཛིན་སྐྱོང་སྤེལ། །
སྐྱེ་རྒུའི་ཕན་བདེའི་པད་ཚལ་བཞད་པའི་གཉེན། །
མཁན་ཆེན་དམ་པའི་སྐུ་བསོད་འཛུམ་མདངས་རྒྱས།།
སྐྱབས་གནས་རྩ་བླ་དམ་པའི་བྱིན་མཐུ་དང་།།
གཏུམ་ཆེན་ནག་པོ་ལྷ་བརྒྱད་ཐུན་མོང་སྟོབས།།
མཁན་ཆེན་ཞབས་པད་མི་འཇིགས་གདོང་ལྔའི་ཁྲིར། །
བསྐལ་བརྒྱའི་བར་དུ་གཡོ་མེད་རབ་བརྟན་ཤོག།
ངེས་འབྱུང་བཅོས་མའི་རྫུན་བཟོས་བདེན་འགྱུར་ཁྲོད།།
རང་བྱུང་སྐྲ་ལོ་གཏུབ་པའི་མིང་བྱང་འོག།
རྣམ་རྟོག་འཁོར་བའི་ཚུལ་འཆོས་གདོང་མཁན་པས།།
རྨོངས་པའི་ན་བུན་ཁྲོད་ནས་བསྟོད་པའི་ཕྲེང་།།
མཁན་ཆེན་མཛད་འཕྲིན་རླབས་ཕྲེང་གར་སྟབས་ཀྱིས།།
དད་འདུན་སྤྲོ་བའི་ཟིལ་མ་སེམས་སུ་ལྷུང་།།
གདུང་ཚོར་བཤེས་གཉེན་དམ་པའི་མཛད་སྤྱོད་ལ།།
ཡུལ་གྱར་ས་དཀར་གདོང་མཁན་མགྲིན་ནས་ཐལ།།
ཞེས་མཁན་ཆེན་མཆོག་ལ་བསྟོད་ཚིག་འདི་ཆོས་གྲོགས་སམ་དྲ་གྲོགས་ས་ངུར་སྨྲིག་པས་རེ་བསྐུལ་བཞིན་ཡུལ་གྱར་བ་དཔལ་ལྡན་ས་སྐྱ་པའི་སྤྱི་འཐུས་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་བོད་ཟླ་བཞི་པའི་ཚེས་བཅུ་བདུན་རེས་གཟའ་ལྷག་པ་ཉིན་གུས་འདུད་དང་བཅས་སྦྱར། ༢༠༡༦/༦/༢༢

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*